སློབ་དཔོན་ཐོན་མིའི་ལོ་རྒྱུས་ཕྲན་བུ་ཞིག

སློབ་དཔོན་ཐོན་མིའི་ལོ་རྒྱུས་ཕྲན་བུ་ཞིག

ལྷོ་ཁ་གཉལ་གྱི་ཨ་ནུ་སྣང་གྲགས་ཞེས་པ།།

གཅེན་པོ་གཉིས་ལས་དབང་པོ་བརྟུལ་བས་ན།།

ཕ་མ་གཉིས་ཀྱིས་ཡང་ཡང་གཤེ་གཤེ་བཏང་སྟེ།།

དེ་ནས་སྙེ་ཡུལ་ཕྱོགས་སུ་ཡུལ་གྱར་སྐྱོད་དོ།།།

 

སྙེ་མོའི་བུ་མོ་དབྱངས་ཅན་ལྷ་མོ་ལགས་དང་།།

ལྷོ་ཁ་གཉལ་གྱི་ཨ་ནུ་སྣང་གྲགས་གཉིས་ལ།།

ངོ་མཚར་ལྡན་པའི་ཐོན་མི་འཁྲུངས་པ་དེ་ཡིས།།

བྱང་ཕྱོགས་མུན་པའི་སྒྲོན་མེ་དང་པོ་ཉིད་གྱུར།།

རང་ལོ་ལྔ་ལྔ་གསུམ་གྱི་དུས་ཚིགས་ཉིད་ལ།།

རྒྱལ་པོ་སྲོང་བཙན་སྒམ་པོའི་བཀའ་གསུང་ཅི་ཡོད།

ཞུམ་མེད་བློ་ཡིས་དང་ལེན་དགའ་བའི་གསན་ཏེ།།

ངལ་དུབ་སྤངས་ནས་རྒྱ་གར་ཡུལ་དུ་བརྟོལ་ལོ།།

 

དེར་ན་མི་ལོ་བདུན་གྱི་རིང་ལ་སློབ་དཔོན།།

བྲམ་ཟེ་ལི་བྱོན་ལ་སོགས་རྣལ་མར་བསྟེན་ལ།།

རྒྱ་གར་གུ་པྟིའི་ཡི་གེར་དཔེར་བླངས་མཛད་ནས།།

གཞན་གྱི་ཡི་གེ་རྟོགས་ནས་བོད་ཡིག་མཛད་དོ།།

 

ཁྱོད་ནི་བྷོ་ཊའི་སྒྲོན་མེ་ཉག་གཅིག་དེ་ཡིན།།

ཁྱོད་ནི་བྷོ་ཊའི་ལོ་ཙཱ་དང་པོ་དེ་ཡིན།།

ཁྱོད་ནི་བྷོ་ཊའི་གཅེར་ནོར་དང་པོའང་དེ་ཡིན།།

ཁྱོད་ནི་བྷོ་ཊའི་སྤོབས་སེམས་ཆེ་ཤོས་ཀྱང་ཡིན།།

 

སྙེ་ཕྲུག་ཁ་བའི་བང་ཆེན་དེས་བྲིས།

བརྒྱུད་སྐུལ།

མཆན་སྤེལ།