ཧའོ་རིན་པོ་ཆེའི་མཚམས་སྦྱོར་ཤིན་ཏུ་བསྡུས་པ།

མཁས་བཙུན་གྲུབ་པའི་ས་མཐོར་གཤེགས་ཤིང་། རིགས་བརྒྱའི་ཁྱབ་བདག་ཀུན་གྱི་གཙོ་བོར་གྱུར་བ། དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་ཕྱི་ནང་གསང་གསུམ་གྱི་ཡོན་ཏན་གངྒའི་ཀླུང་གི་བྱེ་མའི་རྡུལ་སྙེད་ཐང་མར་བརྡལ་འདྲའི། གཟུང་འཛིན་བློ་ཡི་བསམ་པའི་ཁྱོན་གྱིས་ཁྱབ་པར་དཀའ་བ་རྣམས་ནི། ཇི་ལྟ་བ་དང་ཇི་སྙེད་པའི་དངོས་པོའི་གནས་ལུགས་གསལ་རྗེན་དུ་གཟིགས་པར་ནུས་པའི། རྣལ་འབྱོར་རྣམ་མཁྱེན་ཡེ་ཤེས་ཐུགས་རྒྱུད་ལ་མངའ་བའི་སངས་རྒྱས་འཕགས་པ་ཁོ་ནའི་སྤྱོད་ཡུལ་དུ་གྱུར་གཤིས། མཁན་ཆེན་དམ་པ་གང་ཉིད་ཀྱི་སྐུ་གསུང་ཐུགས་གསུམ་གྱི་ཡོན་ཏན་ཇི་བཞིན་བདག་འདྲའི་ཐ་མལ་བློ་ཡིས་བརྗོད་པར་དཀའ་ཡང་། ད་ལན་འདིར་ཐུན་མོང་གདུལ་བྱའི་སྣང་ཚོད་ལས་འཕྲོས་པའི་གང་གི་སློབ་གཉེར་གསན་བསམ་གནང་ཚུལ་དང་། རྣམ་དཀར་མཛད་འཕྲིན་སྐྱོང་ལུགས་ཀྱི་ཆ་ཤས་ཙམ་བརྗོད་པར་བྱ་བ་ལ།

དེ་ཡང་གསུམ་ལྡན་སྡེ་སྣོད་འཛིན་པ་ཆེན་པོ་མཁན་ཆེན་ཚེ་དབང་དོན་གྲུབ་ཁོང་ནི་རབ་བྱུང་བཅུ་བདུན་པའི་ལྕགས་ཕག་ལོ་སྟེ། སྤྱི་ལོ་ ༡༩༧༡ ལོར་གཞིས་རྩེ་ཉ་མོ་ཁུལ་དུ་བོད་ཀྱི་རུས་ཆེན་དྲུག་གི་ཡ་གྱལ་དབྲའི་ནང་གསེས་སུ་གཏོགས་པ་རླངས་ཀྱི་རིགས་སུ་བཀྲ་ཤིས་པའི་ལྟས་སྣ་ཚོགས་དང་བཅས་ཏེ་སྐུ་འཁྲུངས་ཤིང་། སློབ་ཆུང་སློབ་མཐར་ཕྱིན་པ་དང་སྦྲེལ་སྤྱི་ལོ་ ༡༩༨༥ ལོར་གཞིས་རྩེ་ཧའོ་དགོན་དུ་བཞུགས་ནས་དགུང་ལོ་བཅོ་ལྔར་ཕེབས་སྐབས་མེས་པོ་ཐུབ་བསྟན་ཚེ་དབང་ཐུགས་མཆོག་རྡོ་རྗེའི་དྲུང་དུ་དགེ་བསྙེན་གྱི་སྡོམ་པ་མནོས་ཏེ་ཆོས་སྒོར་བཞུགས་ཤིང་། རིམ་བཞིན་དགོན་དེའི་ནང་དུ་སུམ་རྟགས་དག་སྙན་དང་སྨན་རྩིས་སོགས་རིག་གནས་ཁག་དང་། སྔོན་འགྲོ་བློ་སྦྱོང་སྐོར་ལ་སྦྱངས་པ་གནང་བ་དང་རྩ་གསུམ་བསྙེན་པ་ཡང་མཐར་ཕྱིན་པར་མཛད། དེ་ནས་སྤྱི་ལོ་ ༡༩༨༩—༩༠—༩༡ བཅས་ལོ་གསུམ་གྱི་རིང་ལ་གཙང་བཀྲས་ཤིས་ལྷུན་པོ་དགོན་དུ་ཚད་མ་རིག་པའི་གཞུང་ལུགས་ལ་གསན་བསམ་གནང་།སྤྱི་ལོ་ ༡༩༩༡—༡༩༩༧ བར་སི་ཁྲོན་ཞིང་ཆེན་གསེར་རྟ་རྫོང་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་དུ་མཁན་ཆེན་ཡིད་བཞིན་ནོར་བུ་༧འཇིགས་མེད་ཕུན་ཚོགས་འབྱུང་གནས་དཔལ་བཟང་པོ་མཆོག་གི་སྐུའི་ཞབས་པད་མཉེས་པ་གསུམ་གྱིས་སྤྱི་བོར་བསྟེན་ནས་གཞུང་ཆེན་པོད་ལྔ་དང་། རྙིང་ལུགས་སྔགས་སྐོར། མན་ངག་སྐོར་སོགས་གཞུང་ལུགས་རྒྱ་མཚོ་འདྲ་བ་ལ་གསན་བསམ་རྒྱ་ཆེར་གནང་ཞིང་དེ་གར་མཁན་པོའི་མཚན་རྟགས་ཀྱང་བཞེས།

ཁོང་ཉིད་དགུང་གྲངས་ཉེར་བཞིའི་སྐབས་སུ་སློབ་གླིང་དེའི་མཁན་ཆེན་ཟབ་གསང་གི་སྐུ་མདུན་ནས་ཤཱཀྱའི་བསྟན་ལ་རབ་ཏུ་བྱུང་ནས་དགེ་ཚུལ་གྱི་སྡོམ་པ་མནོས། དེ་ནས་དགུང་ལོ་ཉེར་ལྔར་ཕེབས་སྐབས་ངེས་དོན་བཤེས་གཉེན་ཆེན་པོ་༧མཁས་དབང་ཚུལ་ཁྲིམས་བློ་གྲོས་ཀྱིས་མཁན་པོ་གནང་ཞིང་། སློབ་དཔོན་མཁན་ཆེན་མི་འགྱུར་དང་ལས་སློབ་མཁན་ཆེན་ཆོས་རྡོས་གནང་བའི་སྐུ་མདུན་ནས་བསྙེན་རྫོགས་ཀྱི་སྡོམ་པ་ཡང་ལེགས་པར་མནོས།
དེ་ནས་རིམ་བཞིན་སྤྱི་ལོ་ ༡༩༩༨—༩༩—༢༠༠༠ སོགས་ལ་ཡབ་རྗེའི་དྲུང་ནས་རྙིང་ལུགས་རྫོགས་པ་ཆེན་པོའི་ཆོས་སྐོར་མང་དུ་གསན་ཞིང་། ༢༠༠༣ ལོ་ནས་ཧའོ་དགོན་ཐར་ལམ་ནང་བསྟན་སློབ་གྲྭ་བཙུགས་ནས་སློབ་ཚན་ཁག་གི་དགེ་རྒན་དང་ཧའོ་དགོན་པའི་མཁན་པོའི་འགན་བཞེས་གནང་ཐོག་ ༢༠༠༨ ཙམ་ནས་ལྕང་ལོ་དགོན་པའི་བཙུན་མའི་བཤད་གྲྭ་དབུ་བཙུགས་གནང་ནས་བཤད་སྒྲུབ་ཀྱི་བསྟན་པའི་མེ་རོ་རྨང་ནས་གསོ་བའི་འཁོར་སློབ་མང་པོ་གསོ་སྐྱོང་དང་སློབ་ཁྲིད་ཀྱི་བཀའ་དྲིན་ད་ལྟའི་བར་དུ་སྐྱོང་དང་སྐྱོང་མུས་ཡིན།

མཁན་ཆེན་གང་ཉིད་ནི་གཙང་ཁུལ་གཙོ་བོར་གྱུར་བའི་ཡུལ་ལུང་མང་པོར་སྙན་པའི་བ་དན་ཆེས་ཆེར་གཡོ་ཞིང་། གྲགས་པའི་མེ་ཏོག་རབ་ཏུ་འཐོར་བའི་ངེས་པ་དོན་གྱི་འགྲོ་བའི་སྐྱབས་གནས་དམ་པར་གྱུར་བའི་ནང་བསྟན་དགེ་བའི་བཤེས་གཉེན་ཆེན་པོའི་མཚན་གནས་ལ་མངའ་དབང་བསྒྱུར་ཞིང་རྨད་བྱུང་གི་ཡོན་ཏན་བདག་གིར་བཞེས་པ་ཞིག་ཡིན་མོད། རྒྱུན་གཏན་གྱི་ཉིན་རེའི་འཚོ་བ་ནི་ཆེས་བབ་ཆགས་ཀྱི་ངང་ཚུལ་བཟང་པོས། ཆེན་པོའི་ཉམས་དང་འབྱོར་པོའི་ལོངས་སྤྱོད་སོགས་སྤངས་ཏེ། གཉོམ་ཆུང་འཁོས་ཞན་དང་། གྲོན་ཆུང་སྲི་ཚགས་ཀྱི་ཆེས་སྟབས་བདེའི་གྲྭ་རྐྱང་དཀྱུས་མའི་འཚོ་བ་ཙམ་ལ་བརྟེན་ནས། ཆོས་བརྒྱད་ཀྱི་དྲེག་པའི་སྐྱོན་གྱིས་མ་བསླད་པའི་ཐུགས་རྒྱུད་ཀྱི་ཡོན་ཏན་དང་། ལྐོག་ཟ་ཧམ་བཟུང་གི་རུལ་པའི་དྲི་མས་མ་གོས་པའི་སྐུ་ཚེའི་རྒྱུ་ནོར་དག་སངས་རྒྱས་ཀྱི་བསྟན་པ་སྤྱི་དང་། བྱེ་བྲག་བོད་མི་རིགས་ཀྱི་སྐད་དང་རིག་གཞུང་ཀུན་ལ་སྲུང་སྐྱོང་དང་དར་སྤེལ་གྱི་ཆེད་དུ་ལེགས་སྐྱེས་སུ་ཕུལ་བཞིན་པ་དེ་ཡང་ཁ་ཕན་ཚིག་ཕན་ཙམ་གྱི་གཞན་ཕན་ཉི་ཚེའི་ལུགས་སྲོལ་ལས་ཆེས་ཆེར་བརྒལ་ཏེ། བཀའ་གསུང་དོན་འཁྱོལ་གྱི་ཐུགས་དམ་བཙན་ཞིང་། ཞུམ་པ་མེད་པའི་ཐུགས་བསྐྱེད་དང་འབད་བརྩོན་གྱི་གོ་ཆ་བརྟན་པོས། རིས་སུ་མ་ཆད་པའི་ཆོས་བརྒྱུད་གྲུབ་མཐའ་སྤྱི་ལ་ལྷག་བསམ་དཀར་པོའི་རྣམ་དག་སྲི་ཞུ་སྒྲུབ་ལ་སྤྲོ་ཞིང་། ཡང་སྒོས་སྔ་འགྱུར་རྙིང་མ་བའི་བསྟན་པ་ཆེས་སྙིགས་རྒུད་པ་བདོ་བའི་དུས་ཀྱི་མཐར་ཡང་གསལ་བར་མཛད་ལ།


སྐྱིད་པའི་ཁྱིམ་གྱི་དྲོ་སྐྱིད་བརླག་ཅིང་། གཅེས་པའི་ཕ་མའི་བྱམས་སྐྱོངས་བྲལ་བའི་ཉམས་ཐག་གི་དྭ་ཕྲུག་མང་པོར་འཚོ་བའི་ཁ་གསབ་དང་། སློབ་ཡོན་གྱི་འགྲོ་གྲོན་མང་པོ་གཏོང་གནང་མཛད་དེ། བུ་ཕྲུག་རྣམས་ལ་བརྩེ་བ་དང་སྤྲོ་སྣང་གིས་ཁྱབ་པའི་ཁྱིམ་གཞིས་དྲོན་མོ་གསར་དུ་གཏོད་ཅིང་། རེ་བ་དང་ཡིད་ཆེས་ཀྱིས་ཁེངས་པའི་མདུན་ལམ་གསར་པའི་སྒོ་འཕར་ཕྱེས།
གཞན་ཡང་བོད་མི་རིགས་ཀྱི་སྐད་ཡིག་དང་རིག་གཞུང་དར་སྤེལ། འབྱུང་ཁམས་དང་ཁོར་ཡུག་སྲུང་སྐྱོབ། འཕྲོད་བསྟེན་དང་ནད་ཡམས་སྔོན་འགོག ཁྱིམ་ཚང་དང་མང་ཚོགས་སློབ་གསོ་སོགས་མི་རིགས་ཀྱི་ཆགས་འཇིག་ལ་སྨན་ཞིང་། མེས་རྒྱལ་གྱི་འབྱུང་འགྱུར་ལ་ཕན་པ། ལྷག་དོན་འཛམ་གླིང་ཁྱོན་གྱི་འདྲ་མཉམ་དང་ཞི་བདེའི་ལམ་བཟང་ལ་བསྐུལ་འདེད་བརྒྱུད་མར་གཏོང་བ་སོགས། མདོར་ན། མཁས་པ་དམ་པའི་ལས་སུ་བསྔགས་པའི་འཆད་རྩོད་རྩོམ་གསུམ་གྱི་མཛད་འཕྲིན་རླབས་པོ་ཆེའི་རྣམ་དཀར་དགེ་བའི་འོད་ཀྱི་ཟེགས་མས། མདོ་སྔགས་བསྟན་པའི་ལམ་སྲོལ་བཟང་པོ་ཁ་བ་གངས་རིའི་ལྗོངས་སུ་ཕྱེས་ཤིང་། མཁས་བཙུན་བཟང་པོའི་རྣམ་པར་ཐར་པས་ལུང་རྟོགས་བསྟན་པའི་ཆོས་ཀྱི་རྒྱལ་མཚན་ལྷུན་ཆགས་རི་བོའི་དབུ་རྩེར་བསྒྲེངས་ནས་མི་མཇེད་འཛམ་གླིང་འཛིན་མའི་ཁྱོན་ལ་ཤེས་རབ་དང་སྙིང་རྗེའི་ཀློང་ནས་ཁྲུངས་པའི་གཞན་ཕན་བྱམས་བརྩེའི་རིང་ལུགས་བཟང་པོའི་ཆུ་རྒྱུན་རིང་མོས་ཁྱབ་པར་བྱས།

ཁོང་གིས་ནམ་རྒྱུན་གྲོན་ཆུང་བབ་ཆགས་ཀྱི་འཚོ་བ་ཙམ་ལ་བརྟེན་ཚུལ་གྱི་བྱ་དངོས་ཆུང་ཆུང་ཞིག་དཔེ་མཚོན་ཙམ་དུ་དྲངས་ན། གཙང་ཤོག་(卫生纸)ལྷེབ་མ་ཆུང་ཆུང་ཀུན་གྱིས་ཐེངས་གཅིག་རེ་ལས་མི་སྤྱོད་པ་དག་ཀྱང་ཁོང་གིས་ཐེངས་གྲངས་བཞི་ལྔ་ཙམ་རེ་བསྐྱར་སྤྱོད་ཡང་སྤྱོད་གནང་ནས་གྲོན་ཆུང་སྲི་ཚགས་གནང་སྲོལ་ཡོད་པ་ལྟ་བུས་ཀྱང་ཆེས་བབ་ཆགས་དང་ཆེས་སྤྱིར་བཏང་ཡིན་པའི་ཁོང་གི་འཚོ་བའི་གནས་བབ་ལ་ཡང་དག་པའི་རྗེས་དཔག་རེ་བྱེད་ཐུབ།
གཞན་ཡང་རྒྱ་ཆེའི་ཆོས་དད་སྐྱ་སེར་ཡོངས་ཀྱི་རེ་བ་དང་དགོས་མཁོར་གཞིགས་ནས་མཁན་ཆེན་ཁོང་ཉིད་ལོ་ལྟར་བཞིན་དགོན་སྡེ་དང་གྲོང་ཚོ་ཁག་མང་པོར་གདན་འདྲེན་ཞུས་ནས་མི་དམངས་སྟོང་ཚོ་དང་ཁྲི་ཚོ་མང་པོར་ཆོས་འཇིག་རྟེན་གཉིས་ཐད་ཀྱི་བཀའ་སློབ་གནང་ཞིང་། ཁོང་ཉིད་དགོན་སྡེ་ཆེ་ཆུང་ཇི་འདྲ་ཞིག་ཏུ་ཕེབས་ཀྱང་དེ་གར་ཉིན་རེའི་ཞལ་ལག་ཙམ་མཆོད་པ་ལས། དགོན་དེ་དང་དད་ལྡན་མང་ཚོགས་ཀྱིས་ཕུལ་བའི་སྐུ་ཡོན་སྒོར་སྟོང་ཚོ་དང་ཁྲི་ཚོར་དུ་མར་ལོངས་པ་ཡོད་ཀྱང་། དེ་ནས་སྐར་གཅིག་ཀྱང་མི་བཞེས་པར་གང་དུ་ཕེབས་པའི་དགོན་དེ་རང་དུ་མཆོད་འབུལ་ཞལ་འདེབས་ཀྱི་ཚུལ་དུ་འཇོག་གནང་མཛད་ཀྱི་ཡོད་པ་དཔེར་ན། གཞིས་རྩེ་རྣམ་གླིང་པད་མ་ཆོས་སྡིངས་དགོན་ལྟ་བུར་མཚོན་ནའང་། ཁོང་ཉིད་དགོན་དེར་ད་བར་ལོ་ལྔའི་རིང་ལ་ལོ་ལྟར་ཐེངས་རེ་གདན་འདྲེན་ཞུས་ཤིང་། དེའི་རིང་གི་འབུལ་བ་ཡོང་རྫོགས་དགོན་དེ་གར་འཇོག་གནང་མཛད་པ་རྣམས་ཁྱོན་བསྡོམས་ན་མི་དམངས་ཤོག་སྒོར་ཁྲི་ཚོ་བཅུ་གསུམ་ཙམ་ལོན་གྱི་ཡོད་པ་ལྟ་བུས་མཚོན། ཁོང་ཕེབས་མྱོང་བའི་དགོན་སྡེ་གཞན་རྣམས་ལའང་དངོས་ཤུགས་བརྒྱུད་གསུམ་ནས་ཚད་དེ་དང་འདྲ་བའི་ཞལ་འདེབས་གནང་ནས་ཁོང་ཉིད་སྐུ་སྒེར་གྱིས་སྒོར་ཟུར་གཅིག་ཀྱང་བསྣམ་སྲོལ་མེད་རུང་། ཁོང་གིས་ཞལ་འདེབས་ཕུལ་མྱོང་བའི་ཚན་པ་དེ་དག་ཏུ་གཟི་བརྗིད་དང་སྙན་གྲགས་མཚོན་པའི་སྐུ་འདྲ་དང་མཚན་བྱང་བཞེངས་སྲོལ་མེད་ཅིང་། ཕྱོགས་དང་རིས་སུ་མ་ཆད་པའི་དགོན་སྡེ་དུ་མར་ཞལ་འདེབས་ཕྲན་ཙམ་རྟག་ཏུ་འབུལ་སྲོལ་ཡོད། ད་ལྟའི་ཆར་གཙང་ཁུལ་གྱི་གཙོས་པའི་ཡུལ་ལུང་དུ་མར་རིན་ཐང་གིས་གཞལ་བར་དཀའ་བའི་དམ་པ་ལྷ་ཆོས་དང་འཇིག་རྟེན་མི་ཆོས་ཀྱི་ཞལ་གསུང་དྲོན་མོའི་འོད་དཀར་སྣང་བ་ཕང་མེད་བྱམས་བརྩེའི་མཁའ་དབྱིངས་ནས་སྤྲོས་ཏེ་སྐྱེ་བོ་རྣམས་ལ་ཡ་རབས་དྲང་བཞག་གི་དགེ་བའི་ལམ་བཟང་སྟོན་པའི་མཛད་འཕྲིན་ནམ་མཁའི་ཕ་མཐར་སྐྱོང་མུས་བཅས་ཡིན། །


ཞེས་མཁན་ཆེན་དམ་པ་གང་གི་མཛད་པ་རྒྱ་མཚོའི་ཆུ་ཐིག་གི་ཆ་ཤས་ཙམ་མདོར་བསྡུས་སུ་བཀོད་པ་འདི་ནི་ཕྲིན་སྟེགས་འདིའི་ལེ་ཚན་གྱི་དགོས་མཁོ་དང་རྒྱ་ཆེའི་ཀློག་པ་རྣམས་ལ་སྟབས་བདེའི་གོ་བརྡ་འཕྲོད་ཆེད་ཙམ་ལ་གཞིགས་ནས་ཕྲལ་དུ་བྲིས་པ་ཙམ་ཡིན་ཞིང་། མཁན་ཆེན་གང་གི་སྐུ་ཚེའི་མཛད་ཚུལ་ཞིབ་རྒྱས་སྤུས་ལེགས་ལྡན་པ་ཞིག་མུ་མཐུད་འབྲི་རྒྱུའི་སྦྱོར་བ་ལ་བརྩོན་བཞིན་ཡོད་པས། ཕྱིས་འབྱུང་ལས་སྨོན་དམ་ཚིག་གི་མདུད་པ་གཅིག་ཏུ་འབྲེལ་བའི་ཀློག་པ་པོ་རྣམས་ལ་སྤྱན་བསྟར་ཐུབ་རྒྱུའི་སྨོན་ལམ་ལན་བརྒྱར་འདེབས་པ་ལགས། །

ཞེས་པ་འདི་ཡང་མཁན་ཆེན་དམ་པ་གང་གི་སློབ་མའི་གྲལ་ཐ་བ་སྒྲུབ་བརྩོན་བསྟན་དར་དུ་འབོད་པས་གང་གི་སྐུ་ཚེའི་རྟོགས་བརྗོད་ཀྱི་ཆ་ཤས་ཉུང་ངུ་ཙམ་ཆེས་མདོར་བསྡུས་པའི་ཚུལ་གྱིས་རབ་བྱུང་བཅུ་བདུན་པའི་ཤིང་མོ་ལུག་གི་ལོ་སྟེ་སྤྱི་ལོ་༢༠༡༥ལོའི་བོད་ཟླ་༡༢ པའི་ཚེས་༡༨ ཉིན་མཇུག་རྫོགས་པར་བྲིས་པ་འདིས་ཀྱང་བདག་གཞན་རྫོགས་བྱང་གི་གོ་འཕང་ལ་རེག་པའི་རྒྱུར་གྱུར་ཅིག །

བརྒྱུད་སྐུལ།

མཆན་སྤེལ།