ལྕང་བུའི་རྡོ་རིང་གི་ཐོག་མའི་གནས་ཡུལ།

ལྕང་བུའི་རྡོ་རིང་གི་ཐོག་མའི་གནས་ཡུལ།

 

དེ་ཡང་དཔལ་འགྲོ་མགོན་བཀའ་བརྒྱུད་ལས་ཀར་མ་བཀའ་བརྒྱུད་ཀྱི་གདན་ས་གོང་མར་གྱུར་པའི་སྟོད་ལུང་མཚུར་ཕུ་དགོན་པའི་ཆོས་རའི་དབུས་སུ་འགྱིང་ངེེར་བཞུགས་པའི་ལྕང་བུ་རྡོ་རིང་ཞེས་བྱ་བ། བོད་ཀྱི་གནའ་བོའི་རྡོ་རིང་ཁྲོད་ལ་གལ་ཆེའི་གནས་བབ་ལྡན་ཡོད། དེ་ལ་རྡོ་རིང་རང་གིས་ངོས་སུ་སྟོད་ཀྱི་ལྕང་བུ་ན་བཙུགས་ཡོད་ཚུལ་གསལ་ཡོད་པས། དེར་བརྟེན་ཁ་ཅིག་གིས་ལྕང་བུ་ནི་མཚུར་ཕུ་དགོན་པ་ཡོད་སའི་གནའ་མིང་ཡིན་པར་བཞེད་ལ། ཁ་ཅིག་གིས་མཚུར་ཕུ་དང་ཉེ་བ་ཅིག་ནས་དབོར་འོང་བར་འདོད། ཁ་ཅིག་རྒུ་རུམ་རྙིང་པ་དང་ཉེ་བའི་སར་གནའ་ཤུལ་ལས་རྡོའི་ཀ་བ་གཉིས་ཐོན་པ་མཚུར་ཕུ་དགོན་པར་དབོར་བས། ཐོག་མར་དེ་ན་ཡོད་སྲིད་པར་བཞེད་པ་སོགས་བྱུང་བར་མངོན་ནོ། །ད་ལྟའི་མཚུར་ཕུ་དགོན་པ་ནི་མཚུར་གྱི་ལུང་པའི་ཕུ་ན་ཡོད་པས་མཚུར་ཕུ་དང་། ས་མིང་རྙིང་པར་མདོ་བོ་ལུང་དང་མདོ་བོ་དགོན་པ་ཞེས་གསལ་བས་ལྕང་བུ་མ་ཡིན་པར་ཤིན་ཏུ་གསལ་ལ། དེང་གི་རྡོ་རིང་ཞིབ་འཇུག་པ་དག་གིས་ས་ཕྱོགས་གཞན་ནས་མཚུར་ཕུར་དབོར་ཏེ། ཆོས་རྭའི་ནང་བཙུགས་པར་འདོད་ཅིང་། དེ་ནི་བོད་ཀྱི་ད་ཡོད་རྡོ་རིང་ཁ་ཅིག་ས་ཕྱོགས་གཞན་ནས་དབོར་འོང་བ་དང་འདྲ་བས་ཡིན་འདུག་ལ། ཞིབ་འཇུག་པས་ཐོག་མར་གང་ན་ཡོད་པ་དང་། གང་གིས་དབོར་འོང་བ་དང་། ག་དུས་དབོར་བ་སོགས་ལ་ཞིབ་དཔྱད་མཛད་པ་ནི་མ་བྱུང་འདུག་སྟེ། ད་བར་སྟོང་ཆར་ལུས་ཡོད་པའི་གནས་སྟངས་ཀྱིས་སོ། །དེ་ལ་རྡོ་རིང་གི་ངོས་ལ་གསལ་བའི་ཆ་འཕྲིན་ཡང་དག་པ་ནི། བཙན་པོ་ཁྲི་རལ་པ་ཅན་གྱིས་འོན་ཅང་དོའི་གཙུག་ལག་ཁང་བཞེངས་པའི་མཇུག་དེར། བཙན་པོས་བཀའ་གནང་སྟེ་བཞེངས་པར་གསལ་ཡོད་དེ། ༄༄། ཞང་ཚེས་པོང་སྟག་བཟང་ཉ་སྟོས། སྟོད་ཀྱི་ལྕང་བུར། གཙུག་ལག་ཁང་བརྩྀགས་པའི་ལོ་རྒྱུས། །རྡོ་རིངས་ལ་བྲྀ་བར། ཿ  བཙན་ཿ  པོའི་བཀའས་གནང་སྟེ་བྲིས་པའ།ཿ  །ཞེས་སོགས་བཙན་པོ་ཡབ་མྱེས་ནས་བཟུང་གདུང་རབས་ཀྱིས་དམ་པའི་ཆོས་སྤེལ་བའི་བཀའ་ལུང་བཞིན། ཞང་ཚེས་པོང་ཉ་སྟོས་ཀྱང་ཆོས་ཉམས་སུ་བླངས། བཙན་པོའི་དྲིན་གསོར་བཞེངས་ཚུལ་དོན་རྒྱས་པར་བཀོད་པའི་ཡིག་ཕྲེང་༤༦ཡོད་ལ། ངོས་གཞན་ལ་ཡང་ཡིག་ཕྲེང་༢༢ཡོད་ཅིང་། དེར་བཙན་པོའི་དུས་སུ་ཡིག་ཚངས་བདག་གཉེར་གྱི་ལམ་ལུགས་ཀྱང་གསལ་བཤད་བྱས་ཡོད་པ་རེད། །དངོས་གཞི་རྡོ་རིང་འདི་ཉིད་ཐོག་མར་སྟོད་ལུང་གི་ས་ཆ་གང་དུ་བཙུགས་ཡོད་དམ་ཞེས་པར་དྲིས་ལན་ཡང་དག་པ་ཅིག་འཚོལ་དགོས་པ་དེ་རེད། དེ་ཡང་ཕྱོགས་གཅིག་ནས་ཡིག་ཚངས་ཉུལ་བ་དང་། ཕྱོགས་གཅིག་ན་ས་གནས་ས་ཐོག་ལ་ཉུལ་ཞིབ་བྱ་དགོས་པར་རག་ལས་ཡོད། ཡིག་ཚངས་ལ་ཉུལ་ན། ནེའུ་པ་པན་ཌི་ཏ་སྨོན་ལམ་བློ་གྲོས་ཀྱིས་མཛད་པའི་ནེལ་པ་ཆོས་འབྱུང་ངམ་སྔོན་གྱི་གཏམ་མེ་ཏོག་ཕྲེང་བ་དེབ་ངོས་༢༨ལས། ཞང་ཆོས་སྤོང་རྟག་བཟང་ཉ་ལྟོས་འོན་ཅང་རྡོ་ཚར་བའི་ལྷག་མས་སྟོད་ལུང་ལྷག་མའི་ལྷ་ཁང་བཞེངས། ཞེས་གསལ་བར་འཁོད་སྣང་བས། ཆོས་ནི་ཚེས་འབྲི་ནོར་ཡིན་པར་མངོན་ལ། རྡོ་རིང་ཡིག་གེ་དང་མཐུན་པར་འོན་ཅང་དོའི་མཇུག་ལ་ལྕང་བུར་བཞེངས་པ་དང་། དེ་ཡང་སྔ་མའི་དཔལ་འབྱོར་ལྷག་མས་བཞེངས་པས་ན་གཙུག་ལག་ཁང་ལ་འང་ལྷག་མར་བཏགས་པར་གསལ་ཡོད། དེ་བཞིན་དུ་མཁས་པ་ལྡེའུས་མཛད་པའི་རྒྱ་བོད་ཆོས་འབྱུང་རྒྱས་པའི་དེབ་ངོས་༢༨༡ལས། ཚེས་སྤོང་སྟག་བཟས་སྟོད་ལུང་ལྷན་གྱི་ལྷ་ཁང་དང་སྣ་རྩེ་བཞེངས། ཞེས་གསལ་བས། ལྷག་མ་དེ་ལྷན་གྱི་ཞེས་པར་འགྱུར་བ་མངོན་པའང་འབྲི་བཤུའི་སྐྱོན་ཡིན་ནམ། སྒྲ་འགྱུར་བ་ཡིན་ནམ། ཕོ་བྲང་ལྷན་དཀར་ཞེས་པ་རིམ་པས་ལྡན་དཀར་དུ་འགྱུར་ཞིང་དཀར་ཆག་ལྡན་དཀར་མ་ཞེས་གྲགས་པ་ལྟ་བུ་སྟེ། ར་ས་ལྷ་སར་འགྱུར་བ་བཞིན་ཡིན་པར་མངོན་ནོ། །ད་དུང་ལེགས་པར་དཔྱད་ན་ལྡེའུ་ཆོས་འབྱུང་ངམ། ལྡེའུ་ཇོ་སྲས་ཆོས་འབྱུང་གི་དེབ་ངོས་༡༣༥ལས། ཚེ་སྤོང་གིས་བྱ་རྒོད་ལྗོངས་ཀྱི་ལྷ་ཁང་དང་ཐག་མའི་ལྷ་ཁང་བཞེངས་སོ། །ཞེས་བཀོད་འདུག་པས། སྐབས་འདིར་ལྷག་མ་ཞེས་པ་དེ་ཡང་ཐག་མ་ཞེས་པར་འགྱུར་ཟིན་པར་གསལ་འདུག འོ་ན་ལྷག་མ་དང་ཐག་མ་གཅིག་པར་འདོད་ན། ཐག་་མ་ཞེས་པའི་ལྷ་ཁང་དེ་སྟོད་ལུང་གི་ས་ཆ་གང་དུ་ཡོད་དམ། མཚུར་ཕུ་དང་ཉེ་བར་ཡོད་དམ་ཞེ་ན། དེ་ནི་མཚུར་ཕུ་ལུང་པའི་མདའ་ཡི་ཉེ་ཁོར་དུ་ཡོད་པ་ཡིན་པར་མངོན་ཡོད་དེ། ཤངས་པ་བཀའ་བརྒྱུད་ཀྱི་བླ་རབས་བདུན་བརྒྱུད་ལས་གསུམ་པ་དབོན་སྟོན་སྐྱེར་སྒང་པའི་རང་རྣམ་ལ་གཟིགས་ན་སྐྱེར་སྒང་ནི་མཚུར་གྱི་ལུང་པ་ན་ཡོད་པ་དང་། དེ་དང་ཉེ་བར་ཐག་མ་ཡོད་ཚུལ་གསལ་ཡོད་དེ། རང་རྣམ་དེར། གཤིན་རྗེ་གཤེད་དམར་པོ་དེའི་ཞབས་གཡས་པས་ཐག་མའི་རི་ལ་སླེབས་པ། གཡོན་པས་སྐྱེར་སྒང་གི་རི་མནན་པ། ཞེས་གསལ་བར་བཀོད་འདུག་པས་སོ། །དེ་ལ་ས་གནས་ས་ཐོག་ལ་ཉུལ་ན། ཐག་མ་ནི་སྤར་ཕུ་དགོན་དང་ཁ་སྤྲོད་ཀྱི་ཉིན་ངོས་དེར་གནས་ཡོད་ཅིང་། ད་ལྟའང་ཐག་མ་ཞེས་མིང་མ་འགྱུར་བར་གནས་ཡོད་ལ། སྔོན་དེར་བཀའ་གདམས་པའི་དགོན་ཆེན་ཅིག་བྱུང་མྱོང་བ་རེད་ཅེས་པའི་ཤོད་སྲོལ་ཡང་གནས་ཡོད་ཅིང་། འདིར་སྟོད་འདུལ་གྱི་གནས་གཞིར་གྱུར་པ་དང་། ཐག་མ་བ་ཀ་བ་དར་སེང་དང་། ཐག་མ་རྡོར་གཞོན་ཞེས་པའི་འདུལ་འཛིན་ཆེན་པོ་དེ་བྱུང་ཞིང་། ཁོང་འབྲི་གུང་དུ་གདན་དྲངས་ནས་འདུལ་བའི་བསྟན་པ་སྤེལ་བས། རྗེ་འབྲི་གུང་པའི་རྣམ་ཐར་ན། ཁོང་ཐག་མ་དང་དྭགས་པོས་སྣ་དྲངས་པའི། །ད་འདུལ་འཛིན་ཚོགས་དཔོན་བརྒྱ་སྟོང་འདུས།།ཞེས་གསལ་བ་དེ་བྱུང་ཡོད།ད་ལྟ་སྟོད་ལུང་བདེ་ཆེན་ཆུས་རྒུ་རུམ་སྡེ་ཤོག་གམ་ཤའང་གསར་པའི་གནས་ཡུལ་ཡང་ཐག་མའི་ཉེ་འདབས་ཡིན་པས། དེ་ལའང་ཐག་མ་ཞེས་བོས་བཞིན་ཡོད་པས། ཐོག་མར་ལྕང་བུ་ལ་ལྷག་མའི་གཙུག་ལག་ཁང་བཞེངས་པས་ལྷག་མར་ཐོགས་པ་དང་། ལྷག་མ་དེ་ཡང་རིམ་པས་ཐག་མར་གྱུར་པ་ཡིན་ལུགས་ཤེས་ཐུབ་པ་དང་། དེས་ན་ཐག་མའི་གྲོང་ཚོར་དགོན་པའི་གནའ་ཤུལ་བརྟག་ནས་རྡོ་རིང་དེ་ཉིད་ཐོག་མའི་བཙུགས་ས་ཁ་གསལ་ཤེས་དགོས་ལ། ཐག་མའི་གཙུག་ལག་ཁང་ཉམ་རྒུད་ཕྱིན་པའི་ཚེ་ན་རྡོ་རིང་དེ་ཉིད་མཚུར་ཕུ་དགོན་པར་གདན་དྲངས་ཏེ་བདག་གཉེར་གང་ལེགས་མཛད་པར་མངོན་འདུག་པས། དུས་ཚོད་གང་ཡིན་པའི་ཐད་ལ་ཐག་མའི་ལོ་རྒྱུས་ཞིབ་འཇུག་བྱ་ཐུབ་ན་གསལ་པོར་རྟོགས་ཐུབ་པའི་རེ་བ་ཡོད་དོ། །ད་ལྟ་ལོ་རྒྱུས་སྨྲ་བ་འགའ་ཤས་ཀྱིས་འབལ་གྱི་གནས་གཞི་སྐྱེར་སྒང་དགོན་པ་དེ་ཉིད་ནི། སྟོད་ལུང་བདེ་ཆེན་ཡུལ་ཤོག་གམ་ཤའང་ཁོངས་ཀྱི་སྦང་ངམ་བང་ཞེས་པའི་ལུང་པར་ཡོད་པའི་རྭ་སྐོར་དགོན་པ་ཡིན་པར་ངོས་འཛིན་གནང་གི་ཡོད་ན་ཡང་། ཡོལ་རི་གོང་པའི་རྣམ་ཐར་ན། མཚུར་ཕུ་ན་སྐྱེར་སྒང་བ་ཞེས་གསལ་བར་བྱུང་བ་བཞིན་ད་ལྟ་ཡང་། མཚུར་ཕུ་དགོན་པའི་ཤར་འདབས་དང་ཉེ་བའི་ཆ། མཚུར་ལྷ་ལུང་གི་ནུབ་ངོས་དེར་གདང་ཀུན་མ་ཞེས་པའི་གྲོང་ཚོ་ཡོད་ས་དེར། སྐྱེར་སྒང་འབུམ་པ་དང་སྐྱེར་སྒང་ཟམ་པ་ཞེས་ས་མིང་མ་འགྱུར་བར་གནས་ཡོད་ལ། འབུམ་པ་ཡང་ཞིག་གསོས་གནང་ཡོད་ཅིང་གྲོང་ཚོའི་གཞི་དེར་སྔོན་ཆད་དགོན་པ་བྱུང་ཚུལ་ཤོད་རྒྱུན་གནས་ཡོད་པ་དང་། རྒྱབ་རིའི་བྲག་གཡང་གཟར་གྱི་ངོས་སུ་སྐྱེར་སྒང་པའི་རྣམ་ཐར་ན་གསལ་བའི་སྒྲུབ་ཕུག་དེ་ཉིད་ཀྱང་མཇལ་ཡུལ་དུ་བཞུགས་ཡོད་དོ། །ཁོ་བོས་རང་གི་བསམ་ཚུལ་དག་ཡིག་གེ་བཀོད་དེ་སྤེལ་བ་ལ། ཀུན་མཁྱེན་ཅན་མང་པོས་རྙག་རྙོག་རྐྱང་བྲིས་ནས་ཅི་ཡོང་ཞེས་བཀའ་སློབ་ནན་པོ་གནང་བའང་ཤ་ཚའི་ཐུགས་འཁུར་དུ་ཤེས་ཀྱི་ཡོད་ལ། འདི་ནི་རང་ཉིད་ཀྱི་དཔེ་ཀློག་དང་འབྲེལ་བའི་བསམ་ཚུལ་ཙམ་ཡིན་གྱི། དཔྱད་གཏམ་དང་མཐའ་དཔྱོད་གང་ཡང་མ་ཡིན་པས། མཐའ་གཅིག་འདི་ལྟར་ཡིན་ངེས་དང་། ཡིན་དགོས་པའི་ཨུ་ཚུགས་ཡང་ཞུ་གི་མེད། ལོ་རྒྱུས་ལ་དགའ་བ་དག་གིས་འདི་ཉིད་དཔྱད་གཞིར་བཟུང་བས་སྔར་བས་ཁ་གསལ་ཁུངས་དག་ཀུན་གྱིས་ཡིད་རྟོན་རུང་བ་ཡོང་བར་འབད་རྩོལ་བགྱི་བའི་རྟིང་སྐུལ་དུ་ཕུལ་བ་ལགས་སོ། །༢༠༢༢/༡༡/༡

བརྒྱུད་སྐུལ།

མཆན་སྤེལ།