སློབ་དཔོན་ཐོན་མིའི་མཛད་རྣམ་མདོར་བསྡུས།

སློབ་དཔོན་ཐོན་མིའི་མཛད་རྣམ་མདོར་བསྡུས།

དེ་ཡང་གངས་ཅན་པའི་ལོ་རྒྱུས་ཐོག་ལ་བཀའ་དྲིན་རབ་ཏུ་ལྕི་བའི་སློབ་དཔོན་ཆེན་པོ་ཐོན་མི་མཆོག་ནི། བཀའ་ཡི་བློན་པོ་མཛངས་མི་མི་བདུན་གྱི་བཞི་པ། བོད་ཡུལ་སྤྱིའི་སྐད་དང་མཐུན་ཞིང་སྲིད་འབྱོར་རིག་གསུམ་གྱི་བརྗོད་བྱ་གསལ་པོར་སྟོན་ཐུབ་པའི་གཅིག་གྱུར་གྱི་ཡི་གེའི་སྲོལ་མེད་པ་ལ་ཡི་གེའི་སྲོལ་བཏོད་པ་པོ། སྟོན་པའི་གསུང་རབ་དང་དགོངས་འགྲེལ་བོད་སྐད་དུ་བསྒྱུར་བའི་ལོ་ཙཱ་པ་ཐོག་མ་སོགས་ལོ་རྒྱུས་ཐོག་ཏུ་བཀའ་དྲིན་གཞལ་མཐའ་བྲལ་བའི་ལེགས་བྱས་མང་དུ་བྱས་ཡོད་དོ། །

༡ སློབ་དཔོན་གྱི་ཡབ་དང་འཁྲུངས་ཡུལ།

 

སློབ་དཔོན་མཆོག་ནི་སྤྱི་ལོ༦༠༠ཡར་མར་ཙམ་ན་ཡབ་ཐོན་མི་ཨ་ནུ་སྣང་གྲགས་ཀྱི་སྲས་སུ་དེང་གི་ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་ཁོངས་ཀྱི་ཐོན་པ་ཤང་དུ་སྐུ་འཁྲུངས་ལ། དེའི་ཚུལ་ཅུང་རྒྱས་ཤོས་ནི། ཐོན་མི་སཾ་བྷོ་ཊའི་རྣམ་ཐར་སྙེ་མོ་ཐོན་ཁུལ་གྱི་རྒན་རབས་རྣམས་ཀྱི་ངག་རྒྱུན་ཤོད་སྲོལ་ཡི་གེར་བཀོད་པ་དེ་རུ། “སྔོན་གྱི་དུས་ལྷོ་ཁ་གཉལ་ནང་ཁྱིམ་ཚང་ཕྱུག་པོ་ཞིག་ལ་བུ་སྤུན་གསུམ་ཡོད་པའི་རྒན་པ་དཀར་ཡོལ་བཟོ་བའི་ལས་སོགས་ལག་ཤེས་ལ་ཤིན་ཏུ་མཁས་པ་ཞིག་ཡོད་པས་འབྱོར་བ་ཆེ་བ་ཞིག་ཡོད། བུ་འབྲིང་པོ་དེ་བོན་ཆོས་དང་གཏོ་བཅོས་སོགས་བཅོས་ཐབས་ལ་ཤིན་ཏུ་མཁས་པ་ཞིག་ཡོད། བུ་ཆུང་ཤོས་ཨ་ནུ་སྣང་གྲགས་ཞེས་བྱ་བ་ཞིག་ཡོད་པ་དེ་དབང་པོ་རྟུལ་བས་གཅེན་པོ་གཉིས་ཀྱིས་ཡོན་ཏན་བསླབས་ཀྱང་མ་ཤེས་པར་བརྟེན། ཕ་མ་ནས་རྒྱུན་དུ་གཤེ་བས་ཡིད་སུན་ཏེ་ཡུལ་གྱར་ནས་རིམ་གྱིས་སྙེ་མོའི་ས་ཁུལ་ཐོན་ལུག་རྭ་བསམ་འགྲུབ་སྒང་དུ་ཕེབས་ཏེ་ཝ་ཆུ་ཞིག་གི་ཁར་ངལ་གསོས་ནས་བཞུགས་པའི་སྐབས་སུ། ཨ་མ་ཞིག་དེར་ཆུ་ལེན་དུ་ཡོང་བ་དང་དུས་འགྲིགས། ཨ་མས་བུ་དེ་མཐོང་མ་ཐག་སེམས་དགའ་ཡལ་ལེ་བ་ཞིག་བྱུང་ནས། འདི་སྐད་ཅེས། བུ་ཁྱོད་ག་ནས་ཡོང་། ཅི་བྱེད་དུ་འགྲོ་སོགས་དྲིས་པས། ཨ་ནུ་སྣང་གྲགས་ནས་སྔར་གྱི་ལོ་རྒྱུས་རྣམས་ཞིབ་ཏུ་བསྙད་པས། འོ་ན་ངའི་ནང་ལ་བུ་མོ་དབྱངས་ཅན་ལྷ་མོ་ཟེར་བ་ཞིག་ཡོད་པས་དེ་དང་ཁྱིམ་ཐབ་བྱས་ནས་ཁྱོད་འདིར་སྡོད་དམ་ཟེར་བ་བཞིན་ཞལ་གྱིས་བཞེས་ནས་ཨ་མ་དང་ལྷན་དུ་ཁྱིམ་ལ་བྱོན། ནང་གི་ཕ་ལ་རྒྱུ་མཚན་ཞིབ་པར་བཤད་པས་ཡིད་འཐད་པ་བྱུང་སྟེ་བུ་མོ་དབྱངས་ཅན་ལྷ་མོ་དང་ཁྱིམ་ཐབ་བྱས། ནམ་ཞིག་ལ་བུ་མོ་སྦྲུམ་མར་གྱུར་པའི་ཚེ་ཁྱིམ་དེར་འཇའ་ཟུག་པ་དང་རི་དྭགས་སོགས་ཀྱིས་སྐོར་བ་བྱེད་པ། དྲི་བཟང་པོ་འཐུལ་བ་སོགས་ངོ་མཚར་བའི་ལྟས་བསམ་གྱིས་མི་ཁྱབ་པ་བྱུང་བ་དང་། ལྷག་པར་ཡུམ་གྱི་རྨི་ལམ་དུ་ནང་པའི་དགེ་སློང་གླེགས་བམ་དང་རལ་གྲི་འཛིན་པ་ཞིག་ཕེབས་ནས་གནས་ཚང་གཡར་བོ་གནང་གསུངས་ནས་རང་ཉིད་ལ་ཐིམ་པར་རྨིས་པ་སོགས་ངོ་མཚར་བའི་ལྟས་བསམ་གྱིས་མི་ཁྱབ་པ་བྱུང་ནས་ཨ་ནུ་སཾབྷོཊ་འཁྲུངས།” ཞེས་གསུངས་པ་ལྟར་ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་ཁོངས་ཀྱི་ཐོན་པ་ཤང་དུ་དེང་སྐབས་སུའང་ཐོན་མི་སཾ་བྷོ་ཊའི་གནའ་ཤུལ་མང་དུ་ཡོད་པར་འདུག

 

༢ སློབ་དཔོན་གྱི་མཚན།

 

དང་པོ་སློབ་དཔོན་གྱི་མཚན་ལ་ཨ་ནུ་དང་སཾ་བྷོ་ཊ་ཐོན་མིའམ་ཐུ་མི་སྟེ་རིགས་གསུམ་ཡོད་ལ། དེ་ལས་དང་པོ་ཨ་ནུ་ཞེས་པ་ནི། མཁས་པ་ལྡེའུས་མཛད་པའི《རྒྱ་བོད་ཆོས་འབྱུང་རྒྱས་པ》ལས“རྒྱའི་མཁས་པ་ལི་བྱིན་ལ་བོད་ཀྱི་ཐོན་མི་འབྲིང་སྟོ་རེ་ཨ་ནུས་ཡི་གེ་བསླབས་ནས།” ཞེས་དང་། སུམ་ཅུ་པའི་མཛད་བྱང་དུའང“བྱཱ་ཀ་ར་ཎའི་རྩ་བ་ཤླཽ་ཀ་སུམ་ཅུ་པ་ཞེས་བྱ་བ་སློབ་དཔོན་ཨ་ནུས་མཛད་པ་རྫོགས་སོ།། །།” ཞེས་དང་། ཐོན་མི་སཾ་བྷོ་ཊའི་རྣམ་ཐར་སྙེ་མོ་ཐོན་ཁུལ་གྱི་རྒན་རབས་རྣམས་ཀྱི་ངག་རྒྱུན་ཤོད་སྲོལ་ཡི་གེར་བཀོད་པ་དེ་ལས“ཨ་ནུ་ཞེས་པ་ནི་ལྷོ་ཁ་པའི་བུ་ཆུང་ཤོས་ལ་ཨ་ནུ་ཞེས་བརྗོད་སྲོལ་ཡོད་འདུག” ཅེས་པ་དག་ལ་དཔག་ན་ཨ་ནུ་ཞེས་པ་ནི་བོད་རང་གིས་གསོལ་པའི་མཚན་ཡིན་པར་མ་ཟད་སྔོན་དུས་སུ་སྙེ་མོ་ཐོན་ཁུལ་དང་ལྷོ་ཁ་གཉལ་སོགས་སུ་བུ་ཆུང་ཤོས་ལ་ཨ་ནུ་ཞེས་མཚན་གདགས་པའི་སྲོལ་ཡོད་པར་མངོན་ནོ། །

སཾ་བྷོ་ཊ་ཞེས་པ་ནི། སྐྱོགས་སྟོན་རིན་ཆེན་བཀྲ་ཤིས་ཀྱིས་མཛད་པའི《བརྡ་གསར་རྙིང་གི་རྣམ་གཞག་ལི་ཤིའི་གུར་ཁང》ཞེས་པ་ལས། “ཐུ་མི་ས་འབོ་ལྷོ་གཉལ་གྱི་ཐུ་མི་སྣང་གྲགས་ཀྱི་བུ་ཨ་ནུ་སྟེ། སམྦྷོཊ་དང་། སམྦྷ་དྲ་སོགས་རྒྱ་སྐད་དུ་བཞེད་པ་བྱུང་ཡང་། འདི་གཉལ་ན་ཡོད་པ་ས་འབུར་བོ་ཞིག་འདུག་པས། ས་འབོ་ར་ཡིན་པ་འདྲ། གང་ན་ཡང་བོད་སྐད་དུ་སྣང་།” ཞེས་ས་མིང་མི་ལ་ཐོགས་པར་བཤད་མོད། མཁས་པ་འགའ་ཞིག་གིས་སཾ་བྷོ་ཊ་ཞེས་པ་ཀུན་ཏུ་བཟང་པོར་བཞེས་དེ“སཾ་བྷའམ་ས་མནྟ་བྷ་དྲ་སྟེ་ཀུན་ཏུ་བཟང་པོ་སློབ་དཔོན་ཐོན་མའི་མཚན་ཡིན་པ་ལ་ཁུངས་ཚད་ལྡན་ཡོད་དེ། སུམ་ཅུ་པའི་རྩ་བའི་མཇུག་ཏུ་བྱཱ་ར་ཎའི་རྩ་བ་བརྒྱད་པ་ལས་ཀུན་ཏུ་བཟང་པོའི་བྱཱ་ཀ་ར་ཎ་དང་པོའི་སྐབས་ཏེ་ལྔ་པའོ། །ཞེས་པས་བསྟན་པར་གསལ་ལོ། །” ཞེས་ཟེར་ཡང་། སུམ་ཅུ་པའི་རྩ་བའི་མཇུག་མ་ཡིན་པར་རྟགས་འཇུག་གི་རྩ་བའི་མཇུག་ཡིན་པར་མངོན་སུམ་དུ་གསལ་ལ། འོན་ཀྱང་དོན་དངོས་སུ་དེ་གཉིས་གང་ཡིན་ནི་ཁོ་བོ་ལྟ་བུའི་རིག་གཞུང་གི་ཆུ་ཕྲན་རྒྱ་ཆུང་བ་ཞིག་གིས་སྨྲ་བར་མི་སྤོབས་པས་སླད་ཀྱིས་དཔྱོད་ལྡན་དག་གིས་དཔྱད་པར་འཚལ།

ཐོན་མིའམ་ཐུ་མི་ཞེས་པ་ནི། ཡི་གེ་འབྲི་སྲོལ་མི་འདྲ་བ་ལས། དོན་ནི་གཉིས་ཀ་རུས་རྒྱུད་ཅིག་གི་མིང་ཡིན་པར་གསལ་ཏེ། འབྲི་གུང་སྐྱབས་མགོན་ཆེ་ཚང་གིས་སྒྲིག་རྩོམ་བྱས་པའི《བོད་བཙན་པོའི་རྒྱལ་རབས》ལས“སྤུ་རྒྱལ་ཁྲི་གཉན་ཟུང་བཙན་ནི། ཡབ་ཐོ་དོ་སྙ་བཙན་དང་། ཡུམ་གནོ་བཟའ་མང་མོ་རྗེ་གཉིས་ཀྱི་སྲས་སུ་འཁྲུངས། བློན་ཆེན་ཐོན་མི་འབྲིང་པོ་རྒྱལ་བཙན་ནུས་ཀྱིས་བྱས།” ཞེས་གསལ་བ་དང་། དཔའ་བོ་གཙུག་ལག་ཕྲེང་བས་མཛད་པའི《ཆོས་འབྱུང་མཁས་པའི་དགའ་སྟོན》ལས“བཙན་ལྔའི་ཐོག་མ་ཏོ་རེ་ལོང་བཙན་ཡིན། ཡུམ་ཉེ་བཙུན་མང་མ་རྗེ། བློན་པོ་ཐོན་མི་འབྲིང་པོ་རྒྱལ།” ཞེས་གསུངས་པ་ལྟར་སྲོང་བཙན་ཡར་སྔོན་ནས་ཀྱང་ཐོན་གྱི་རུས་རྒྱུད་ཀྱིས་རྒྱལ་པོའི་བློན་པོ་བྱས་ནས་བརྒྱུད་འོངས་པ་ཞིག་ཡིན་པར་གསལ་ལོ། །

 

༣ རྒྱ་གར་དུ་ཕེབས་ནས་སློབ་སྦྱོང་བྱས་ཚུལ།

 

དེ་ཡང་སྤྱི་ལོ༦༢༩སྟེ་ས་གླང་ལོར་ཆོས་རྒྱལ་སྲོང་བཙན་སྒམ་པོ་རྒྱལ་སྲིད་ཀྱི་ཁྲི་ལ་འཁོད་པ་དེའི་དུས་སུ། ཉང་ཉི་མ་འོད་ཟེར་གྱིས་མཛད་པའི《ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད》ལས། “དེ་ནས་རྒྱལ་བུ་དེ་ཤིན་ཏུ་སྐུ་དབང་ཆེ་བས་མཐའི་རྒྱལ་པོ་ཐམས་ཅད་ཀྱིས་བཅའ་དང་། སྐྱེས་ལོ་དམ་གྱིས“ཐང་གི”ཚུལ་དུ་འབུལ་དུ་ཡོང་བས་ཞུ་བ་ཡི་འཕྲིན་ཡིག་ཀློག་པ་ན། བོད་ཀྱི་རྒྱལ་པོ་ལ་ཁ་ཕྲིན་ལས་ཡི་གེ་མེད་དེ། འོ་ཅག་བོད་ལ་ཡང་ཡི་གེ་དགོས་པར་སྣང་། བཀའ་ལུང་གསལ་ནས་དེར་བློན་པོ་བཅུ་དྲུག་རྒྱ་གར་དུ་ཡི་གེ་སློབ་ཏུ་བཏང་བས་འབྲེ་གསུམ་ལ་གཏུགས“རྡུགས”ལ་ལ་ནི་མཐའི་ལ་གཅན་གྱིས་བསད། ལ་ལ་ཚད་པས་གུམ། ལ་ལ་ལྕེ་བུལ། ལ་ལ་ཤེས་རབ་ཆུང་ནས་སྐད་མ་ལོབས་ཏེ་རྒྱལ་པོའི་ཐུགས་དགོངས་མ་འགྲུབ། དེ་ནས་ཐོན་མི་བསམ་བུ་ཞེས་པ་བློ་གསལ་ལ་ཡིད་གཞུངས་པས་མི་ཆུང་སམ་བྷོ་ཌ་ཞེས་པ་ལོ་བཅུ་གཅིག་ལོན་པ་ལ་ཕ་མ་ལ་བརྫས་མང་པོ་བྱིན་ནས་རྒྱལ་པོས་བཀའ་སྩལ་ཏེ་སམ་བྷོ་ཌ་ལ་གསེར་ཕྱེ་བྲེ་གང་བྱིན་ནས་དེ་ལ་འཁོར་ངོ་ཚ་ཤེས་ཤིང་ཁྲེལ་ཡོད་པ་བཅུ་དྲུག་མི་རེ་ལ་རྟ་རེ། དྲེའུ་རེ། གསེར་སྲང་བཅུ་དྲུག གསེར་ལིངས་པ་སྲང་བརྒྱ་ཐམ་པ་བསྐུར། དཔལ་ནཱ་ལེན་དྲའི་གཙུག་ལག་ཁང་དུ་བརྫང་བཏང་ངོ་། །” ཞེས་གསུངས་པ་ལྟར་དུ་རྒྱལ་པོས་བཀས་བསྐུལ་བ་ནང་བཞིན་ཐོན་མི་འཁོར་དང་བཅས་པ་རྒྱ་གར་དུ་ཕེབས། རྒྱ་གར་ནས་དཔལ་ནཱ་ལེན་དྲ་རུ་ཕེབས་ཏེ་བྲམ་ཟེ་ལི་བྱིན་སོགས་མཁས་པ་རྣམས་ཀྱི་མདུན་ནས་ཡི་གེའི་རིགས་མང་དུ་བསླབས་ཡོད་པར་མངོན་ཏེ། ངག་དབང་བསྟན་དར་གྱིས་མཛད་པའི《ཡི་གེའི་བཤད་པ་མཁས་པའི་ཁ་རྒྱན》ཞེས་པ་ལས། “ཤྲི་ན་ལེནྟྲའི་གཙུག་ལག་ཁང་དུ་བྲམ་ཟེ་ལི་བྱིན་ལ་སོགས་པའི་ཞབས་ལ་གཏུགས་ཏེ་སྦྱང་པའི་ཡོན་ཏན་མཐར་ཕྱིན་པར་མཛད་དེ།” ཞེས་དང་། གོང་དུ་ཉང་ཆོས་འབྱུང་ལས་ཀྱང་སློབ་དཔོན་མཆོག་དཔལ་ནཱ་ལེན་དྲ་རུ་ཕེབས་ཡོད་ཚུལ་གསུངས་པ་བཞིན་ནོ། །

 

༤ བོད་དུ་ཕྱིར་ལོག་ནས་ཡི་གེ་བརྩམས་ཚུལ་སོགས།

 

བོད་མཁས་པ་མི་ཕམ་དགེ་ལེགས་རྣམ་རྒྱལ་གྱིས་ཐོན་མི་རྒྱ་གར་དུ་ལོ་བདུན་བཞུགས་ཚུལ་གསུངས་པ་ལྟར། སློབ་དཔོན་མཆོག་གིས་རྒྱ་གར་འཕགས་པའི་ཡུལ་ནས་ལོ་ངོ་བདུན་གྱི་དུས་ཡུན་ལ་སྦྱང་བ་མཐར་ཕྱིན་པ་བྱས་ཏེ། མཐར་རྒྱ་གར་རྒྱལ་པོས་སྲོང་བཙན་ལ་སྐྱེས་ལན་དུ་བསྐུར་བའི། མདོ་སྡེ་དཀོན་མཆོག་སྤྲིན། དམ་པའི་ཆོས་པདྨ་དཀར་བོ་སོགས་ལེགས་སྐྱེས་གྱ་ནོམ་པ་བསྣམས་ཏེ་རང་ཡུལ་བོད་ཆེན་པོ་རུ་ཕེབས། དེ་ནས་ཆོས་རྒྱལ་སྲོང་བཙན་སྒམ་པོ་རྒྱལ་བློན་འཁོར་དང་བཅས་པས་བསུ་མ་རྒྱ་ཆེན་པོ་བྱས་ཏེ་ཕོ་བྲང་མ་རུར་གདན་དྲངས་སོ། །

ཕོ་བྲང་དེ་ནས་བོད་ཀྱི་སྐད་གདངས་ཀྱི་ཆོས་ཉིད་མཚོན་བྱེད་དུ་རྒྱ་གར་གྱི་གུཔྟའི་ཡིག་གཟུགས་ལ་དཔེ་བྱས་ཏེ་བོད་ཡིག་གསར་དུ་བརྩམས་པ་དང་། རྒྱ་གར་གྱི་སྒྲའི་བསྟན་བཅོས་ཆེན་པོ་བརྒྱད་དང་ཚུལ་མཐུན་པར་བོད་ཀྱི་བརྡ་ལ་ཉེ་བར་མཁོ་བའི་བརྡ་སྤྲོད་པའི་བསྟན་བཅོས་བརྒྱད་མཛད་པར་གྲགས་ལ། ད་དུང་ཐུགས་རྗེ་ཆེན་པོའི་མདོ་རྒྱུད་ཉི་ཤུ་རྩ་གཅིག་དང་། གཉན་པོ་གསང་བ་ཙིནྟ་མ་ཎིའི་གཟུངས། སྤང་ཀོང་ཕྱག་རྒྱ་ལ་སོགས་པ་བོད་ཡིག་ཏུ་བསྒྱུར། དུས་དེ་ནས་བཟུང་བཀའ་དྲིན་ཅན་གྱི་སློབ་དཔོན་ཁོང་གིས་བདག་རྐྱེན་ལ་བསྟེན་ནས་བོད་སྤྱི་ལ་ཡི་གེ་ཡོད་པའི་མགོ་ཚུགས་ཏེ། ཆོས་སྲིད་ཀྱི་བྱ་བ་གལ་འགངས་ཆེ་བ་རྣམས་ཡིག་ཐོག་ཏུ་ཕབ་པའི་མགོའང་ཚུགས་པ་རེད།

བརྒྱུད་སྐུལ།

མཆན་སྤེལ།