སློབ་གཉེར་དང་འབྲེལ་བའི་དྲི་བ་ལྔའི་དྲིས་ལན།

སློབ་གཉེར་དང་འབྲེལ་བའི་དྲི་བ་ལྔའི་དྲིས་ལན།

དྲི་བ་འབུལ་མཁན།    འཕྲིན་ལས་འོད་སྣང་རྩོམ་སྒྲིག་པ། དྲིས་ལན་གནང་མཁན། ར་སེ་དཀོན་མཆོག་རྒྱ་མཚོ་ལགས།

 

༡   ཇི་ལྟར་བྱས་ན་ད་གཟོད་མཁས་པའི་གོ་འཕང་ལ་སྙེག་ཐུབ།

 

ལན་དུ་ནི། དྲི་བ་འདི་དག་ལས་གང་རུང་ཞིག་གི་དོན་གསལ་འགྲེལ་བྱ་ཡང་ཆོག་གསུང་གི་འདུག་སྟེ། འདིར་དཀྱུས་གཅིག་ཏུ་ལན་གྱི་ཚུལ་དུ་བསམ་ཚུལ་བཤད་པར་འདོད་ལ། བཀའ་བརྒྱུད་གོང་མ་སོགས་ཀྱིས་ཉམས་མྱོང་གི་སྒོ་ནས་ལན་འདེབས་པ་དང་། རིགས་པ་སྨྲ་བ་སོགས་ཀྱིས་གོ་བ་ལེན་ཚུལ་གྱི་སྒོ་ནས་ལན་གདབ་སྲོལ་ཡོད་པ་ཡིན་ནའང་། ང་ལ་མཚོན་ན་དེ་གཉིས་གང་ཡང་མི་ལྡན་པས་དེ་ལུགས་ཀྱི་ལན་ག་ལ་འདེབས་ཤེས།  སྤྱིར་ན་མཁས་པ་ནི་གང་ལ་གོམས་པའམ་བྱང་ཆ་ལྡན་པ་ལ་འཇུག་པས་ན། དམངས་ཁྲོད་ནའང་། ཁ་མཁས་པ། སྐད་ཆ་ཤོད་མཁས་པ། ལག་ལས་མཁས་པ། འགྲོ་མཁས་སྡོད་མཁས་ཟ་མཁས་འཐུང་མཁས་སོགས་ཀྱི་ཐ་སྙད་འཇུག་ཚུལ་ལས་ཤེས་ཐུབ་པ་ཡིན་ལ། བྱེ་བྲག་ཏུ་མཁས་པའི་གོ་འཕང་ཞེས་པ་ནི་མཁས་པ་ཚད་ལྡན་གྱི་གནས་བབས་ཡིན་པས། དེ་ནི་ལས་སླ་པོས་ཐོབ་པ་ཞིག་ནི་མི་འོང་བས་ན།

ལོ་རྒྱུས་ཐོག་བྱོན་པའི་མཁས་པའི་གྲགས་པ་འབར་བ་ནི་དེ་ཙམ་མང་པོ་མེད་པས་ཤེས་ཐུབ་ལ། ལྷག་པར་དུ་དེང་དུས་ནི་སྲོལ་རྒྱུན་རིག་གནས་དང་། དེང་རབས་གསར་དར་རིག་གནས་གཉིས་ཀྱི་ཐད་ལ་མཁས་པར་འགྱུར་དགོས་ན། མཁས་པ་ཙམ་ནི་སླ་ནའང་མཁས་པའི་གོ་འཕང་དེ་ནི་སྔར་སྲོལ་ལ་བཅུ་ཕྲག་རིག་པ་དང་། དེང་རབས་ལ་བརྒྱ་ཕྲག་རིག་པ་ཡོད་པས། མཐའ་དག་རགས་རིམ་ཙམ་ཤེས་པ་ལ་མཁས་པའི་དབང་པོར་མི་འོངས་ཏེ། གང་ལ་ཡང་ཞིབ་ཆ་ལྡན་པའི་རང་རྟོགས་ཀྱི་ནུས་པ་མི་ལྡན་པས། ད་བར་བོད་འདིར་རགས་རིམ་ཤེས་པ་མང་ནའང་། མཐའ་ཆོད་པའི་རིགས་གཅིག་རྐང་འཛིན་མེད་པའང་གནད་འདིར་ཐུག་ཡོད། གཅིག་ན་ཐབས་ལ་མི་མཁས་པ་དང་། གཉིས་ན་དམིགས་ཡུལ་ཁ་གསལ་མེད་པའི་སྐྱོན་ཆ་ཡིན། རིག་གནས་སྣ་གཅིག་གི་ཐད་ལ་མི་ཚེར་འབད་བརྩོན་བྱ་རྒྱུའི་འདུན་པ་དང་དམིགས་ཡུལ་དུ་བཟུང་ནས། དེའི་ཐད་ལ་ཕྱོགས་གང་ཅིར་འབད་པ་ལྷུར་ལེན་གྱིས་སྔར་ཡོད་ཀུན་བློར་ཆུབ་པ་དང་། དེའི་ཐོག་རང་གི་བསམ་བློ་དང་གསར་རྟོགས་ཀྱི་འབྲས་བུ་སྨིན་ཐུབ་པས་ན། རིགས་གཅིག་རྐང་འཛིན་ནམ་རིགས་གཅིག་ཆེད་ལས་ཀྱི་ལམ་བུར་འཇུག་རྒྱུ་དེ་ནི་མཁས་པའི་གོ་འཕང་ཐོབ་པའི་འགན་ལེན་དངོས་རེད། ད་ལྟ་འཛམ་གླིང་ན་གྲགས་པའི་ནུབ་ཕྱོགས་པ་དེ་ཚོ་སྣ་རེ་རེ་ལ་མགོ་མཇུག་ཚང་བར་མཁས་པར་གྱུར་པ་ཤ་སྟག་རེད། 

 

༢  སྐྱེས་བུ་རླབས་ཆེན་ཞིག་ཏུ་འགྱུར་བར་ལམ་བུ་གང་ཞིག་བརྒྱུད་དགོས་སམ།

 

ལན་དུ་ནི། སྐྱེས་བུ་ནི་མི་ཡི་མཆོག་སྟེ་ཀུན་གྱིས་གཙུག་ཏུ་བཀུར་བའི་རིགས་ལ་འཇུག་ཅིང་རླབས་ཆེན་ཞེས་པའང་། དཔེར་ན་ཡི་གེའི་སྲོལ་བཏོད་པ་ལྟ་བུ་གང་གི་བྱ་གཞག་གིས་སྐབས་དེ་ཙམ་མ་ཟད་མི་རབས་མང་པོར་ཕན་པའི་གསར་བཏོད་རང་བཞིན་ཅན་གྱི་མཛད་རྗེས་ཡོད་པ་ལ་ཟེར་བ་ཡིན་འདུག བོད་ཡུལ་ལ་དུས་ཕྱིས་སྤྲུལ་སྐུ་ཞེས་པ་ངོས་འཛིན་གྱིས་མི་བུ་རྣམ་རིག་དྭངས་པ་ཞིག་ལ་བླ་མ་གོང་མའི་མཚན་དེ་བཏགས་ཏེ། དེ་ཉིད་དེ་མ་ཐག་སྐྱེས་བུ་རླབས་ཆེན་དུ་བསྒྱུར་བ་དང་། དེ་ལ་མི་ཚང་མས་སྐྱེས་བུ་རླབས་ཆེན་དུ་བཀུར་བར་བྱེད་ཅིང་། དེར་བརྟེན་འགའ་ཞིག་གིས་བྱ་བ་རླབས་ཆེན་འདྲ་བསྒྲུབ་པ་ལ་གོ་གི་ཡོད་ནའང་། གོ་ལ་སྤྱིའི་ལུགས་ལ་སྐྱེས་བུ་རླབས་ཆེན་ནི་དེ་ལྟ་བུ་དད་པའི་ངོས་ནས་གྲུབ་པ་ཞིག་མ་ཡིན་པར། སོ་སོ་སྐྱེ་བོ་རང་གི་ནུས་པ་དང་རྣམ་དཔྱོད་ལ་བརྟེན་ནས་དངོས་ཐོག་བདེན་འཚོལ་གྱི་སྒོ་ནས་སྤྱི་ཚོགས། མི་རིགས། རྒྱལ་ཁབ་བཅས་ལ་གཞན་དྲིང་མི་འཇོག་པའི་བྱས་རྗེས་བཞག་པ་དང་། མཛད་རྗེས་ཀྱང་ནམ་ཡང་གོང་བཀུར་བྱེད་པ་དེ་འདྲ་སྟེ། དཔེར་ན་ཡ་ཐོག་གི་བོད་ཁམས་སིལ་བུ་གཅིག་གྱུར་བཟོ་མཁན་ལྡེ་གཉའ་ཁྲི་བཙན་པོའམ། བོད་ཁམས་ཧྲིལ་པོ་གཅིག་གྱུར་གྱིས་སྤུ་རྒྱལ་བཙན་པོའི་རྒྱལ་ཁབ་འཛུགས་མཁན་བཙན་པོ་ཁྲི་སྲོང་བཙན་སྒམ་པོ་ལྟ་བུ་ཡིན། 

དེ་བཞིན་རིག་གནས་ཀུན་གྱི་སྲོལ་བཏོད་པའི་མཛངས་མི་རྣམས་ཡིན་པས། རང་རེ་རྣམས་དེ་ལྟ་བུར་འགྱུར་བར་འདོད་ན། དེར་བགྲོད་པའི་ལམ་བུ་དེ་ནི་དཀའ་ངལ་ཁྱད་བསད་དང་། འགོག་རྐྱེན་མཐའ་དག་ལ་གདོང་ལེན། ལན་བརྒྱར་ཕམ་ཡང་དཔའ་མི་ཞུམ་པ། རང་གིས་རང་ལ་ཡིད་རྟོན་པ། སྔོན་བྱོན་ལེགས་གྲུབ་ཀྱི་མི་སྣ་དག་མིག་དཔེར་གཟུང་རྒྱུ་དང་། དམིགས་ཡུལ་མ་གྲུབ་བར་ཕྱིར་བཤོལ་རྩ་བ་ནས་མི་བྱེད་པའི་བློ་རྩ་བརྟན་པོ་དེ་ཡིན་འདུག ལེགས་གྲུབ་ཅེས་པའི་དཔེ་ཚོགས་དེ་ནི་ཉེ་རབས་ཀྱི་སྲིད་འབྱོར་རིག་གསུམ་ཐད་ལ་ལེགས་གྲུབ་བྱུང་བའི་མི་སྣའི་དངོས་བྱུང་ལོ་རྒྱུས་ཡིན་པས། ཁོང་ཚོས་དཀའ་ངལ་མང་པོར་གདོང་ལེན་བྱས་པ་ལས་བྱུང་བ་ཤ་སྟག་རེད་མ་གཏོགས། ཁང་པའི་ནང་དུ་སྨོན་ལམ་བཏབ་ནས་སེམས་བསྐྱེད་བསྒོམ་པ་ལས་བྱུང་བ་གཅིག་ཀྱང་མེད། དེང་རབས་ལྟར་ན་འགྲན་རྩོད་ཀྱི་ནང་ནས་མི་ཕམ་པར་སྔོན་དུ་འགྲོ་བའི་ཐབས་ཤེས་ལ་མཁས་ཤིང་སྙིང་སྟོབས་ཆེན་པོ་ཡོད་དགོས་པས་མཚོན་ཡོད། 

 

༣   སློབ་གཉེར་པ་ཞིག་ལ་མཚོན་ན་ལམ་བུ་གང་ཞིག་བརྒྱུད་ན་ད་གཟོད་རླབས་ཆེན་གྱི་སྐྱེས་བུ་ཞིག་ཏུ་འགྱུར་ནུས།

 

ལན་དུ་ནི། སློབ་གཉེར་བ་ནི་རིག་གནས་ལ་སྦྱངས་དང་སྦྱོང་བཞིན་པ་ཞིག་ཡིན་པས། སློབ་གཉེར་དེ་ནི་ལུགས་སྲོལ་ཙམ་དང་འཚོ་བ་འཁྱོལ་ཐབས་ཙམ་ལ་དམིགས་ཡུལ་དང་ཕུགས་བསམ་བྱས་ན་དེ་ནི་ཕལ་མོ་ཆེའི་བསམ་འདུན་ཡིན་ཏེ། ཕོ་རྒོད་པ་ལས་གཉིད་སྐྱིད་པ་དགའ་ཞེས་པ་དེ་ཀ་ཡིན། ཉེ་རབས་དང་དེང་དུས་སློབ་གཉེར་བ་ཚོས་སློབ་གྲྭའི་ནང་ནས་མཐར་ཕྱིན་དུས་རྒྱལ་ཁབ་དང་མི་རིགས་ལ་ལེགས་སྐྱེས་འབུལ་རྒྱུའི་དམ་བཅའ་བཞག་ནའང་། ལས་ཀ་ཞིག་རག་ནས་རང་དོན་མ་གཏོགས་དེ་དག་འཇའ་ལྟར་ཡལ་འགྲོ་བ་མང་། རང་ཉིད་ཀྱིས་ཕ་ཡུལ་དང་མི་རིགས། སྤྱི་ཚོགས་ལ་ལེགས་སྐྱེས་འབུལ་བའི་མི་བུ་ཞིག་བྱ་འདོད་ན། འདོད་པ་ཙམ་གྱིས་མི་ཕན་པར་དེའི་རྒྱུ་བསྒྲུབ་དགོས་ཤིང་། འགལ་རྐྱེན་སྤོང་ཐབས་ལ་མཁས་པ་དང་། མཐུན་རྐྱེན་སྒྲུབ་ཐབས་ལ་མཁས་པར་ཡོད་དགོས་པ་ནི་རྩ་བའི་འགན་ལེན་ཡིན་འདུག་པས།  སྔོན་རབས་ཀྱི་ལོ་རྒྱུས་བསླབ་བྱར་བླངས་ནས་མདུན་དུ་བསྙེག་རྒྱུ་དེ་ཡིན་པས། རྗེ་མར་པས། བཀའ་དྲིན་ཅན་གོང་མའི་རྣམ་ཐར་དེ།། བསམ་ན་གདམས་ངག་དེ་ཉིད་རང་།།ཞེས་གསུངས་པ་འདི་ཀ་ཡིན། ནང་ཆོས་ཀྱི་དལ་འབྱོར་རྙེད་དཀའི་ལྟ་བ་དང་། དེང་གི་མི་ཚེའི་རིན་ཐང་གི་ལྟ་བར་གོ་བ་ཡག་པོ་བླངས་ཏེ། ལུས་རྟེན་འདིས་གཞན་གྱིས་མ་དྲན་པའམ་མ་བརྩམས་པ། མ་བསྒྲུབས་པའི་བྱ་བའམ། བརྩམས་ཤིང་བསྒྲུབས་ཀྱང་ལེགས་གྲུབ་མ་བྱུང་བའི་མཇུག་སྐྱོང་བའི་སྙིང་སྟོབས་ལ་རག་ལས་ཡོད། དེང་གི་སྲིད་འབྱོར་རིག་གསུམ་མམ། དེང་གི་ཚན་རིག་ལག་རྩལ་ངོ་མཚར་བ་སོགས་མིག་གིས་ལོངས་སྤྱོད་པའི་གསར་བཏོད་བྱུང་བའི་རིགས་ཀྱི་གསར་བཏོད་པ་ཀུན་སྔ་མའི་སྙིང་སྟོབས་ལ་བརྟེན་ནས་བྱུང་འདུག་པས་ཤེས་པ་ཡིན། དགོན་པའི་ནང་དུ་ཞུགས་པ་ལའང་མི་ཚེའི་དམིགས་ཡུལ་དང་དམིགས་ཚད་གང་ཡང་མེད་པ་འདི་ནི་ཉམ་རྒུད་ཀྱི་རྩ་བ་རེད། ཆགས་ན་བླ་མའི་གསོལ་ཞོ།། མ་ཆགས་དཔོན་པོའི་དར་ར།། ཟེར་བ་བཞིན་དུ་འཚོ་བ་འཁྱོལ་ཐབས་དང་། དཔལ་འབྱོར་ཙམ་ལ་དམིགས་པས། ཡོད་ཚད་དེའི་ཆེད་དུ་བྱེད་སྒོ་ཅི་རིགས་གཉེར་བ་ལས། མི་སྣ་གསོ་སྐྱོང་གི་རྩ་དོན་ལ་རང་གཞན་གཉིས་ཀས་དོ་ཁུར་མེད་པ་འདི་ཡིན་པས། དོན་དམ་དུ་གྲྭ་བཙུན་མང་པོ་མི་ཚེ་སྙིང་པོ་མེད་པ་བཟོས་ཡོད་པ་ཡིན་ནོ།།

 

༤   ད་ལྟའི་དགོན་སྡེའི་སློབ་གཉེར་བ་དག་གིས་སློབ་གཉེར་བྱེད་སྟངས་ལ་ཞན་ཆ་གང་དག་ཡོད་དམ།

 

ལན་དུ་ནི། ད་ལྟའི་དགོན་སྡེ་ཞེས་ཐོགས་པའི་ཆེ་ཕྲ་ཀུན་ལ་སློབ་གཉེར་ཡོད་དམ་མེད་ཟེར་ན་ཡོད་པ་རེད། ཆོས་སྤྱོད་ཁག་བློར་འཛིན་ལུགས། ཆོ་ག་ཁག་འདོན་ལུགས། གཏོར་མ་བཅའ་ལུགས། རོལ་མོ་འབུད་བརྡུང་དཀྲོལ་ལུགས། གར་ཐིག་དབྱངས་དང་། གྲོང་ཆོག་འགྲོ་ལུགས། གཏོ་རྣམས་བཅའ་ཞིང་གྱེར་ལུགས། རྔ་སྦུབ་དང་ཌར་དྲིལ་དཀྲོལ་ལུགས་སོགས་སློབ་གཉེར་བྱ་གི་ཡོད། དེ་ལ་ཞན་ཆ་ནི་དགོན་པར་ཞུགས་མ་ཐག་དེ་དག་འདོན་ལུགས། ཚོགས་འཚོགས་ལུགས། ཇ་བླུགས་ལུགས། གུས་ཞབས་ཞུ་ལུགས་སོགས་བསླབ་བྱ་ནན་པོ་ཡོད་པ་ལས། དཀོན་མཆོག་གསུམ་གང་ཡིན་ངོ་སྤྲོད་བྱ་སྲོལ་མེད་ལ། སྡོམ་པ་ཁག་གནང་ནའང་བླང་བྱ་གང་ཡིན་དང་དེའི་དགོས་པ། འདོར་བྱ་གང་ཡིན་དང་དེའི་དགོས་པ་སོགས་སློབ་སྲོལ་མེད་ལ། ཆོ་ག་ཆོས་སྤྱོད་སོགས་ཚེས་བཅུ་ཉ་སྟོང་སོགས་སུ་འདོན་ནའང་ཚིག་ཁྲིད་གང་ཡང་མེད་པས་ནེ་ཙོའི་འདོན་པ་ཙམ་གྱིས་ངང་དུ་མི་ཚེ་ཟད་བཅུག་པ་ནི་ཞན་ཆ་ཆེན་པོ་ཡིན། 

བཤད་གྲྭ་ཡོད་པ་ནི་མེད་པ་དང་བསྡུར་ན་ཧ་ཅང་ལེགས་པ་སྨོས་ཅི་དགོས་ཏེ། དེ་ལ་ཡང་ཞན་ཆ་མེད་པ་མིན་ཏེ། ལོ་ངོ་བཅུ་ཕྲག་བཤད་གྲྭར་བསྡད་ཀྱང་ད་དུང་གཞུང་གཅིག་ལ་འང་མཐའ་མ་ཆོད་པ་ཅི་ཙམ་ཡོད། རྒྱུ་མཚན་གཅིག་ནི་དེ་དག་བརྡ་སྤྲོད་གཞུང་ལ་མ་བྱང་བའི་སྐྱོན་ཡིན་ཏེ། སྔར་སྲོལ་བཞིན་ཡི་གེ་ཤེས་པ་ཙམ་ལ་མདོ་སྔགས་ཀྱི་གཞུང་ཆེན་པོ་འཁྲིད་པ་དེ་ཡིན་ལ། དེ་ནི་རྨང་གཞི་མ་བཏིང་པའི་ཁང་ཆེན་བརྩེགས་པའམ། ཕྲུ་གུ་ལ་མི་རྒན་གྱི་ཁུར་པོ་འཁུར་བཅུག་པ་བཞིན་དུ་བརྡ་སྤྲོད་གཞུང་ལེགས་པར་མ་བསླབས་པས་གཞུང་ཆེན་པོའི་དོན་དཔྱིས་ཕྱིན་པ་ཞིག་ག་ལ་འོང་སྟེ། ཚིག་སོ་སོའི་སྤོབས་པ་མེད་ན་དོན་སོ་སོའི་སྤོབས་པ་མི་རྙེད་པའང་ཆོས་ཉིད་ཡིན་པས། སློབ་མ་མང་པོའི་ནང་མཐར་ཕྱིན་པ་ཧ་ཅང་ཉུང་བ་འདི་ཡིན། གཉིས་ན་ཁྲིད་ལུགས་རྙིང་པ་དེ་ཀ་ཡིན་པས། དེ་ལ་ལེགས་ཆ་མང་པོ་ཡོད་ཀྱང་དེང་རབས་ལུགས་ཀྱི་སློབ་ཁྲིད་ལེགས་ཆ་བླངས་ཡོད་ན། དགེ་སློབ་གཉིས་ཀར་སྟབས་བདེ་དང་། གོ་བ་ལེན་ལུགས་ཚོད་རྒྱུགས། དཔྱད་རྩོམ་རིགས་ཀྱི་ཤེས་བྱ།  སློབ་རིགས་གཞན་དང་བགྲོ་གླེང་བྱ་ཐབས་སོགས་ལའང་ཧ་ཅང་སྟབས་བདེ་ལ། མི་རིགས་གཞན་ལ་སློབ་སྟབས་བདེ་བ་སོགས་ཀྱི་ཁྱད་ཆོས་རྣམས་ཡོད་དགོས་ཀྱང་དང་ལེན་བྱས་མེད་པ་དང་། དེང་རབས་ལུགས་ཀྱི་ཞིབ་འཇུག་རིག་པ་དང་ལེན་བྱས་མེད་ལ། ཕྱི་རོལ་པའི་གཞུང་ལུགས་དངོས་དང་མཚན་ཉིད་རིག་པའི་ལྟ་གྲུབ་ལ་བལྟ་སྲོལ་མེད་པས། གོ་ལ་ཡོངས་གྲགས་ཀྱི་རིག་པར་གཤིབ་བསྡུར་ལ་ཐག་རིང་པོར་ལུས་ཡོད། 

 

༥   གྲྭ་བཙུན་སློབ་གཉེར་བ་མང་ཤོས་གཞུང་ལུགས་ལ་བྱང་ཆ་ཆེ་ཡང་བསམ་བློའི་གོ་རྟོགས་དམན་པའི་རྒྱུ་མཚན་གང་ཡིན།  

 

ལན་དུ་ནི། གཅིག་ནི་དམིགས་ཡུལ་ཁ་གསལ་མེད་པས་ལན་པ་སྟེ། གྲྭ་བཙུན་སློབ་གཉེར་བས་བཀའ་པོད་ལྔའམ་དྲུག་སོགས་མདོ་ལུགས་སོགས་ལོ་ངོ་མང་པོ་སྦྱངས་ནས་མཁས་པའི་མིང་བྱང་ལོན་ནའང་། དེའི་དོན་དམ་རང་རྒྱུད་ལ་འགེལ་བའམ་འདྲེས་པའི་ཉམས་ལེན་བྱ་རྒྱུའི་རེ་བ་མེད་པ་ཡིན། སྔོན་དུས་མཚན་ཉིད་པ་ལ་ཡང་བཤད་སྒྲུབ་གཉིས་ཀ་ཡོད་ཅིང་། དབུ་ཕར་སོགས་གཞུང་ལུགས་སྦྱངས་ཏེ་དེའི་དོན་བསྒོམ་རིམ་ལ་བརྟེན་ནས་སྒྲུབ་པ་བྱེད་པས་ན། དབུ་ཕར་གྱི་སྒོམ་རིམ་བསྟན་འགྱུར་ནང་ཡོད་པ་འདི་ཡིན་ནའང་། ཕྱིས་སུ་བསྡུས་ཚད་ཀྱི་རིགས་པས་བདར་ཤ་བཅད་པའི་ཕྱོགས་ཁོ་ནར་ལྷུང་སྟེ། སྒོམ་རིམ་ནུབ་ཟིན་པས་ཁ་བཤད་མཁན་དུ་སོང་བས་ཡིན། གཉིས་ན་གཞུང་ལུགས་དང་ལག་ལེན་ཡོངས་སུ་ཁ་བྲལ་བའི་སྐྱོན་ཡིན་ཏེ། མདོ་དང་སྔགས་ཀྱི་གཞུང་ལུགས་མང་པོ་ཤེས་ཤེས་བར་སྦྱངས་ནའང་། དེ་ནི་སློབ་གནས་ཀྱི་མིང་གི་ཆེད་དུ་ཡིན་པ་ལས། ལག་ལེན་དུ་བཀལ་ནས་ཉམས་སུ་ལེན་པའི་ཆེད་དུ་མ་ཡིན་པས་ན། མིང་ལོན་ན་དེ་ལ་བརྟེན་ནས་ཐོབ་དང་གོ་སར་བརྟེན་པའི་ཁེ་ཕན་དོན་དུ་གཉེར་བ་དང་། མིང་མ་ལོན་ན་ནི་ཚེ་སྟོད་བསླབས་པ་རྣམས་ནི་གོ་ཡུལ་ཙམ་དུ་བཞག་སྟེ། ལས་ཀ་གཞན་དང་གྲོང་ཆོག་དང་ཚོང་ལས་ལ་ཞེན་པ་ཅན་དུ་འགྱུར་བ་མང་། ཉམས་ལེན་ག་ལ་འོང་ཟེར་ནས་ཕལ་པའི་རྣམ་ཐར་བསྐྱངས། གསུམ་ན་ནང་པའི་གཞུང་ལུགས་སློབ་གཉེར་བྱེད་པ་ནི་ཤེས་རབ་སྤྱི་དང་འདྲ་བར་རང་གི་རྣམ་དཔྱོད་གོང་མཐོར་འགྲོ་ཐབས་དང་། རང་ཚུགས་ཀྱི་ཤེས་རབ་རྙེད་པར་བྱེད་པའི་ཐབས་ཡིན་ལ། ཐབས་དེ་ལས་རང་ཉིད་ལ་སྔར་མེད་ཀྱི་གུ་ཡངས་དང་། དཀྱེལ་ཡངས་ཤིག་ཆགས་དགོས་པ་ནི་ཤེས་རབ་མཆོག་གི་སྤྱི་ལུགས་ཡིན་ནའང་། ང་ཚོས་གཞུང་ལུགས་དེ་དག་ནི་ཚད་མཐོན་པོར་བཞག་ཅིང་། འདི་ལྟ་བུ་ནི་གཞན་ལ་ཡོད་མི་སྲིད་སྙམ་པ་དང་། དེ་ནི་ཐག་རིང་ཡིད་སྨོན་གྱི་ཡུལ་དུ་བཞག་པར་བྱེད་པ་ནི་དད་པའི་དབང་དུ་ཡིན་ནའང་། བསམ་བློའི་གོ་རྟོགས་དམན་པ་སྟེ། ནང་ཆོས་ཀྱི་བསྟན་བྱ་དེ་དག་ནི་བཤད་རྒྱུ་དང་ཤེས་པ་ཙམ་གྱིས་མི་འགྲིག་པ་འང་། འཇིག་རྟེན་ཐོག་ཏུ་རིག་གནས་གང་ལ་སྦྱངས་པ་ནི་དེ་ཉིད་ཉམས་ལེན་གྱིས་ལག་ལེན་བྱ་བའི་ཆེད་དུ་ཡིན་པས། ཁ་ལོ་པའི་སློབ་གྲྭར་ཞུགས་པ་ནི་རླངས་འཁོར་སོགས་བེད་སྤྱོད་བྱ་ཆེད་ཡིན་པ་ལྟ་བུ་མ་ཤེས་པ་རེད། ནང་བསྟན་གྱི་དགོངས་པ་ནི་ཐོག་མར་གཞན་ལ་གནོད་འཚེ་མི་བྱེད་པ་དང་དེ་རྗེས་གཞན་ལ་ཕན་འདོགས་རྒྱུ་ཁོ་ན་ཡིན་པས། བྱ་སྤྱོད་ཐོག་གནས་མ་ཐུབ་ན་སྟོང་པ་ཡིན་ལ། ནང་ཆོས་ནི་འཇིག་རྟེན་ཐོག་གི་ཆོས་ལུགས་མང་པོའི་ནང་གི་གཅིག་ཡིན་ལ། ལུས་སེམས་ལ་དམིགས་པའི་ཤེས་རིག་མང་པོ་ཡོད་པའི་ནང་གསེས་ཤིག་ཡིན་པའི་ལོ་རྒྱུས་མ་ཤེས་པ་དང་། དེ་ནི་རྒྱ་གར་གྱི་ཆོས་ལུགས་རིག་གནས་ཀྱི་ནང་ཚན་ཞིག་ཡིན་པ་དང་། དུས་རབས་རིམ་པས་ཡར་རྒྱས་བྱུང་བ་ཞིག་ཡིན་པ་མ་ཤེས་པ་དང་། བོད་དུ་དར་ནས་རྒྱ་གར་གྱི་རིག་གནས་ཐོག བོད་ཀྱི་གནའ་བོའི་ཆོས་ལུགས་དང་ལྷ་འདྲེའི་དད་མོས། འཇིག་རྟེན་སྐྱོང་བའི་ལམ་ལུགས་སོགས་མཉམ་དུ་འདྲེས་པ་ནི་བོད་བརྒྱུད་ནང་པའི་ཁྱད་རྟགས་ཡིན་པ་མ་ཤེས་པ་དང་། ལོ་ངོ་སྟོང་གི་རིང་ལ་ནང་ཆོས་ཀྱིས་བོད་ལ་ཕན་བཏགས་པ་དང་། ཆོས་ལུགས་བེད་སྤྱོད་བཏང་ནས་བླ་གྲྭའི་ཁེ་ཕན་གྱི་ཆེད་དུ་རྒྱལ་པོར་རྒྱབ་བཅོལ། མི་སེར་འཕྲོག་རྩོད་དང་གྲུབ་མཐའི་འཐབ་རྩོད། མཆོད་གཞིས་འཕྲོག་རེས། གྲྭ་པའི་དམག་འཁྲུག་སོགས་ཀྱིས་སྤྱི་ཚོགས་ལ་གནོད་འཚེ་བཏང་ཡོད་པ་མ་ཤེས་པའམ། དེང་དུས་འདིར་ཡང་ཆོས་ལུགས་པའི་བྱ་སྤྱོད་ཀྱིས་སྤྱི་ཚོགས་ལ་ཕན་པའི་ཆའམ། གནོད་པའི་ཆ་གང་ཤུགས་ཆེ་བ་ཡིན་མིན་གྱི་གནད་མ་གོ་བའི་སྐྱོན་ཡིན། ཕྱོགས་གཞན་ནས་ནང་བསྟན་གྱི་རྨང་གཞི་ངེས་འབྱུང་མེད་པས་ཉམས་ལེན་མི་བྱེད་ལ། ཆོས་ཀྱི་རྩ་བ་གཞན་ཕན་ཡང་མེད་པས་སྤྱི་ཚོགས་ཀྱི་ཉམ་ཉེས་ལ་སྣང་བ་མི་གཏོང་བ། དེང་རབས་ཀྱི་སློབ་གསོ་མ་ཐོབ་པ་དང་། མཐོང་རྒྱ་གང་ཡང་མེད་པས་བསམ་བློ་གུ་དོག་ཏུ་ལུས། རང་ལྟ་མཆོག་འཛིན་དུ་ལུས། འབྲས་བུ་ཡིད་སྨོན་དུ་ལུས། རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་སོགས་ཀྱི་ཡང་དག་གནས་ལུགས་མ་རྟོགས་པས། དེ་དག་གིས་རང་གི་ཕོར་པ་ལ་གནོད་དོགས་ཀྱིས་ལྟ་བ་གསར་པར་འདྲེ་རུ་བརྩི་ཞིང་། དེ་དག་ལ་སྐྲག་ནས་ལབ་རྡོལ་བྱེད་པའི་སྣང་ཚུལ་ཐོན་གྱི་ཡོད། དེས་ན་ཡེ་ཤུ་བས་ཕར་སྦྱིན་པ་བཏང་ནས་བྱམས་སེམས་ལག་བསྟར་བྱེད་པ་དང་རང་རེས་ཚུར་ལེན་ནས་བྱམས་སེམས་བསྒོམ་ཁུལ་བྱེད་པ་སོགས་ཕྱོགས་མང་པོར་བལྟ་ཤེས་ན་གཞན་གྱི་ལེགས་ཆ་དང་རང་གི་ཞན་ཆ་མཐོང་ཐུབ་པ་དང་བསམ་བློ་གུ་ཡངས་དང་གོ་རྟོགས་མཐོན་པོར་འགྱུར་ངེས་པ་ཡིན་ལ། ད་ལྟ་སེར་སྐྱ་ཀུན་གྱིས་ནང་པ་ནི་ཆོས་ལུགས་ཁོ་ནར་བཟུང་ནས། ཆོས་ལུགས་ཀྱི་རྣམ་པ་ལ་གཙིགས་སུ་འཛིན་མོད། དོན་དངོས་ཐོག་འདི་ནི་ལས་དང་པོ་པའི་འཇུག་ཡུལ་ཙམ་ཡིན་པ་ལས། དོན་དམ་པར་ནང་པ་ནི་ཆོས་ལུགས་ཙམ་མ་ཡིན་པར། ཡང་དག་པའི་ཐབས་དང་ཡང་དག་པའི་ཤེས་རབ་ཅིག་ཡིན་པའི་ངེས་ཤེས་རྙེད་ན། དད་པ་ཙམ་ལ་བཅོལ་བའི་ཆོས་ལུགས་ཀྱི་རྒྱ་ལས་གྲོལ་ངེས་ཀྱང་ཡིན།།

ང་རང་ཤེས་རབ་དམན་ལ་མཐོང་རྒྱས་དབུལ་བས་ལན་ཇི་བཞིན་བྱུང་མེད་ནའང་། ལྷག་བསམ་དཀར་པོས་དྲངས་པའི་སྐད་ཆ་ཡིན་ལ། རང་རིགས་འདིའི་མ་འོངས་པ་ནི་ད་ལྟའི་སློབ་གསོ་ལ་རག་ལས་པ་ནི་གནས་ལུགས་ཡིན་མོད། ཕལ་མོ་ཆེ་བསམ་བློ་རྙིང་ཞེན་དང་། གུ་དོག ཁ་ཅིག་ནི་སྒྱིད་ལུག་ཏུ་གནས་པ་དང་། འགྲོ་བ་མིའི་མི་ཚེའི་རིན་ཐང་ལྟ་བ་དང་འགན་འཁྲིའི་འདུ་ཤེས་མེད་སྟབས་བོང་བུའི་རྣ་བར་ཆོས་བཤད་དུ་འགྲོ་བཞིན་པས་ན། འདིར་ཡང་ས་བཅད་མ་སྟོངས་ཙམ་མོ།།   

 

                      2017.7.30 ཉིན། ཡོང་ཁུངས། འཕྲིན་ལས་ཀྱི་འོད་སྣང་རྩོམ་སྒྲིག་ཁང་།

བརྒྱུད་སྐུལ།

མཆན་སྤེལ།