ཨ་ཁུ་སྟོན་པའི་བྱུང་རིམ་ལོ་རྒྱུས་མདོར་བསྡུས།

ཨ་ཁུ་སྟོན་པའི་བྱུང་རིམ་ལོ་རྒྱུས་མདོར་བསྡུས།

དེ་ཡང་ཨ་ཁུ་སྟོན་པ་ཞེས་པའི་མི་སྣ་དེ་ཐོག་མར་ཇི་ལྟར་བྱུང་ཚུལ་སྐོར་ལ་རང་ཉིད་ཀྱི་ལྟ་ཚུལ་ཙམ་གླེང་ན། ཨ་ཁུ་སྟོན་པ་ཞེས་པ་ནི་བླ་མའི་སྐུ་སྐྱེ་འཁྲུངས་པ་ལྟར་ཡུམ་གྱི་མངལ་ལས་འཁྲུངས་ཙམ་ནས་སྙན་གྲགས་ཅན་གྱི་སྐྱེས་བུ་ཞིག་མ་ཡིན་པར་མི་སྣ་དེ་ཉིད་སྐྱེད་མའི་སྤང་དུ་རིམ་པས་འཚར་ལོངས་བྱེད་པའི་རྒྱུན་རིམ་ཁྲོད་དང་། ལྷག་དོན་ན་སོན་ཏེ་འཇིག་རྟེན་འཚོ་བའི་ཁྲོད་ཀྱི་བྱ་གཞག་སྣ་ཚོགས་ནང་ཞུགས་སྐབས་ཁོང་གི་གཏམ་བརྗོད་དང་བྱ་སྤྱོད་མང་པོ་ཞིག་ལས་སྤྱིར་བཏང་གི་མི་དང་མི་འདྲ་བའི་ཁྱད་ཆོས་དམིགས་བསལ་ཅན་ཞིག་མངོན་པར་བྱས་ནས་མི་རྣམས་ཀྱི་ཡིད་དབང་རབ་ཏུ་འཕྲོག་ཅིང་། ཡིད་དབང་འཕྲོག་པའི་གཏམ་བརྗོད་དང་བྱ་སྤྱོད་རེ་རེས་མི་ཚང་མའི་སེམས་ནང་བག་ཆག་གཏིང་ཟབ་ཅིག་འཇོག་གི་ཡོད་པ་མ་ཟད་སླད་རང་གི་མི་ཚེའི་ཁྲོད་དུ་བླང་དོར་དང་། སློབ་སྟོན་གྱི་ནུས་པའང་ཤུགས་ཆེ་ལྡན་པས་ན། མི་རྣམས་ཀྱིས་དེ་ནི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ལ་སེམས་ཅན་ལ་ཕན་པའི་མཛད་པ་མང་པོ་ཞིག་ཡོད་པའི་ཁྲོད་ཀྱི་སེམས་ཅན་རྣམས་ལ་རིག་པ་བསླབ་པའི་མཛད་པ་ཞིག་ཏུ་ངོས་འཛིན་གྱིས་སྟོན་པ་ཞེས་མཚན་བཏགས་པ་དང་། ཡང་མི་སྣ་དེ་ཉིད་རབ་བྱུང་གི་སྡེ་རུ་མ་ཞུགས་པར་འཇིག་རྟེན་ཁྱིམ་པའི་ཁྲོད་དུ་གནས་པས་ཨ་ཁུ་སྟོན་པ་ཞེས་པའི་མཚན་དེ་ཐོག་མར་དེ་ལྟར་བྱས་ཏེ་ཐོགས་པ་མིན་ནམ་སྙམ་མོ། །

 

དེ་ལྟ་བུའི་མི་སྣའི་གཟུགས་བརྙན་ཞིག་བོད་མི་རྣམས་ཀྱི་སེམས་ནང་བག་ཆག་གཏིང་ཟབ་ཡོད་པ་ལ་བརྟེན་ནས་ཕྱིས་སུ་བོད་ཀྱི་ས་ཆ་ག་གེ་མོ་ཞིག་ཏུ་རབ་བྱུང་དང་ཁྱིམ་པ་གང་ཡིན་ལ་མ་ལྟོས་པར་གཏམ་བརྗོད་དང་བྱ་སྤྱོད་མང་པོ་ཞིག་སྔོན་གྱི་ཨ་ཁུ་སྟོན་པ་དང་ཤིན་ཏུ་འདྲ་བའི་མི་སྣ་དེ་དག་ལ་འདྲ་བ་རྒྱུ་མཚན་དུ་བྱས་ཏེ་ཡུལ་མི་རྣམས་ཀྱིས་མི་དེའི་ཐོག་མའི་མིང་དེ་མ་བོད་པར་ཨ་ཁུ་སྟོན་པ་ཞེས་པའི་མིང་གསར་བ་ཞིག་བཏགས་པ་དེ་ཕྱིས་སུ་བྱུང་བའི་ཨ་ཁུ་སྟོན་པའི་ལོ་རྒྱུས་དག་ལས་ཤེས་རྟོགས་ཐུབ་བོ། །དེས་ན་ངེད་ཚོས་སྔར་ནས་ད་བར་བོད་གངས་ཅན་གྱི་ལྗོངས་སུ་ཡང་སྙིང་ཨ་ཁུ་སྟོན་པ་ཞེས་འབོད་པའི་མི་སྣ་གྲགས་ཅན་ཇི་ཙམ་བྱུང་བ་དང་། ཐོག་མའི་མཚན་ཇི་ལྟར་ཐོགས་པ་སོགས་ཀྱི་སྐོར་ལ་ཞིབ་ཕྲའི་དཔྱད་པ་གནང་དགོས་པ་དེ་གལ་ཆེར་མཐོང་ཡང་ད་བར་བོད་ཀྱི་ཤེས་ཡོན་པའི་སྡེ་ཚོགས་ཁྲོད་དུ་ཨ་ཁུ་སྟོན་པའི་སྒྲུང་གཏམ་སྣ་ཚོགས་ཤིག་ཚགས་པར་དང་། དུས་དེབ་ཐོག་བཀོད་པ་ལས་ཡང་སྙིང་བོད་དུ་ཨ་ཁུ་སྟོན་པ་ཞེས་པའི་མི་སྣ་གྲགས་ཅན་ཇི་ཙམ་བྱུང་བ་དང་། དེ་དག་སྤྱི་ལོའི་དུས་རབས་གང་དང་གང་གི་དུས་སུ་བྱུང་བ། འཁྲུངས་ཡུལ་གང་དུ་ཡིན་པ་སོགས་ཀྱི་སྐོར་ལ་ཞིབ་འཇུག་གི་འབྲས་བུ་ཞིག་མཐོང་རྒྱུ་དཀོན་པས་ན། ད་ལན་འདིར་སྐབས་སུ་བབས་པ་ཨ་ཁུ་སྟོན་པ་འཕན་ཡུལ་ལ་ཕེབས་པའི་སྐོར་གྱི་གཏམ་རྒྱུད་སྙན་པོ་དེ་དག་མ་ཞུས་གོང་བོད་གངས་ཅན་གྱི་ལྗོངས་འདིར་གཙང་གི་ཨ་ཁུ་སྟོན་པ་དང་། དབུས་ཀྱི་ཨ་ཁུ་སྟོན་པ་ཞེས་པ་སོགས་ཨ་ཁུ་སྟོན་པ་འགའ་ཞིག་བྱུང་བའི་ཁྲོད་ནས་འདིར་དབུས་ཀྱི་ཨ་ཁུ་སྟོན་པའི་གྲས་སུ་གཏོགས་པ་བདེ་ཆེན་གྱི་པད་ནག་ཕུའི་ཨ་ཁུ་སྟོན་པའི་ལོ་རྒྱུས་ཀྱི་སྐོར་ལ་ཤེས་རྟོགས་གང་ཙམ་ཞིག་ཐུབ་ཕྱིར་རང་ཉིད་ནས་ཨ་ཁུ་སྟོན་པའི་འཁྲུངས་ཡུལ་དངོས་ལ་ཆེད་བསྐྱོད་ཀྱིས་འདྲི་རྩད་ཉམས་ཞིབ་དང་། དེ་བཞིན་ཨ་ཁུ་སྟོན་པ་དང་འབྲེལ་ཡོད་ཀྱི་དཔྱད་གཞི་དག་ལ་ལྟ་ཀློག་བྱས་པ་ལས་ཤེས་རྟོགས་བྱུང་བའི་ཁུངས་ལྡན་གྱི་ལོ་རྒྱུས་འགའ་ཞིག་ཀློག་པ་པོའི་སྤྱན་ལམ་དུ་འབུལ་བ་ལ།

 

དང་ཐོག་བདེ་ཆེན་གྱི་པད་ནག་ཕུར་འཁྲུངས་པའི་ཨ་ཁུ་སྟོན་པ་དེ་སྤྱི་ལོའི་དུས་རབས་གང་གི་དུས་སུ་བྱུང་བའི་མི་ཞིག་ཡིན་མིན་སྐོར་ལ་ཁོ་བོས་ཨ་ཁུ་སྟོན་པ་འཁྲུངས་སའི་ས་ཡུལ་དངོས་ལ་ཕྱིན་ཏེ་དོན་དངོས་ཀྱི་དཔང་པོ་འགའ་ཞིག་ཤེས་རྟོགས་དང་། དེ་བཞིན་ཡུལ་དེའི་རྒད་པོ་རྣམས་ཀྱི་གསུང་རྒྱུན་སྣ་ཚོགས་ལ་ཉམས་ཞིབ་བྱེད་སྐབས་བདེ་ཆེན་གྱི་པད་ནག་ཕུར་འཁྲུངས་པའི་ཨ་ཁུ་སྟོན་པ་ནི་སྡེ་པ་སྐྱིད་ཤོད་པའི་དུས་སྐབས་སུ་བྱུང་བའི་མི་སྣ་ཞིག་ཡིན་པ་ཡོངས་གྲགས་ཡིན་ལ། སྡེ་པ་སྐྱིད་ཤོད་པ་ཞེས་པའི་མཚན་སྙན་དེ་བོད་ལ་ཡོངས་གྲགས་བྱེད་པའི་དུས་ཚོད་ནི་སྡེ་པ་སྐྱིད་ཤོད་པའི་ལོ་རྒྱུས་ནང་གསལ་བར་གཞིགས་ན་རབ་བྱུང་དགུ་པའི་མེ་གླང་སྤྱི་ལོ་༡༥༡༧ནས་རབ་བྱུང་བཅུ་བཞི་པའི་ཆུ་བྱི་སྤྱི་ལོ་༡༦༡༢བར་མི་ལོ་དགུ་བཅུ་ལྷག་ཙམ་རིང་དགའ་ལྡན་པ་བསོད་ནམས་རྒྱལ་པོ་དང་། དེའི་སྲས་ནང་སོ་དོན་གྲུབ་རྒྱལ་པོ་དང་། སྡེ་པ་བཀྲ་ཤིས་རབ་བརྟན། བཀྲ་ཤིས་རབ་བརྟན་གྱི་སྲས་གཡུལ་རྒྱལ་ནོར་བུ་བཅས་མི་ཐོག་གསུམ་གྱིས་ལྷ་ལྡན་སྐྱིད་ཤོད་ཀྱི་ཡུལ་འབངས་དང་བཅས་པ་དབང་བསྒྱུར་བར་མངོན། ཞེས་དང་། ཡང་ལོ་རྒྱུས་དེ་ཉིད་ལས་ས་སྐྱོང་བཀྲ་ཤིས་རབ་བརྟན་བཞུགས་ཡུལ་གཙོ་བོ་ནི་བདེ་ཆེན་རྫོང་དང་། དགའ་ལྡན་ཁང་གསར། འདིའི་གཅེན་ནང་སོ་དོན་གྲུབ་རྒྱལ་པོའི་བཞུགས་ཡུལ་ནི་བྱེ་རི་སྟག་རྩེ་དང་། གཞིས་ཀ་བྲག་དཀར་སོགས་ཡིན་པར་ངེས། ཞེས་དང་། ཡང་གཅུང་སྡེ་པ་བཀྲ་ཤིས་རབ་བརྟན་པས། གོང་སར་ཡར་རྒྱབ་ནས་ཞབས་འདྲེན་ཞུ་སྐབས་སྐྱིད་ཤོད་ཀྱི་དཔུང་རྣམས་ལྷོ་ཁར་བཏོན་པ་སོགས་སྡེ་སྲིད་ཀྱི་ཞབས་ཏོག་ཏུ་གྱུར་བར་བརྟེན། གཞིས་ཀ་བྲག་དཀར་གྱི་རྫོང་དཔོན་གནང་། ཞེས་གསལ་བར་གཞིགས་ན་གཅེན་ནང་སོ་དོན་གྲུབ་རྒྱལ་པོ་དང་གཅུང་སྡེ་པ་བཀྲ་ཤིས་རབ་བརྟན་གཉིས་ཀ་བྲག་དཀར་བདེ་ཆེན་རྫོང་དུ་བཞུགས་མྱོང་ཡང་། བྲག་དཀར་བདེ་ཆེན་རྫོང་གི་རྫོང་དཔོན་དངོས་སུ་གནང་མྱོང་བ་ནི་ས་སྐྱོང་བཀྲ་ཤིས་རབ་བརྟན་ཡིན་པ་གསལ་ཡོད་པས་ཨ་ཁུ་སྟོན་པ་དང་དུས་མཉམ་པའི་སྡེ་པ་སྐྱིད་ཤོད་པ་ནི་ས་སྐྱོང་བཀྲ་ཤིས་རབ་བརྟན་ཡིན་པ་དེ་གསལ་པོར་མཐོང་ཐུབ་ཀྱང་། ཡུལ་དེ་གའི་རྒད་པོ་ཁག་གཅིག་གི་ངག་རྒྱུན་དུ་ཨ་ཁུ་སྟོན་པ་ནི་སྐྱིད་ཤོད་པ་བསོད་ནམས་རབ་བརྟན་གྱི་དུས་སུ་བྱུང་བའི་མི་སྣ་ཞིག་ཡིན་ཞེས་པའི་གསུང་རྒྱུན་དེར་གཞིགས་ན་སྐབས་དེར་བདེ་ཆེན་རྫོང་ལ་དངོས་སུ་བཞུགས་མྱོང་བའི་སྡེ་པ་སྐྱིད་ཤོད་པ་བཀྲ་ཤིས་རབ་བརྟན་དང་། ཁོང་གི་ཡབ་བསོད་ནམས་རྒྱལ་པོ་གཉིས་ཀྱི་མཚན་ཟུར་ལས་བཀྲ་ཤིས་དང་བསོད་ནམས་གཉིས་ནོར་འཛོལ་གྱིས་བཀྲ་ཤིས་རབ་བརྟན་ཞེས་པར་བསོད་ནམས་རབ་བརྟན་ཞེས་བརྗོད་པའམ། ཡང་ན་གོང་ས་ལྔ་པ་ཆེན་པོའི་སྐབས་ཀྱི་མི་སྣ་སྙན་གྲགས་ཅན་ཕྱག་མཛོད་བསོད་ནམས་རབ་བརྟན་ཞེས་པ་དང་འཕྲུལ་པ་མིན་ནམ་སྙམ། གང་ལྟར་ཨ་ཁུ་ཞལ་བཞུགས་དུས་ཀྱི་སྡེ་པ་སྐྱིད་ཤོད་པ་དེ་ཡང་སྙིང་སུ་ཞིག་ཡིན་མིན་དེ་ད་དུང་ཡང་མུ་མཐུད་དཔྱད་དགོས་པར་འདུག་ཅིང་། སྐབས་དེའི་ལོ་རྒྱུས་ཀྱི་ཡིག་ཆར་བྲག་དཀར་བདེ་ཆེན་རྫོང་གི་རྫོང་དཔོན་དངོས་སུ་གནང་མྱོང་མཁན་ནི་སྡེ་པ་སྐྱིད་ཤོད་པ་བཀྲ་ཤིས་རབ་བརྟན་ཡིན་པ་གསལ་ཡོད་པས། ད་ལན་འདིར་ཨ་ཁུ་སྟོན་པ་ཞལ་བཞུགས་དུས་ཀྱི་སྡེ་པ་སྐྱིད་ཤོད་པ་དེ་ས་སྐྱོང་བཀྲ་ཤིས་རབ་བརྟན་ཡིན་པར་བརྩིས་ན། བཀྲ་ཤིས་རབ་བརྟན་ནི་སྤྱི་ལོ་༡༥༣༡ལོར་སྐུ་འཁྲུངས་ཤིང་། སྤྱི་ལོ་༡༥༦༨ལོ་ནས་སྐྱིད་ཤོད་སྡེ་པའི་གོ་གནས་བཟུང་པས་བདེ་ཆེན་གྱི་པད་ནག་ཕུར་བྱུང་པའི་ཨ་ཁུ་སྟོན་པ་ནི་སྤྱི་ལོའི་དུས་རབས་བཅུ་དྲུག་པའི་ནང་བྱུང་ཞིང་། ད་ལྟ་ནས་བརྩིས་པའི་མི་ལོ་བཞི་བརྒྱ་ལྔ་བཅུ་ལྷག་ཙམ་གྱི་གོང་དུ་བྱུང་བའི་མི་སྣ་སྙན་གྲགས་ཅན་ཞིག་ཡིན་པ་གསལ་པོར་མངོན་ནོ། །

བདེ་ཆེན་གྱི་པད་ནག་ཕུ་ཞེས་པའི་ཡུལ་དེ་ནི་ཕག་གྲུ་སྡེ་སྲིད་སྐབས་ཀྱི་རྫོང་ཆེན་བཅུ་གསུམ་གྱི་གྲས་ཤིག་ཡིན་པའི་བྲག་དཀར་བདེ་ཆེན་རྫོང་གི་ས་ཁོངས་སུ་ཡིན་ལ། ས་ཆ་དེར་དེང་སྐབས་ལྷ་ས་གྲོང་ཁྱེར་སྟག་རྩེ་རྫོང་བདེ་ཆེན་གྲོང་བརྡལ་པད་ནག་གྲོང་ཚོ་ཞེས་བརྗོད་ཀྱི་ཡོད། གལ་ཏེ་ཁྱེད་རང་ཨ་ཁུ་སྟོན་པ་འཁྲུངས་སའི་ས་ཡུལ་དངོས་དེ་གང་དུ་ཡོད་མིན་མཁྱེན་འདོད་ན་ས་ཆ་དེ་ནི་བདེ་ཆེན་གྲོང་བརྡལ་གྱི་ཤར་ངོས་སུ་ཡོད་པའི་ས་ཆུ་ཟམ་པ་སྒྲོལ་མཚམས་ཀྱི་ལྷོ་ངོས་སུ་བ་གླང་ཤར་པད་ནག་གྲོང་ཚོར་སྐྱོད་སའི་ལམ་ཆེན་ཞིག་ཡོད་ཅིང་། ལམ་ཆེན་དེ་བརྒྱུད་ནས་མུ་མཐུད་སྤྱི་ལེ་༨ཙམ་བསྐྱོད་ན་ཤ་ལ་གྲོང་ཚོར་འབྱོར། ཤ་ལ་གྲོང་ཚོ་དང་། དེའི་ལྷོ་ངོས་ཀྱི་རེ་སྔ་གྲོང་ཚོ་གཉིས་བར་གྱི་གཞོགས་གཡས་ངོས་སུ་འབུམ་པ་ལོག་རོ་ཞིག་གི་འགྲམ་དུ་གྱང་རོ་དང་རྩིག་རྟེན་སྣ་ཚོགས་ཤིག་མཐོང་རྒྱུ་ཡོད་པ་དེ་ནི་དེ་སྔོན་ཨ་ཁུ་སྟོན་པའི་འཁྲུངས་ཡུལ་དང་། རྒྱུན་བཞུགས་བྱེད་ས་དེ་ཡིན་པས་ས་ཆ་དེར་ད་ལྟའང་དེ་གའི་རྒྱུད་ཀྱི་ཡུལ་མི་ཀུན་གྱིས་ཨ་ཁུའི་གྱང་གོག་ཅེས་བརྗོད་ཀྱི་ཡོད་ལ། ད་དུང་གྱང་རོ་དེའི་ནུབ་ངོས་སུ་འབུམ་པ་ཆེ་ཆུང་གཉིས་མཇལ་རྒྱུ་ཡོད་པ་དེ་ལས་འབུམ་པ་ཆེ་བ་དེ་ནི་ཨ་ཁུའི་ཨ་མ་གྲོངས་རྗེས་ཚ་ཚ་བྱེ་བ་གཅིག་བཏབ་ནས་དེ་དག་གཟུངས་གཞུག་ཏུ་ཕུལ་ཏེ་བཞེངས་པས་འབུམ་པ་དེར་དེང་སྐབས་ཀྱང་བྱེ་བ་འབུམ་པ་ཞེས་བརྗོད་པ་དང་། དེ་བཞིན་འབུམ་པ་ཆུང་བ་དེ་ཡང་ཨ་ཁུ་སྟོན་པའི་ཨ་མ་གྲོངས་སྐབས་སྲི་གནོན་གྱི་ཕྱིར་ཚ་ཚ་སྟོང་བཞེངས་ཏེ་དེ་དག་གཟུངས་གཞུག་ཏུ་ཕུལ་ནས་བཞེངས་པས་ན་དེང་སྐབས་ཀྱང་འབུམ་ཆུང་དེར་མི་རྣམས་ཀྱིས་སྟོང་འབུམ་པའམ་ཡང་ན་སྲི་གནོན་འབུམ་པ་ཞེས་བརྗོད་ཀྱི་ཡོད། ད་དུང་འབུམ་ཆུང་དེའི་ཉེ་འགྲམ་དུ་དུར་ཁྲོད་ཅིག་ཡོད་པ་དེར་སྔར་ཨ་ཁུའི་ཨ་མ་གྲོངས་རྗེས་ཕུང་པོ་བསྐྱལ་སའི་དུར་ཁྲོད་ཡིན་ཟེར་ཞིང་། འབུམ་ཆུང་དང་དུར་ཁྲོད་ཀྱི་བར་དེར་སྔར་ཁྱིམ་གཞིས་ཆགས་ཤུལ་གྱི་རྩིག་གདན་དང་གྱང་རོ་འགའ་ཞིག་མཐོང་རྒྱུ་ཡོད་པ་དེ་ནི་སྔོན་ཨ་ཁུ་གྲུ་གུ་རྟ་ཐོགས་ཀྱི་ཁང་པ་ཡིན་ཞེས་དེ་གའི་ཡུལ་མི་རྣམས་ཀྱི་གསུང་རྒྱུན་དུ་ཆགས་ཡོད་ལ། ཨ་ཁུ་སྟོན་པའི་སྒྲུང་གཏམ་མང་པོ་ཞིག་གི་ནང་དུའང་ཨ་ཁུ་སྟོན་པ་དང་ཨ་ཁུ་གྲུ་གུ་རྟ་ཐོགས་གཉིས་གྲོང་པ་ཁྱིམ་མཚེས་ཡིན་པའི་སྐོར་མང་པོ་ཐོས་རྒྱུ་ཡོད་པ་དཔེར་ན། ཨ་ཁུ་སྟོན་པས་ཨ་ཁུ་གྲུ་གུ་རྟ་ཐོགས་ལ་སྤྱིན་ཁུ་དང་པོ(འཕན་པོའི་ཁ་སྐད་དུ་སྤིན་ཁུ་ཞེས་བརྗོད།)གྲོང་པའི་ཝ་ཤུར(ཁ་སྐད་ལ་ཨོར་ཞུ་ཞེས་ཟེར།)ནང་བླུགས་དགོས་ཞེས་བརྗོད་ནས་ཨ་ཁུ་སྟོན་པ་རང་གི་ཐོག་ཁའི་ཝ་ཤུར་ནང་སྤྱིན་ཁུ་བླུགས་བཅུག་སྟེ་གཤམ་འོག་ནས་ཨ་ཁུ་སྟོན་པས་སླང་ང་བཟེད་དེ་བསྡད་པའི་སྐོར་ལྟ་བུའོ། །འོན་ཀྱང་དེ་སྔོན་ཨ་ཁུ་སྟོན་པ་འཚོ་སྡོད་བྱེད་མྱོང་བའི་གྲོང་ཚོ་དེ་དུས་སྔ་མོ་ཞིག་ནས་མི་མེད་ལུང་སྟོང་དུ་གྱུར་ཏེ་དེ་གའི་ཡུལ་མི་རྣམས་རེ་སྔ་གྲོང་ཚོ་སོགས་ལ་གནས་སྤོས་བྱས་ཤིང་། དེང་སྐབས་རེ་སྔ་གྲོང་ཚོའི་ནང་གྲོང་པ་ཞེས་པའི་དུད་ཚང་ཞིག་ཡོད་པ་དེ་ཡང་དེ་སྔོན་ཨ་ཁུ་སྟོན་པའི་གྲོང་པ་ཡིན་པས་དུས་ད་ལྟ་ཡང་དུད་ཚང་དེའི་མིང་ལ་གྲོང་པ་ཞེས་ཡོངས་གྲགས་སུ་གྱུར། སྤྱི་ལོ་༡༩༥༩ལོའི་གོང་དུ་དེ་སྔོན་ཨ་ཁུ་བཞུགས་མྱོང་བའི་ཁང་ཤུལ་གྱི་གྱང་རོ་དེ་དག་གསལ་པོར་མཐོང་རྒྱུ་ཡོད་ཀྱང་རྗེས་སུ་གྲོང་གསར་འཛུགས་སྐྲུན་བྱེད་པའི་བརྒྱུད་རིམ་ནང་གྱང་རོ་དེ་དག་བསྔོགས་ཏེ་ད་ལྟ་མང་ཆེ་བ་སྔར་གྱི་རྩིག་གདན་ཙམ་ལས་མཐོང་རྒྱུ་མེད་ཀྱང་བ་གླང་མཚོ་སྟོད་ཀྱི་ཕུ་ཆུ་རྒྱུག་སའི་ཉེ་འགྲམ་དུ་ཨ་ཁུའི་ལུག་ཅེས་འབོད་པའི་རྡོ་ཆེན་ལུག་འདྲ་བ་དེ་དག་དང་། ཤིབ་ཀྱོག་ཅེས་བརྗོད་པའི་ཨ་ཁུའི་ཞིང་ཁ་དེ་ད་ལྟ་ཡང་ངེད་ཚོའི་མིག་ལམ་དུ་གསལ་པོར་མངོན་རྒྱུ་ཡོད་དོ། །འདིར་གསལ་བཤད་ཞུ་དགོས་པ་ཞིག་ལ་འབྲི་གུང་ཆོས་འབྱུང་ནང་། ཨ་ཁུ་སྟོན་པ་ནི། འབྲི་གུང་དུ་སྐྱུ་རའི་རིགས་ལས་བལྟམས་ཤིང་ཆོས་རྗེའི་ཞབས་ལ་གཏུགས་པས་ཐུགས་སྲས་སུ་གྱུར། རྣལ་འབྱོར་གྱི་སྤྱོད་པས་རྒྱལ་ཁམས་བསྐོར་ཞིང་། བརྟུལ་བཞུགས་སྤྱོད་པ་ཅི་ཡང་བསྐྱངས་ཏེ་གཞན་ཕན་ཆེར་མཛད། སྤ་རའི་མདོར་སྒྲུབ་པ་མཛད་པའི་ཤུལ་ད་ལྟའང་མཆིས་ཤིང་། སྤྱན་སྔས་ཀྱང་བསྔགས་བརྗོད་ཆེ། ཉིད་ཀྱི་མཛད་པ་ལས་འཕྲོས་ནས་ཨ་ཁུ་སྟོན་པའི་སྒྲུང་ཞེས་གྲགས་ཆེ་བ་འདི་ཉིད་བྱུང་བར་སྣང་ངོ་། །ཞེས་གསལ་བར་གཞིགས་ན་སྤྱི་ལོ༡༢༣༤ལོར་འབྲི་གུང་གི་ཁྲི་ལ་ཕེབས་པའི་འབྲི་ཁུང་གདན་རབས་བཞི་པ་ཆོས་རྗེ་གྲགས་པ་འབྱུང་གནས་ཀྱི་དུས་སྐབས་སུ་ཡང་དབུས་སྟོད་འབྲི་གུང་གི་རྒྱུད་དུ་དབུས་ཀྱི་ཨ་ཁུ་སྟོན་པ་ཞེས་སུ་འབོད་པའི་མི་སྣ་སྙན་གྲགས་ཅན་ཞིག་བྱུང་བར་གྲགས་ཀྱང་དེའི་ཞིབ་ཕྲའི་ལོ་རྒྱུས་ནི་ད་བར་མཐོང་ཆོས་སུ་མ་འགྱུར་བས་མུ་མཐུད་དཔྱད་ཞིབ་གནང་དགོས་པར་འདུག་ཅིང་། གང་ལྟར་ཡང་བདེ་ཆེན་གྱི་པད་ནག་ཕུར་བྱུང་བའི་ཨ་ཁུ་སྟོན་པ་དང་། འབྲི་གུང་དུ་སྐྱུ་རའི་རིགས་ལས་བལྟམས་པའི་ཨ་ཁུ་སྟོན་པ་གཉིས་མི་སྣ་གཅིག་མ་ཡིན་པ་ནི་གོང་གི་ལོ་ཚིགས་དེ་ལས་ཤེས་སོ། །
ཨ་ཁུ་སྟོན་པ་བ་གླང་ཤར་ཞེས་པའི་ཡུལ་དེར་འཚོ་བཞུགས་གནང་རིང་དེའི་ཉེ་འཁོར་གྱི་ས་ཆ་གང་སར་དགོད་བྲོ་བའི་སྒྲུང་གཏམ་མང་པོ་ཞིག་དང་། སྒྲུང་གཏམ་དེ་དག་འབྱུང་སའི་ས་ཡུལ་དངོས་རྣམས་ད་ལྟའང་མིག་མཐོང་ལག་ཟིན་དུ་ཡོད་པ་དཔེར་ན་སྔོན་བདེ་ཆེན་རྫོང་གི་ཤར་ངོས་སུ་ཡོད་པའི་སྟོང་ཕྲག་དབྱར་མ་ཞེས་པའི་ཞིང་ཁ་དེར་ཆུ་ཤིན་ཏུ་འདྲེན་དཀའ་བས་ལོ་ཤས་གོང་ནས་དབྱར་མ་དེ་འདེབས་མཁན་མེད་པར་གྱུར། དེས་ན་ཨ་ཁུ་སྟོན་པས་བདེ་ཆེན་རྫོང་ལ་བསྐྱོད་དེ་རྫོང་དཔོན་ལ་ངས་སྟོང་ཕྲག་དབྱར་མ་གདབ་རྒྱུ་ཡིན་པས་གྲོ་སོན་ཁལ་བཅོ་བརྒྱད་གཡར་རོགས་གནང་། རྗེས་སུ་མ་བོག་གྲངས་ཚང་འབུལ་ལམ་ཞུ་རྒྱུ་ཡིན་ཞེས་བརྗོད་པས་རྫོང་དཔོན་གྱིས་ནི་དབྱར་མ་དེ་ལོ་ཤས་གོང་ནས་འདེབས་མཁན་རག་གི་མེད་པས་ཨ་ཁུའི་རེ་བ་དེ་ལམ་སེང་ཁས་ལེན་གནང་། འོན་ཀྱང་ཨ་ཁུས་གྲོ་ཁལ་བཅོ་བརྒྱད་དེ་དག་ཡུལ་དེ་གའི་ཁྲལ་པ་སྐྱོ་བོ་དག་ལ་བགོས་འགྲེམས་ཀྱིས་སྟོང་ཕྲག་དབྱར་མར་མིག་བལྟ་ཙམ་ཡང་བྱས་མེད། སྐབས་དེར་ལོ་ལྟར་དབྱར་གྱི་དུས་སུ་རྫོང་དཔོན་ལྷན་རྒྱས་འཁོར་དང་བཅས་པ་མཉམ་འཛོམས་ཀྱིས་དབྱར་སྐྱིད་གླིང་ཁ་སྤྲོ་བོ་ཞིག་གཏོང་གི་ཡོད་པ་ལྟར། ཨ་ཁུས་ཉིན་ཤས་གོང་ནས་བྲོ་འཁྲབ་སྟངས་ལེགས་པོ་ཞིག་སྦྱོང་བརྡར་གྱིས་རྫོང་དཔོན་ལྷན་རྒྱས་སྤྲོ་སྐྱིད་གཏོང་བའི་ཉིན་མོ་དེར་བྲོ་ཆས་སྤྲས་ནས་རྫོང་དུ་བསྐྱོད་དེ་རྫོང་གི་རྡོ་སྐས་འཛེགས་ཀྱིན་དུ་རྔ་བརྡུང་ཞིང་བྲོ་འཁྲབ་ནས་རྫོང་དཔོན་གྱི་སྐུ་མདུན་དུ་བཅར། རྫོང་དཔོན་གྱིས་ཨ་ཁུ་སྟོན་པ་ཁྱེད་སྔ་པོ་དེ་འདྲ་ནས་རྔ་བརྡུང་བྲོ་འཁྲབ་དེ་འདྲ་བྱེད་དགོས་དོན་ག་རེ་ཡིན་པཱ་ཞེས་བཀའ་འདྲི་གནང་སྐབས་ཨ་ཁུས་ང་དེ་རིང་འདིར་སྐུ་བཅར་ཞུ་དོན་ནི་གྲོའི་སྐྱིན་པར་བྲོ་ཕུལ་ཆོག་པ་ཞིག་དང་། གྲོ་འབོ་ལ་འཇལ་མི་དགོས་པ་ཞིག་སྐྱབས་འཇུག་གནང་རོགས་ཞུ་མཁན་ཡིན་ཞེས་ཞུས་པས། རྫོང་དཔོན་གྱིས་གྲོའི་སྐྱིན་པར་བྲོ་ཕུལ་ན་འགྲིག་ལ་གཡར་བའི་གྲོ་ལས་མ་ཉུང་བ་ཞིག་སྤྲད་ན་འབོ་ལ་མ་འཇལ་ནའང་འགྲིག་གི་རེད་ཅེས་བརྗོད། དེ་ནས་ཨ་ཁུས། རྫོང་དཔོན་ལྷན་རྒྱས་ཀྱི་སྐུ་མདུན་དུ་བྲོ་འཁྲབ་འགོ་ཚུགས་པ་ནི། སྟེང་ཕྱོགས་ལྷ་ནས་ཕེབས་པའི། །ལྷ་ཡི་དབང་པོ་བརྒྱ་སྦྱིན། །དེ་རིང་ཨ་ཁུའི་བྲོ་ལ། །གཟིགས་མོ་གཟིགས་པར་ཕེབས་ཤོག  །བར་ཕྱོགས་བཙན་ནས་ཕེབས་པའི། །བཙན་རྒོད་འབར་བ་སྤུན་བདུན། །དེ་རིང་ཨ་ཁུའི་བྲོ་ལ། །གཟིགས་མོ་གཟིགས་པར་ཕེབས་ཤོག  །འོག་ཕྱོགས་ཀླུ་ནས་ཕེབས་པའི། །ཀླུ་རྒྱལ་དགའ་པོ་འཇོག་པོ། །དེ་རིང་ཨ་ཁུའི་བྲོ་ལ། །གཟིགས་མོ་གཟིགས་པར་ཕེབས་ཤོག །གྲོ་ལ་བྲོ་སྐྱིན་ཕུལ་ཡོད་ཕུལ་ཡོད། །ས་སྦྱངས་ས་འདུལ། །ས་གཞི་ཐམས་ཅད་བྱིན་གྱིས་བརླབས་པའི་བྲོ། །ཞེས་པ་སོགས་འཁྲུག་ཆ་དོད་པའི་བྲོ་ཞིག་འཁྲབ་རྗེས་རྫོང་དཔོན་ལྷན་རྒྱས་སྤྲོ་སྣང་འཕེལ་བའི་སྐབས་དང་བསྟུན་ནས་རྫོང་དཔོན་ལ་བྲོ་ཡག་པོ་བྱུང་མིན་བཀའ་འདྲི་ཞུ་སྐབས་རྫོང་དཔོན་གྱིས་བྲོ་ཧ་ཅང་ཡག་པོ་འདུག་གསུངས་བས། ཨ་ཁུས་བྲོ་ཡག་པོ་བྱུང་ན་བྱུང་འཛིན་གནང་རོགས་ཞེས་ཞུས་པར། རྫོང་དཔོན་གྱིས་བྱུང་འཛིན་འབྲི་དགོས་དོན་ག་རེ་ཡོད། བྲོ་ཡག་པོ་ཡོད་པ་མི་ཚང་མས་མཐོང་གསལ་ཡིན་ཞེས་གསུངས་པར། ཨ་ཁུས་ད་བྱས་ན་ལྷན་རྒྱས་ཀྱིས་བྲོ་ཡག་པོ་ཕུལ་བའི་དཔང་པོ་གནང་རོགས་ཞུས་པར། དེ་ཡོད་ལྷན་རྒྱས་ཀྱིས་མགྲིན་དབྱངས་གཅིག་གྱུར་ངང་བྲོ་ཡག་པོ་ཕུལ་སོང་། བྲོ་དངོས་ནས་ཡག་པོ་ཕུལ་སོང་ཞེས་ཁས་ལེན་གནང་། དེ་ནས་ལོ་དེ་གའི་སྟོན་མཇུག་ཏུ་སླེབས་ན་ཡང་ཨ་ཁུས་རྫོང་དཔོན་ལ་གྲོའི་སྐྱིན་པ་འབུལ་མཁན་མེད་པས་རྫོང་དཔོན་ནས་ཨ་ཁུར་གྲོའི་སྐྱིན་པ་འཇལ་དགོས་པའི་བརྡ་གཏོང་སྐབས། ཨ་ཁུས་རྫོང་དཔོན་གྱི་སར་བཅར་ཏེ་ངས་དབྱར་གྱི་དུས་ནས་རྫོང་དཔོན་ལྷན་རྒྱས་ཀྱི་སྐུ་མདུན་དུ་གྲོའི་སྐྱིན་པར་བྲོ་ཕུལ་ཟིན་པ་མ་ཟད་རྫོང་དཔོན་ལྷན་རྒྱས་ནས་བྲོ་ཡག་པོ་ཕུལ་བའི་ཞལ་བཞེས་ཀྱང་ཐོབ་བྱུང་ཞེས་བརྗོད་པས། རྫོང་དཔོན་གྱིས་དེ་ལྟར་ཡིན་ན་ངས་སྐབས་དེར་ཟ་བའི་གྲོ་དང་འཁྲབ་པའི་བྲོ་གཉིས་ནོར་འདུག་པས་ཨ་ཁུ་ཁྱོད་ཀྱིས་གྲོའི་སྐྱིན་པ་དེ་ངེས་པར་དུ་སྤྲོད་དགོས་ཞེས་གསུངས་སྐབས། ཨ་ཁུས་ང་ལ་གྲོ་གཏན་ནས་འབུལ་རྒྱུ་མེད་པས་ཁྱིམ་ནང་ཡོད་པའི་བ་ཕྱུགས་གཅིག་པོ་དེ་ཕུལ་ཆོག་པ་ཞིག་ཐུགས་རྗེས་གཟིགས་རོགས་གནང་ཞུས་པར་རྫོང་དཔོན་ནས་དེ་ལྟར་ཁས་ལེན་གནང་། རྫོང་དཔོན་གྱིས་ཁས་ལེན་གནང་བ་བཞིན་ཨ་ཁུས་བ་ཕྱུགས་དེ་རྫོང་དཔོན་ལ་འབུལ་བར་བཅར་སྐབས་ཨ་ཁུའི་བ་ཕྱུགས་ནི་སྐམ་རུ་འཐག་ཁྲི་འདྲ་བ་ཞིག་ཡོད་པས། རྫོང་དཔོན་གྱིས་ཁྱོད་ཀྱི་བ་ཕྱུགས་དེ་ལ་གྲོ་ཁལ་བཅོ་བརྒྱད་བཞག་ནས་གྲོ་ཁལ་གཅིག་ཀྱང་རི་བ་མི་འདུག་ཀྱང་ད་ལན་ཨ་ཁུ་ཁྱོད་ཀྱིས་བ་ཕྱུགས་དེ་ལ་བཤད་པ་ཡག་པོ་ཞིག་རྒྱག་ཐུབ་ན་དེ་གས་འགྲིག་པ་བྱེད་ཅེས་གསུངས་བས་ཨ་ཁུས་དེ་མུར་རང་གི་བ་ཕྱུགས་དེ་ལ་བཤད་པ་འདི་འདྲ་ཞིག་བརྒྱབ་པ་ནི། ཁ་དེ་བྲེ་ལ་ར་ཅོ་སྲང་། །བྲེ་སྲང་ཆ་གཅིག་ཨ་ཁུའི་བ། །དེ་ལ་འབོ་དྲུག་བརྩི་རོགས་གནང་། །སྒལ་པ་གྲི་ལ་རྩིབ་མ་ཁྲབ། །གྲི་ཁྲབ་ཆ་གཅིག་ཨ་ཁུའི་བ། །དེ་ལ་འབོ་དྲུག་བརྩི་རོགས་གནང་། །རྙང་མ་མདའ་ལ་རྐང་པ་གཞུ། །མདའ་གཞུ་ཆ་གཅིག་ཨ་ཁུའི་བ། །དེ་ལ་འབོ་དྲུག་བརྩི་རོགས་གནང་། །ཞེས་ཞུས་པས་ཨ་ཁུའི་བཤད་པ་དེ་ལ་བརྟེན་ནས་གྲོ་ཁལ་བཅོ་བརྒྱད་དེ་སྤྲོད་དགོས་མ་བྱུང་ཡང་རྗེས་སུ་རྫོང་དཔོན་གྱིས་ཨ་ཁུས་གྲོའི་སྐྱིན་པར་བྲོ་ཕུལ་ཏེ་རྫོང་དཔོན་ལ་མགོ་སྐོར་བཏང་བ་དེའི་ཉེས་ཆད་ལྟ་བུར་ཨ་ཁུའི་བྲོ་དེ་ཨ་ཁུས་གྲོ་སོན་བགོས་སའི་དུད་ཚང་དེ་དག་དང་མཉམ་དུ་ལོ་ལྟར་བདེ་ཆེན་གསང་སྔགས་དགོན་གྱི་བདེ་ཆེན་དཀར་མེའི་དུས་ཆེན་སྐབས་འཁྲབ་དགོས་པའི་བཀའ་ཕེབས་པ་ལྟར་དུས་དེ་ནས་བཟུང་སྒྲོ་སྡོང་འོག་དང་། ཤིང་རི་ཤར་སོགས་ཁྲལ་པའི་མི་ཚང་བཅུ་ཡིས་ལོ་ལྟར་བདེ་ཆེན་དཀར་མེའི་དུས་ཆེན་སྐབས་བྲོ་དེ་འཁྲབ་དགོས་ཀྱི་ཡོད། དེ་ལྟར་བདེ་ཆེན་གྱི་ཨ་ཁུའི་བྲོ་དེའི་འཁྲབ་བྱའི་ནང་དོན་དང་། འཁྲབ་རྩལ་སོགས་གང་སར་ལོ་རེ་བཞིན་ཡར་རྒྱས་ཆེན་པོ་ཕྱིན་ཏེ་འཁྲབ་རྩལ་འཁྲུག་ཆ་དོད་ལ་འཁྲབ་སྟངས་རིགས་མང་བ་དང་། ཚིག་ཚོ་ལ་གདངས་སྙན་པ་སོགས་ཀུན་གྱི་ཡིད་དབང་འཕྲོག་པའི་བྲོ་ཞིག་ཏུ་གྱུར་བས་ན། དེའི་སྙན་གྲགས་གང་སར་ཁྱབ་ནས་རྗེས་སུ་ལྷ་ས་སྨོན་ལམ་ཆེན་མོའི་བྱམས་པ་གདན་འདྲེན་གྱི་སྐབས་མཛད་སྒོའི་འགོ་འཛིན་པས་བདེ་ཆེན་གྱི་ཨ་ཁུ་སྟོན་པའི་བྲོ་ཡར་ཕེབས་ཤིག་ཅེས་གསུངས་ནས་གཞས་མང་ཀུན་གྱི་ནང་ནས་ཨང་དང་པོར་འཁྲབ་དགོས་པའི་དམིགས་བསལ་གྱི་བྲོ་ཞིག་ཏུ་ཡང་གྱུར་ཡོད། དེས་ན་སྤྱི་ལོ་༡༩༥༩ལོ་བར་ལོ་ལྟར་བྲོ་དེ་བདེ་ཆེན་དཀར་མེའི་དུས་ཆེན་དང་། ལྷ་ས་སྨོན་ལམ་ཆེན་མོའི་བྱམས་པ་གདན་འདྲེན་གྱི་སྐབས་སོགས་ཡུལ་ཕྱོགས་མང་པོར་འཁྲབ་སྟོན་གྱིས་མི་ཐོག་ཁ་ཤས་བརྒྱུད་ཟིན་ན་ཡང་། རིག་གསར་སྐབས་བོད་ཀྱི་དམངས་སྲོལ་རིག་གནས་ལ་ཉེས་མེད་ཀྱི་ཞྭ་མོ་སྣ་ཚོགས་གཡོག་སྟེ་ལོ་ཤས་རིང་འཁྲབ་སྟོན་བྱེད་མཚམས་འཇོག་དགོས་བྱུང་།

དེ་ནས་རིག་གསར་མཇུག་སྒྲིལ་རྗེས་སྔར་གྱི་བྲོ་པ་རྣམས་སྒྲིག་འཛུགས་ཀྱིས་བདེ་ཆེན་གསང་སྔགས་མཁར་གྱི་དབྱར་འཆམ་ཆེན་མོའི་སྐབས་འཁྲབ་སྟོན་ལོ་ཤས་གནང་བའི་རྗེས་བྲོ་བ་རྒན་པ་ཁག་གཅིག་ཚེ་ལས་འདས་པ་དང་། ཁག་གཅིག་ལོ་ན་ཧ་ཅང་མཐོ་བས་ལོ་ཤས་འཁྲབ་མཚམས་ཆོད་ན་ཡང་། སྤྱི་ལོ་༢༠༡༠ལོར་སྟག་རྩེ་རྫོང་རིག་གནས་ཅུས་ཀྱིས་བདེ་ཆེན་གྱི་ཨ་ཁུའི་བྲོ་དེ་དངོས་མིན་རིག་གནས་སྲུང་སྐྱོབ་ཀྱི་ལས་གཞིའི་ནང་བཅུག་སྟེ་བྲོ་བ་གསར་པ་ཁག་གཅིག་སྒྲིག་འཛུགས་ཀྱིས་སྔར་གྱི་བྲོ་བ་རྒན་པོ་གཉིས་ཙམ་འཚོ་བཞུགས་ཡོད་པ་དེ་གཉིས་དགེ་རྒན་དུ་བསྟེན་ནས་བྲོ་འཁྲབ་སྟངས་བསླབས་ཏེ་ད་ལྟ་གཤམ་སྐྱོད་གསུམ(གཤམ་སྐྱོད་གསུམ་ཞེས་པ་ནི་ཁྲིམས་ལུགས་དྲིལ་བསྒྲགས་དང་། སྨན་བཅོས། རིག་རྩལ་འཁྲབ་སྟོན་སོགས་ཀྱི་ཚོགས་པ་གསུམ་སྒྲིག་འཛུགས་ཀྱིས་གཞི་རིམ་མང་ཚོགས་སར་བསྐྱོད་པ་ལ་ཟེར)སོགས་དམིགས་བསལ་གྱི་བྱེད་སྒོ་དང་། དུས་ཆེན་ཁག་ཏུ་འཁྲབ་སྟོན་བྱེད་མུས་ཡིན། ཡང་ཐེངས་གཅིག་ཨ་ཁུ་སྟོན་པས་རང་ཁྱིམ་དུ་ཞབས་བརྟན་བསྒྲུབ་ཕྱིར་བདེ་ཆེན་གསང་སྔགས་དགོན་པའི་གྲྭ་པ་རྣམས་གདན་དྲངས་པ་མ་ཟད། གྲྭ་པ་རྣམས་ལ་ཞལ་ལག་བཟོ་ཕྱིར་གསང་སྔགས་དགོན་པའི་ཚོགས་ཁྲོ་ཡང་གཡར། གྲྭ་པ་རྣམས་ཨ་ཁུའི་ཁྱིམ་དུ་ཞབས་བརྟན་བསྒྲུབས་ནས་ཉིན་གུང་ཕྱི་ཡོལ་དུ་སླེབས་ན་ཡང་ཨ་ཁུས་ཞལ་ལག་གཏན་ནས་གྲ་སྒྲིག་མ་བྱས་པས་གྲྭ་པ་རྣམས་ཀྱི་ཁྲོད་ནས་རྒན་པ་ཞིག་གིས་ཨ་ཁུར་ཞལ་ལག་གྲ་སྒྲིག་དགོས་པའི་སྐུལ་མ་བྱེད་སྐབས་ཨ་ཁུས་འོ་ཙིས་ཁྱེད་རང་ཐུགས་ཁྲལ་གཏན་ནས་གནང་མི་དགོས་ཞལ་ལག་སྔ་ས་ནས་གྲ་སྒྲིག་ཞུས་ཟིན་པ་ཡིན། དེ་རིང་གི་ཞལ་ལག་ནི་མགོ་ཞོ་སིལ་སྙན་ཡིན་ཞེས་བརྗོད་པ་དང་། གང་ཙམ་ནས་ཨ་ཁུས་གྲྭ་པ་རེ་རེའེ་མདུན་དུ་སིལ་སྙན་རེ་དཀྲོལ་བ་དང་ཆབས་ཅིག་མགོའི་སྟེང་དུ་ཞོ་ཐུར་མ་གང་རེ་བླུགས། དེ་ནས་དགོང་མོ་ཆགས་ན་ཡང་ད་དུང་ཞལ་ལག་འབུལ་མཁན་མེད་པས། སླར་ཡང་ཨ་ཁུར་ད་ཞལ་ལག་འབུལ་རན་འདུག་ཅེས་བརྗོད་སྐབས་ཨ་ཁུས་འོ་ཙིས་ཞལ་ལག་སྔ་ས་ནས་ཕུལ་ཟིན་པ་ཡིན། དེ་རིང་གི་ཞལ་ལག་ནི་མགོ་ཞོ་སིལ་སྙན་ཡིན་ཞེས་སྔོན་ནས་ཞུས་ཟིན་པ་མ་ཟད་སིལ་སྙན་ནི་དཀྲོལ་ཡོད། མགོའི་སྒང་ལ་ཞོ་ནི་ཕུལ་ཡོད་ཅེས་ཞུས་པས་གྲྭ་པ་རྣམས་ནི་གསོལ་གྲོད་བཅོམ་བཞིན་དུ་ག་ཟེར་འདི་ཟེར་མེད་པར་དགོན་པར་ཕྱིར་ལོག་གནང་དགོས་བྱུང་། དེ་ནས་སང་ཉིན་ཨ་ཁུས་དགོན་པར་ཚོགས་ཁྲོ་འབུལ་བར་ཡོང་སྐབས་གྲྭ་པ་རྣམས་ཁོང་ཁྲོ་ཟ་སྟེ་ཨ་ཁུར་ཁྱི་གློད་པས་ཨ་ཁུས་ཚོགས་ཁྲོ་ཁ་སྦུག་བསློགས་ཏེ་དེའི་ནང་འཛུལ། ཁྱིས་ཚོགས་ཁྲོའི་སྟེང་མཆོང་ནས་སོ་བརྒྱག་སྐབས་ཨ་ཁུས་དེའི་ཡ་ལན་ཡིན་པའི་ཁུལ་གྱིས་སྐེད་པ་ནས་གྲི་བཤམས་ཏེ་ཚོགས་ཁྲོའི་མཐིལ་ལ་བཙུགས་ནས་ཚོགས་ཁྲོ་དེ་ཕན་མེད་དུ་བཏང་། ཨ་ཁུས་ཚོགས་ཁྲོ་དེ་ཕན་མེད་དུ་གཏོང་དགོས་པའི་རྒྱུ་མཚན་ནི་བོད་ཀྱི་བཙན་པོ་དར་མ་འུ་དུམ་ཁྲི་ལ་མ་འཁོད་པའི་སྔ་རོལ་དུ་བདེ་ཆེན་རྫོང་གི་ནུབ་ངོས་སུ་གསེར་ཟངས་ལས་བཞེངས་པའི་སངས་རྒྱས་སྟོང་སྐུ་ཞིག་ཡོད་པ་དེ་བཙན་པོ་དར་མ་འུ་དུམ་ཁྲི་ལ་འཁོད་རྗེས་སངས་རྒྱས་ཀྱི་བསྟན་པ་བསྣུབས་པའི་ཉེས་ལེན་ལས་གསེར་ཟངས་ཀྱི་སངས་རྒྱས་སྟོང་སྐུ་དེ་དག་གཏོར་བཤིག་ཏུ་སོང་ཞིང་། རྗེས་སུ་སྐུ་དེ་དག་གིས་རྒྱུ་ཆ་བྱས་ཏེ་ཁྲོ་ཁོག་ཆེན་པོ་ཞིག་བཟོས་གནང་བ་དང་། ཁྲོ་ཁོག་དེ་ཉིད་བདེ་ཆེན་གསང་སྔགས་དགོན་པའི་ཚོགས་ཁྲོར་གྱུར་བས་ཨ་ཁུས་ཚོགས་ཁྲོ་དེའི་ཐོག་མའི་འབྱུང་ཁུངས་ནི་གསེར་ཟངས་ཀྱི་སངས་རྒྱས་སྟོང་སྐུ་བཤིགས་པ་ལས་བྱུང་བ་དེ་མཁྱེན་གྱི་ཡོད་པས། ཚོགས་ཁྲོའི་མཐིལ་བཏོལ་ཏེ་ཕན་མེད་དུ་གཏོང་བའི་རྒྱུ་མཚན་དེ་ལྟར་ཡིན་ཞེས་ད་ལྟའི་རྒད་པོ་རྣམས་ཀྱི་གསུང་རྒྱུན་དུ་འདུག་གོ ། རྗེས་སུ་དགོན་པས་ཚོགས་ཁྲོ་མཐིལ་རྡོལ་དེ་གཟུངས་གཞུག་ཏུ་ཕུལ་ནས་དགོན་པའི་ལྷོ་ནུབ་ངོས་སུ་མཆོད་རྟེན་སྒོ་བཞི་ཅན་ཞིག་གསར་བཞེངས་ཞུས་ཏེ་དགོན་པའི་ཕྱིའི་རྟེན་གྱི་གྲས་སུ་བཞུགས་སུ་གསོལ། འོན་ཀྱང་རིག་གསར་སྐབས་མཆོད་རྟེན་དེ་ཉིད་གཏོར་སྐྱོན་ཕོག་ན་ཡང་ནང་གི་གཟུངས་གཞུག་ལ་སྐྱོན་དེ་ཙམ་བྱུང་མེད་པས་དགོན་པ་བསྐྱར་བཞེངས་བྱེད་སྐབས་མཆོད་རྟེན་དེའང་བསྐྱར་བཞེངས་ཀྱིས་ད་ལྟ་ངེད་ཚོའི་མིག་ལམ་དུ་དངོས་སུ་མཇལ་རྒྱུ་ཡོད། ད་དུང་དེང་སྐབས་སྟག་རྩེ་རྫོང་གི་ཉེ་འཁོར་གྲོང་མི་རྣམས་གནས་སྡོད་བྱེད་སའི་ཤར་ཕྱོགས་སུ་བདེ་ཆེན་ས་ཆུ་ཟམ་པ་ཞེས་པའི་ཨར་འདམ་གྱི་ཟམ་པ་ཞིག་ཡོད་ས་དེར་དེ་སྔོན་ཨ་ཁུ་སྟོན་པ་ཞལ་བཞུགས་པའི་དུས་ཤིང་གི་ཟམ་པ་ཞིག་ཡོད་པ་དེའི་སྟེང་དེང་སྐབས་ལྟར་ཀོང་པོ་སོགས་ཤར་ཕྱོགས་ནས་ཡོང་མཁན་འགྲུལ་པ་མང་པོ་ཞིག་ཤིང་ཟམ་དེ་བརྒྱུད་ནས་འགྲོ་དགོས་ཀྱི་ཡོད། དེས་ན་ཨ་ཁུས་རང་གི་བཟའ་ཟླ་དཀར་མོ་སྐྱིད་གྲོངས་པའི་རྗེས་ཕུང་པོར་ཟན་རྩྭ་ཁྲེས་པོ་གཅིག་བསྐུར་ནས་ཟམ་པ་དེའི་ཟུར་དུ་བཞག་པ་དང་། དེ་དུས་ཀོང་རྩེ་རལ་པ་ཞེས་ཀོང་ཡུལ་ཕྱོགས་ནས་ཚོང་ལ་ཡོང་མཁན་དྲེལ་པ་རྣམས་ཟམ་པ་དེ་བརྒྱུད་ནས་འགྲོ་སྐབས་དྲེལ་གྱིས་ཟན་རྩྭར་ཁ་བརྒྱབ་སྟེ་ཕུང་པོ་མར་རིལ་པས་ན། ཨ་ཁུས་ངའི་བཟའ་ཟླ་དྲེལ་གྱིས་བསད་སོང་ཞེས་དྲེལ་པ་རྣམས་ལ་ཡ་ལ་བཙུགས་ཏེ་དངུལ་དང་ཅ་དངོས་མང་པོ་བླངས་པས་དུས་དེ་ནས་བཟུང་ཀོང་རྩེ་རལ་པའི་དྲེལ་པ་རྣམས་ཆུ་ཆེ་ཆུང་གང་འདྲ་ཞིག་ཐུག་ན་ཡང་ཟམ་པའི་གཡོན་ཟུར་ནས་ཆུ་བརྒལ་ཏེ་འགྲོ་བ་ལས་ཟམ་པ་དེའི་སྟེང་གཏན་ནས་འགྲོ་ཡི་མེད་ཅེས་ད་ལྟའི་རྒད་པོ་རྣམས་ལ་གསལ་གསལ་ཐིང་ཐིང་དུ་བརྗོད་རྒྱུ་ཡོད། དེ་དང་དེ་ལྟ་བུའི་དངོས་དཔང་ཆ་ཚང་ཡོད་པའི་སྒྲུང་གཏམ་ཧ་ཅང་མང་པོ་ཞིག་ས་ཆ་དེའི་སྟོད་སྨད་གང་སར་བཤད་རྒྱུ་འདུག་ཀྱང་ད་ལན་འདིར་སྐབས་སུ་མ་བབས་པས་ཡིག་ཚོགས་ལ་འཇིགས་ཏེ་མ་བྲིས་པ་ལགས་སོ། །

 

 གོང་དུ་བཀོད་པའི་སྒྲུང་གཏམ་སོགས་ཨ་ཁུས་ངེད་ཚོ་མི་རབས་རྗེས་མ་རྣམས་ལ་བཞག་པའི་གཏམ་རྒྱུད་དེ་དག་ལས་བརྗོད་དོན་མི་ཉུང་བ་ཞིག་ལ་ཧག་སེ་བལྟས་ན་ཨ་ཁུ་སྟོན་པས་གཞན་ལ་མགོ་སྐོར་གཏོང་བའི་རྣམ་པ་ཞིག་མངོན་གྱི་ཡོད་ནའང་ང་ཚོས་བློ་ཞིབ་མོས་རྟོག་དཔྱོད་རེ་བྱེད་སྐབས་ཨ་ཁུས་རྙོག་འཛིང་ཆེ་བའི་འཇིག་རྟེན་མི་ཡུལ་གྱི་འཚོ་བའི་ཁྲོད་དུ་བློ་གྲོས་ཆེ་ལ་སྤྱང་གྲུང་ལྡན་པའི་མི་ཞིག་བྱ་དགོས་པའི་བསླབ་བྱ་དང་། སྐུལ་མ་བྱ་རྒྱུ་དེ་དམིགས་ཡུལ་དུ་བཟུང་ནས་མི་རྣམས་ལ་བསླབ་བྱ་བརྒྱ་ལས་སྣ་སུན་གཅིག་དགའ་ཞེས་པའི་དཔེ་ལྟར་འཚོ་བ་དངོས་ཀྱི་ཉམས་མྱོང་གི་སྟེང་ནས་རང་ཉིད་ལ་སློབ་གསོ་ཐེབས་པ་ཞིག་བཟོས་གནང་བ་དང་། དེ་བཞིན་རང་ཉིད་ཀྱི་བཟའ་ཟླའི་ཕུང་པོ་བེད་སྤྱད་ནས་གཞན་ལ་མགོ་སྐོར་གཏོང་བའི་ཕྱི་ཚུལ་གྱི་རྣམ་པ་དེ་ལས་ནང་པ་སངས་རྒྱས་ཀྱི་ཆོས་ནང་གསུངས་པའི་འཇིག་རྟེན་ཆོས་བརྒྱད་ཀྱི་སྣང་ཚུལ་ངོ་མ་དེ་སྨར་རྗེན་དུ་བཏོན་གནང་བ་སོགས་གོ་རྒྱུ་ལྷག་པོ་ཞིག་ཡོད་པས། ཁོང་ནི་སྐབས་དེའི་དམངས་ཁྲོད་དུ་ཡོངས་གྲགས་སུ་གྱུར་བའི་མི་སྣ་གྲགས་ཅན་ཞིག་ཡིན་པ་ནི་བསྙོན་མེད་དོ། །

 

རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། 

བརྒྱུད་སྐུལ།

མཆན་སྤེལ།