སྲོང་བཙན་སྒམ་པོའི་དགུང་བློན་ཆེ་བཞི་བརྗོད་པ།

སྲོང་བཙན་སྒམ་པོའི་དགུང་བློན་ཆེ་བཞི་བརྗོད་པ།

དགུང་བློན་ནི།   སྲོང་བཙན་སྒམ་པོའི་སྐབས་སུ་དགུང་བློན་ཆེ་བཞིའམ་མེད་ཐབས་མེད་པའི་བློན་ཆེན་བཞི་ནི།མགར་སྟོང་བཙན།  ཐོན་མི་སམ་བྷོ་ཊ།  འབྲི་སེ་རི་གུང་ཐུན།  སྙགས་ཁྲི་བཟང་ཡང་སྟོན་བཅས་ཡིན།

ཐུ་མི་སམ་བྷོ་ཊ།

བོད་ཀྱི་བརྡ་སྤྲོད་རིག་པའི་གཞུང་ཐོག་མར་རྩོམ་པ་པོ་ཐུ་མི་སམ་བྷོ་ཊ་ནི།  ས་སྟག་སྤྱི་ལོ་༦༡༨ལོར་བོད་ཡུལ་གཡོར་བོ་ཡུལ་དགུའི་ནང་ཚན་གཉན་གྱི་གྲོང་དུ་བློན་ཆེན་པོ་ཐོན་མི་ཨ་ནུའི་སྲས་སུ་འཁྲུངས།  ཆུང་དུས་ནས་བློ་རིག་བཀྲ་བས་སློབ་གཉེར་ལ་མཁས་པ་ཆགས།  དགུང་ལོ་བཅུ་དྲུག་ཆུ་སྦྲུལ་སྤྱི་ལོ༦༣༣ལོར་ཆོས་རྒྱལ་སྲོང་བཙན་སྒམ་པོས་ཐོན་མི་སམ་བྷོ་ཊས་གཙོས་པའི་བློ་རིག་བཀྲ་བའི་གཞོན་ནུ་བཅུ་དྲུག་རྒྱ་གར་ལ་སློབ་སྦྱོང་དུ་མངགས།ལ་ལ་ལམ་དུ་དཀའ་ངལ་མ་གཟོད་པར་ཕྱིར་ལོག  འགའ་ཞིག་རྒྱ་གར་དུ་སླེབས་ཀྱང་ཚད་པའི་ནད་ཀྱིས་འཆི།  ཐུ་མི་སམ་བྷོ་ཊ་ཉིད་རྒྱ་གར་དུ་ལོ་བདུན་བཞུགས་ནས་པཎྟི་ཏ་ལྷ་རིག་པའི་སེང་གེ་དང་ བྲམ་ཟི་ལི་བི་ཀ་ར་རྣམ་གཉིས་ལས་རྒྱ་གར་གྱི་སྐད་ཡིག་བསླབས།  ཕལ་ཆེར་ལྕགས་བྱི་སྤྱི་ལོ་༦༤༠ལོ་ཙམ་ན་སྒྲ་རིག་པའི་རྒྱ་དཔེའི་གཞུང་རྣམས་དང་།འདུས་པ་རིན་པོ་ཆེའི་ཏོག་མདོ་ཟ་མ་ཏོག་བཀོད་པ། སྤྱན་རས་གཟིགས་ཀྱི་མདོ་རྒྱུད་ཉེར་གཅིག་སོགས་ནང་ཆོས་ཀྱི་རྒྱ་གཞུང་འགའ་ཞིག་ཁྱེར་ནས་ཕྱིར་བོད་དུ་ཕེབས།  དེའི་ཕྱི་ལོར་ལྷ་སའི་སྐུ་མཁར་མ་རུ་ཞེས་བྱ་བ་ད་ལྟའི་ཕ་བོང་ཁ་འདིར་བཞུགས་གནས་བཅས་ཏེ་རྒྱ་གཞུང་རྣམས་བོད་ཡིག་ཏུ་བསྒྱུར་པ་དང་།  བོད་ཀྱི་རྒྱལ་པོ་དང་། བློན་ཆེན་འགའ་ཞིག་ལ་ལེགས་སྦྱར་གྱི་སྐད་ཡིག་སློབ་ཁྲིད་གནང་བར་གསལ།  དེ་ནས་བཟུང་བོད་འདིར་ནང་པ་སངས་རྒྱས་པའི་ཆོས་ལུགས་དང་རིག་གཞུང་རྣམས་བོད་ལ་དར་བའི་འགོ་ཚུགས།  འོན་ཀྱང་ཆོས་རྒྱལ་སྲོང་བཙན་སྒམ་པོ་འདས་རྗེས་ཀྱི་ཐོན་མི་སམ་བྷོ་ཊའི་མཛད་རྗེས་དང་།བོད་ཀྱི་རྒྱལ་པོ་མང་སྲོང་མང་བཙན་གྱི་སྐབས་སུ་ཐོན་མའི་མཛད་འཕྲིན་གང་དང་།  དུས་ནམ་ཙམ་ཞིག་ན་སྐུ་གཤེགས་པ་སོགས་ཀྱི་ལོ་རྒྱུས་ད་བར་མ་རྙེད།

མགར་སྟོང་བཙན།

 

བོད་རྒྱལ་སྲོང་བཙན་སྒམ་པོ་དང་དགུང་མཉམ་ཙམ་གྱི་བློན་ཆེན་ལིག་ཡིན་ཞིང་། སྤྱི་ལོ༦༣༤ལོར་ཐང་བོད་འབྲེལ་བའི་ཕོ་ཉ་གཙོ་བོ་དང་།  དེ་ནས་ཐང་བོད་དམག་འཁྲུག་གི་རུ་འདྲེན་པ་གཙོ་བོ།   སྤྱི་ལོ་༦༤༠ལོར་བོད་ཀྱི་ཁྲིམས་བཅས་པའི་སྐབས་བོད་ཡུལ་དབུས་ཀྱི་ཁོད་དཔོན་དང་།  སླར་ཡང་བོད་གཉེན་འབྲེལ་གྱི་ཀོང་ཇོ་བོད་དུ་གདན་དྲངས་མཁན་བཅས་ཀྱི་བློན་ཆེན་གཙོ་བོ་ཞིག་ཡིན།  སྤྱི་ལོ༦༥༠ལོར་སྲོང་བཙན་སྐུ་གཤེགས་པའི་རྗེས།  དབོན་སྲས་མང་སྲོང་མང་བཙན་གྱི་བློན་པོ་བྱས། ས་ལུག་སྤྱི་ལོ་༦༥༩ལོར་བཙན་པོ་མང་སྲོང་མང་བཙན་སྦྲགས་ཀྱི་ཤར་ན་བཞུགས་སྐབས།  བློན་ཆེན་མགར་སྟོང་བཙན་གྱིས་བོད་དམག་ཆིག་སྟོང་ཙམ་ཁྲིད་ནས་འ་ཞའི་ཡུལ་དུ་བྱོན།དེང་སང་ཨ་མདོ་རྡོ་སྦིས་ཀྱི་སྟོང་རུ་མཚོ་ནག་ཏུ་གྲགས་པའི་ཡུལ་དེར་དམག་འཁྲུག་བྱས་པས།  བོད་དམག་ཆིག་སྟོང་གིས་ཐང་དམག་བརྒྱད་ཁྲི་ཕམ་དུ་བཅུག་སྟེ་རྒྱལ་ཁ་ཐོབ།   ཆུ་ཁྱི་སྤྱི་ལོ་༦༦༢ལོར་བློན་པོ་མགར་སྟོང་བཙན་གྱིས་གྲུ་གུའི་ཡུལ་དུ་དམག་དྲངས།  མེ་ཡོས་སྤྱི་ལོ་༦༦༧ལོར་བཙན་པོ་འོར་མང་དུ་སྐུ་གཤེགས།བློན་པོ་མགར་སྟོང་བཙན་འབྲས་ནད་ཀྱིས་འདས།

 

འབྲི་སེ་རི་གོང་ཐུན།

ཆོས་རྒྱལ་སྲོང་བཙན་སྒམ་པོའི་མེད་ཐབས་མེད་པའི་བློན་ཆེན་བཞིའི་ཡ་གྱལ་ཞིག་ཡིན།  རྒྱ་བཟའ་ཀོང་ཇོ་བོད་དུ་དྲངས་པའི་སྐབས་མགར་སྟོང་བཙན་དང་མཉམ་དུ་ཡོད་ཅིང་དེབ་ཐར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་ལྟར་ན་འབྲི་སེ་རི་གུང་ཐུན་གྱིས་རྒྱ་བཟའ་གདན་དྲངས་ཏེ།  བློན་པོ་མགར་རེ་ཞིག་རྒྱ་ཡུལ་དུ་བཞུགས་པར་བཤད་པ་ཙམ་ལས་ལོ་རྒྱུས་ཞིབ་ཆ་མ་རྙེད།

 

སྙགས་ཁྲི་བཟང་ཡང་སྟོན།

སྤྱི་ལོ༼༦༢༩–༦༥༠བར༽སྲོང་བཙན་སྒམ་པོའི་སྐབས་ཀྱི་བློན་ཆེན་ཞིག་འཕྲུལ་བློན་མཛངས་མི་བདུན་གྱི་ལྔ་པ།  བོད་ཀྱི་ལོ་རྒྱུས་ཡིག་ཚང་ནང་།   འདི་ཉིད་ཀྱིས་མཛངས་པའི་ལས་སུ་རི་ཁྱིམ་ཀླུངས་སུ་ཕབ། སྤོ་མཐོ་མཁར་དུ་བརྩིགས་ནས་གྲོང་ཁྱེར་བཅོས། འདི་ཡན་བོད་ཀྱི་ཁང་ཁྱིམ་རི་ལ་ཡོད། དེའི་ཕྱིར་བོད་ཀྱི་མཛངས་མི་ལྔ་བ་ཡིན།ཞེས་གསལ་བར་བློན་པོ་འདི་ཡིས་རི་མགོའི་ཁང་ཁྱིམ་རྣམས་ཀླུང་ཐང་དུ་ཕབ་ནས་གྲོང་སྡེ་བཅོས། སྐབས་དེ་དུས་བོད་འདིར་གྲོང་ཁྱེར་གྱི་རྣམ་པ་གསར་དུ་བྱུང་།

ནང་བློན་ནི། སྲོང་བཙན་སྒམ་པོའི་སྐུ་དུས་སུ་ནང་བློན་ཆེན་པོ་དྲུག་ཡོད་པ་ནི།  འཕྲུལ་གྱི་སྣ་ཆེན་རིགས་བཟང་།  ཞང་པོ་རྒྱལ་གྱི་ཁྲོམ་བཟང་།  ཅོག་རོ་རིག་པའི་སྐད་བཟང་།  ལྷ་གཟིགས་ཤག་པོ་བརྟན་བཟང་།  སྐ་ཡི་གཉག་སྟོད་འཕེལ་བཟང་།  སྦས་ཅང་དཔལ་གྱིས་ལེགས་བཟང་བཅས་ནང་བློན་བཟང་པོ་དྲུག་ཡོད། ནང་བློན་གྱི་ལས་འགན་ནི།བང་མཛོད་བསོག་སྲུང་། འབངས་ཀྱི་འཚོ་ཚིས་ལ་ལྟ་སྐྱོང་བྱ་དགོས་པའོ། །

 

ཡོང་ཁུངས། ཕུན་ཚོགས་སྡེ་བཞིའི་རྩོམ་སྟེགས། 

བརྒྱུད་སྐུལ།

མཆན་སྤེལ།