མཛད་པ་པོ། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།

དབུས་ཀྱི་སློབ་མའི་གཙོ་བོ་ཁུ་རྡོག་འབྲོམ་གསུམ་གྱི་ནང་ནས་དགེ་བཤེས་ཁུ་སྟོན་ནི་ཡུལ་ཡར་ཀླུངས། མཚན་བརྩོན་འགྲུས་གཡུང་དྲུང་། ཕྱི་ལོ་ 1011 ལྕགས་མོ་ཕག་ལ་སྐུ་འཁྲུངས་ཏེ་ནག་ཚོ་དང་འཁྲུངས་ལོ་གཅིག །ཁོང་དང་རྔོག་ལེགས་པའི་ཤེས་རབ་བང་སྟོན་གསུམ་གྱིས་ཁམས་སུ་བྱོན་ཏེ། ཇོ་བོ་སེ་བཙུན་ལ་ཆོས་མང་དུ་གསན། གར་མི་ཡོན་ཏན་གཡུང་དྲུང་ལ་མངོན་པ་བསླབས་ཏེ་མཁས་པར་མཁྱེན། ཀླུ་མེས་ཐམས་ཅད་ཀྱི་གནས་བརྟན་མཛད།

 

དེའི་དུས་སུ་ཁོང་ལས་མི་ཆེ་བ་མེད་པ་ཡིན་པ་ལ། དགེ་བཤེས་སྟོན་པས་དབུས་ཀྱི་མི་ཆེན་རྣམས་ལ་གནང་བའི་བཀའ་ཤོག་ན་ཁུའི་མཚན་མ་ཆུད་པས། ཐུགས་རྒྱལ་སྐྱེས་ཏེ་ཇོ་བོ་ང་རང་གིས་ཐོབ་བ་ཅིག་བྱའོ་སྙམ་ནས་སྔོན་ལ་ལྕག་བཏབ་སྟེ་བྱོན་པས། གཞན་རྣམས་ཀྱིའང་བསྐུལ་མར་གྱུར་ཏེ། ཞང་རོམ་གྱི་ཞལ་ནས། དུས་ཚུང་པ་དེ་གོ་བཅད་གསུང་སྟེ། ད་ཡང་དགེ་བཤེས་སྟོན་པ་དཀྱེལ་ཆེ་བའི་ཡོན་ཏན་ཡིན། དགེ་བཤེས་དེས་ཇོ་བོ་ཡུན་དུ་བསྟེན་ནས་གདམས་པ་མང་དུ་གསན། ཁྱད་པར་དུ་ཕ་རོལ་ཏུ་སྦྱིན་པའི་གདམས་པ་དང་། གཤིན་རྗེའི་ལན་ངག་ལ་རྩལ་ཐོན། ཐང་པོ་ཆེར་སྤྱན་དྲངས་ཏེ་ཆོས་ཀྱི་འཁོར་ལོ་བསྐོར། སྙེ་ཐང་དུ་ཁུས་ཕར་ཕྱིན་བཤད་པས་ཆོས་ཉན་སྟོང་ཙམ་འདུས་པ་བྱུང་། མཐར་དགུང་ལོ་དྲུག་ཅུ་རྩ་ལྔ་བཞེས་པ་ཤིང་མོ་ཡོས་ 1075 ལ་གཤེགས་སོ།།

ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ལས་ཟུར་འདོན་ཞུས།

བརྒྱུད་སྐུལ།

མཆན་སྤེལ།