ངམ་རིང་གི་བསྟན་འགྱུར་བཞེངས་མཁན་སུ་ཡིན་ནམ།

ངམ་རིང་གི་བསྟན་འགྱུར་བཞེངས་མཁན་སུ་ཡིན་ནམ།

ངམ་རིང་གི་བསྟན་འགྱུར་བཞེངས་མཁན་སུ་ཡིན་ནམ།

  དེ་ཡང་གུང་ཐང་བསྟན་འཛིན་ནོར་བུ་ལགས་ཀྱིས་བརྩམས་གནང་བའི། གཙང་ལ་སྟོད་བྱང་ངམ་རིང་གི་རིག་གནས་ལོ་རྒྱུས། ཞེས་པའི་དེབ་དེར་ངམ་རིང་བསྟན་འགྱུར་གྱི་དཀར་ཆག་མཛད་པ་པོ་ནི། བོ་དོང་ཕྱོགས་ལས་རྣམ་རྒྱལ་ཡིན་པ་གསུངས་འདུག  དེ་ཡང་དེབ་འདིའི་ཤོག་གྲངས་457རུ། དུས་རབས་བཅུ་པའི་ནང་མཁས་གྲུབ་ཆེན་པོ་བོ་དོང་ཕྱོགས་ལས་རྣམ་རྒྱལ་གྱིས། བསྟན་འགྱུར་རོ་འཚལ་གྱི་དཀར་ཆག་དྲི་མ་མེད་པའི་འོད་ཀྱི་ཕྲེང་བ་མཛད་ནས་དཔལ་ངམ་རིང་གཙུག་ལག་ཁང་དུ་བཞུགས་སུ་གསོལ་བས་ངམ་རིང་བསྟན་འགྱུར་ཞེས་ཡོངས་སུ་གྲགས། །

བྱང་ངམ་རིང་གི་ཡུལ་དུ་བསྟན་འགྱུར་གསེར་བྲིས་མ་ཐོག་མར་བཞེངས་ཚུལ་གྱི་ལོ་རྒྱུས་ནི། རབ་བྱུང་དྲུག་པའི་ཆུ་སྦྲུལ། (1353)ལོར་བྱང་བདག་དཔོན་ཆེན་ནམ་མཁའ་བསྟན་པའི་རྒྱལ་མཚན་དང་དེ་ཉིད་ཀྱི་མ་ཡུམ་མ་གཅིག་དཔལ་ལྡན་བཟང་མོ་རྣམ་གཉིས་ཀྱིས་སྦྱིན་བདག་མཛད་ནས། མཁས་པ་ཆེན་པོ་བོ་དོང་ཕྱོགས་ལས་རྣམ་རྒྱལ་གྱིས་གཙོ་སྐྱོང་གནང་བ་དང་དགེ་བཤེས་བསྟན་པའི་རྒྱལ་མཚན་དང་། བྱང་ཆུབ་སེང་གེ  ཡེ་ཤེས་དཔལ་བཟང་པོ།  ཤཱཀྱ་རྒྱལ་མཚན་སོགས་མཁས་པ་དག་གིས་ཞལ་ཏ་བགྱིས་པ་དང་། དེ་བཞིན་དབུས་གཙང་གི་ཡིག་མཁན་མཁས་པ་མང་པོས་འབད་བརྩོན་ཆེན་པོས་སྣར་ཐང་བསྟན་འགྱུར་དང་ཞ་ལུའི་བསྟན་འགྱུར་ཕྱི་མོར་བཟུང་ཞིང་། གསར་དུ་བསྒྱུར་བའི་ཆོས་ཚན་དུ་མ་ཁ་སྐོང་བྱས་ནས་ལོ་གཅིག་ལྷག་རིང་ལ་བསྟན་འགྱུར་བཞེངས་པར་འབད་དེ་སྤྱི་ལོ་(1354)ལོར་ལེགས་པར་གྲུབ་ཅིང་། བསྡོམས་པས་པོད། 198དང་ཆོས་ཚན་3116བཞུགས།།ཞེས་གསུངས་མོད་དེའི་དཀར་ཆག་མཛད་པ་པོ་ནི་བོ་དོང་པཎ་ཆེན་མ་ཡིན་པར་ཇོ་ནང་ཕྱོགས་ལས་རྣམ་རྒྱལ་ཡིན་ཞེས་ཞུ་བར་ཐལ། བོ་དོང་པཎ་ཆེན་གྱི་རྣམ་ཐར་ནང་ངམ་རིང་དུ་བསྟན་འགྱུར་བཞེངས་པའི་སྐོར་མི་གསལ་བ་མ་ཟད་ངམ་རིང་བསྟན་འགྱུར་བཞེངས་ཚར་རྗེས་ཀྱི་ལོ་ཉེར་གཅིག་སྐབས་སུ་བོ་དོང་པཎ་ཆེན་འཁྲུངས་ཡོད། བོ་དོང་པཎ་ཆེན་གྱི་རྣམ་ཐར་ལས། རབ་བྱུང་དྲུག་པའི་ཤིང་ཡོས་སྤྱི་ལོ་(1375)ལོར་འཁྲུངས་ཞེས་གསལ། ཇོ་ནང་ཕྱོགས་ལས་རྣམ་རྒྱལ་(1306-1387)ཡིན་པ་ནི་གོང་གི་ལོ་ཚིགས་འདིས་གསལ་པོར་གོ་ཐུབ་པ་མ་ཟད་གོང་གི་ངམ་རིང་བསྟན་འགྱུར་བཞེངས་མཁན་གྱི་གྲས་སུ་ཡོད་པའི་དགེ་བཤེས་བསྟན་པའི་རྒྱལ་མཚན་ནི། རྗེ་ཇོ་ནང་ཕྱོགས་ལས་རྣམ་རྒྱལ་གྱི་སློབ་མ་ཡིན། དེས་མཛད་པའི་ཕྱོགས་རྒྱལ་བའི་རྣམ་ཐར་ལས་ཀྱང་། དགུང་ལོ་སོ་དགུར་དཔལ་ངམ་རིང་གི་གདན་ས་མཛད། ལོ་བཅུ་བཞིར་ཆོས་སྡེའི་མཁན་པོ་མཛད། ཕར་ཚད་ཀྱི་བཤད་ཉན་ཡང་དག་པ་བཙུགས། དེར་བསྟན་འགྱུར་བཞེངས་པ་ནི། རྗེ་ཕྱོགས་རྒྱལ་བས་ཏའི་སི་ཏུ་ལ་བསྟན་འགྱུར་བཞེངས་པར་ཞུས་པའི་སྐོར་གསལ་ཡོད། དེ་ཡང་རྣམ་ཐར་ལས། དཔལ་འབྱོར་རྒྱས་པའི་སྐབས་སུ་བསྟན་འགྱུར་བཞེངས་པར་ཞུས་ནས། དགོངས་པ་དང་མཐུན་པས་ཤིན་ཏུ་དགྱེས། སྣར་ཐང་དང་ཞ་ལུ་ནས་མ་དཔེ་གདན་དྲང་། དཔལ་ལྡན་ས་སྐྱ་སོགས་ནས་བྲིས་མཁན་མཁས་པར་གྲགས་པ་ཞལ་ལྟ་བ་ཞུ་དག་དང་བཅས་པ་དུས་གཅིག་ལ་ཚོགས་ཏེ།ཆུ་མོ་སྦྲུལ་གྱི་ལོ་དབྱར་ཟླ་ར་བའི་ཚེས་གཅིག་ལ་དབུ་བཙུག་ཏེ་ཤིང་ཕོ་རྟའི་དགུན་ནས་ལེགས་པར་གྲུབ། ཞེས་གསལ་བར་འཁོད་པ་མ་ཟད་བསྟན་འགྱུར་གྱི་དཀར་ཆག་མཛད་པ་དེ་ཡང་རྣམ་ཐར་དེའི་ནང་གསལ་ཡོད། བསྟན་འགྱུར་གྱི་དཀར་ཆག་སོགས་ཇོ་ནང་ཕྱོགས་ལས་རྣམ་རྒྱལ་གྱི་གསུང་འབུམ་པོད་ཆེན་བདུན་བཞུགས་པ་དག་ཁོ་བོས་ཡོན་སྦྱར་གྱིས་སི་ཁྲོན་བོད་ཡིག་དཔེ་རྙིང་བསྡུ་སྒྲིག་ཁང་གིས་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་དཔར་བའི་ནང་བཞུགས་ཡོད་ལ། ཇོ་ནང་རིག་མཛོད་ཁང་གིས་ཇོ་ནང་ཕྱོགས་རྒྱལ་བའི་གསུང་། བསྟན་བཅོས་འགྱུར་རོ་འཚལ་གྱི་དཀར་ཆག་དྲི་མེད་འོད་ཀྱི་ཕྲེང་བ་འདི། མི་རིགས་དཔེ་སྐྲུན་ཁང་ནས་དཔར་ཡོད། དེས་ན་རང་གི་ཞིབ་འཇུག་ཡག་པོ་མ་བྱས་པར་གཞན་ལ་འདི་དང་དེ་ཞེས་འགྲེལ་བཤད་བརྒྱབ་པའམ་ཡིག་ཐོག་ཏུ་བཀོད་ན་རང་ཉིད་མགོ་རྨོངས་པ་མ་ཟད་གཞན་ཚོར་ཕན་པ་ལས་ལྡོག་སྟེ་གོ་བ་ལོག་སྟེར་གྱི་བྱེད་ལས་ཞིག་ཏུ་འགྱུར་ངེས་པས་ན། ཁོ་བོས་ད་རེས་ངམ་རིང་བསྟན་འགྱུར་བཞེངས་པ་པོ་དང་རབ་གནས་མཛད་མཁན་སུ་ཡིན་མིན་ཐད་ཅུང་ཙམ་ཞུས་པ་ཡང་དེའི་ཆེད་དུ་ཡིན།། ཁ་ཅིག་གི་དེ་ནི་དོན་དག་གལ་ཆེན་མ་ཡིན་སྙམ་ན། ཁྱེད་ཀྱི་ལོ་རྒྱུས་ལ་འགན་མ་འཁུར་བའི་རྟགས་དང་ཇོ་ནང་ཕྱོགས་རྒྱལ་བར་སྣང་མེད་བཏང་བ་ཞིག་ཡིན་ནོ།།

 

དཔེ་ཀློག་པ།  སྤོས་ཁང་སྒྲོལ་བཟང་གིས་2020/4/25/
རྩོམ་ཁུངས།  ལུག་ཚང་དཔལ་ཡོན་འཕྲིན་སྟེགས།

 

བརྒྱུད་སྐུལ།

མཆན་སྤེལ།