སྙན་ངག་པ་སྐྱེད་སྲིང་མཛད་པ་པོ་དགེ་ཆེ་བློ་བཟང་དཔལ་ལྡན་མཆོག་ལ་རྗེས་དྲན་ཞུ།

སྙན་ངག་པ་སྐྱེད་སྲིང་མཛད་པ་པོ་དགེ་ཆེ་བློ་བཟང་དཔལ་ལྡན་མཆོག་ནི། དབུས་གཙང་དམ་པ་ཆོས་ཀྱི་ཆོལ་ཁའི་ནང་གི་རིན་སྤུངས་རྫོང་གི་རོང་བྱི་འོང་ཞེས་པའི་སའི་ཆར་ཕྱི་ལོ་ ༡༩༣༠ ལོར་སྐུ་འཁྲུངས་ཤིང་། སྐུ་ན་ཆུང་དུས་ནས་གདན་ས་ཆེན་པོ་སེར་སྨད་ཐོས་བསམ་ནོར་བུའི་གླིང་གི་སེར་སྨད་གཙང་པ་ཁང་ཚན་དུ་ཆོས་ཞུགས་མཛད་དེ་གཞུང་ཆེན་ཁག་ལ་གསན་བསམ་གནང་བར་མ་ཟད། དགེ་རྒན་ཟུར་བསྟེན་གྱིས་ཡི་གེ་དབུ་ཆེན་དང་དབུ་མེད་འཁྱུག་སོགས་ལེགས་པར་སྦྱངས་ནས་མཁས་པར་གྱུར། དེ་ནས་ ༡༩༥༩ ལོར་རྒྱ་གར་འཕགས་ཡུལ་ལ་བཙན་བྱོལ་དུ་ཕེབས་སྐབས་དགེ་རྒན་འོས་སྦྱོང་དུ་ཕེབས་གནང་མཛད་ནས་དམིགས་བསལ་སྙན་ངག་དང་། སུམ་རྟགས། རྒྱལ་རབས། ཆོས་འབྱུང་སོགས་ལ་གསན་བཞེས་ལེགས་པར་གནང་། དེ་ནས་མ་སུ་རིའི་ཆོས་དགེ་དང་བོད་དགེ་རྒྱུན་རིང་གནང་ནས་སློབ་ཕྲུག་དུ་མ་གསོ་སྐྱོང་མཛད།
༄༅། །རྨོ་ལུང་གྲོང་ཚོའི་མཐོང་དགའ་ཞེས་པའི་དུས་ཆེན་བྱུང་ཚུལ།

༡ རྨོ་ལུང་མཐོང་དགའ་དུས་ཆེན། བཀྲ་ཤིས་ཆོས་འཕེལ་དགོན། གཞིས་རྩེ་གྲོང་ཁྱེར་གཏིང་སྐྱེས་རྫོང་གཏིང་སྐྱེས་ཤང་བཀྲ་ཤིས་ཆོས་འཕེལ་དགོན་པའི་རྨོ་ལུང་མཐོང་དགའ་ཞེས་པའི་དུས་ཆེན་འདི་ནི་ལོ་རེའི་བོད་ཟླ་ལྔ་པར་བླ་མའི་རྟག་འབྲེལ་ལྟར་ཚེས་བཟང་ཉིན་ཞིག་ནས་སྒོ་བཙུགས་ཏེ་རྨོ་ལུང་གྲོང་ཚོའི་ལྷོ་ངོས་གླིང་གར་ཞག་ཐོན་བྱས་ནས་སྤྱན་རས་གཟིགས་དྲག་པོའི་སྤྲུལ་པ་དགོན་པོ་ཕྱག་བཞིའི་གསེར་སྐུ་རང་བྱོན་མཐེབ་བོང་གཟུགས་ཀྱི་མཇལ་ཁ་གཏོང་སྲོལ་ཡོད་པ་དང་ཕྱིས་སུ་རྨོ་ལུང་མཐོང་དགའ་ཞེས་མིང་གྲགས་ཇེ་ཆེར་བྱུང་བས་ཉིན་ཞག་བདུན་རིང་གཏོང་སྲོལ་དར་ལ་ཉིན་དང་པོར་ལྷ་བཟང་དང་ཉིན་གཉིས་པར་ཚེ་དབང་ཚེ་སྒྲུབ། ཉིན་གསུམ་པར་རྨོ་ལུང་གྲོང་ཚོའི་གཞས་པ་དེ་བཞིན་སྐུ་མགྲོན་བསུ་བདང་གླུ་གཞས་རྐང་བྲོ། རྟ་རྒྱུགས་བང་རྩལ། རྒྱན་ལུས་ཆས་ངོམ་པ། བཟང་འཐུང་ལོངས་སྤྱོད།  དངོས་ཟོག་ཉོ་ཚོང་ལ་སོགས་རིམ་པས་དར་སྲོལ་བྱུང་ཡོད།
རྫོང་ཆེན་ཀུན་དགའ་རྣམ་རྒྱལ་གྱི་རྣམ་ཐར་མདོར་བསྡུས། (འདས་མཆོད་བསུ།)

རྫོང་ཆེན་ཀུན་དགའ་རྣམ་རྒྱལ་གྱི་རྣམ་ཐར་མདོར་བསྡུས། རྗེ་འདི་དབུས་ཀྱི་གཡུ་རུ་གྲ་སྟེ་ལྷོ་ཁ་གྲ་ནང་དུ། ཐོན་མིའི་གདུང་བརྒྱུད་ཡར་རྒྱབ་པའི་དཔོན་ཆེན་རིགས་སུ་སྐུ་འཁྲུངས་ (༡༤༣༢-༡༤༤༩) ཤིང་། རྗེ་འདིར་ཆུང་དུས་ཀྱི་མཚན་གྲྭ་ལྔ་རྒྱལ་པོར་གསོལ་བ་ནས། ཀུན་མཁྱེན་རྡོ་རྗེ་གདན་པ་ཆེན་པོ་སོགས་མཚན་གྱི་རྣམ་གྲངས་མང་། དགུང་ལོ་བཅོ་ལྔ་ནས་གོང་དཀར་རྫོང་གི་རྫོང་དཔོན་དང་། དགུང་གྲངས་ཉེར་བདུན་ལ་སྲིད་སྤངས་ཏེ་རབ་ཏུ་བྱུང་བར་མཛད་ཅིང་། རྗེ་བྲག་ཐོག་པ་དང་། ཞ་ལུ་མཁན་ཆེན་ཡེ་ཤེས་རྒྱ་མཚོ། ཀུན་མཁྱེན་སངས་རྒྱས་འཕེལ། སྟག་ཚང་ལོ་ཙཱ་བ། པཎ་ཆེན་བྱམས་པ་གླིང་པ་སོགས་ཀྱི་ཞབས་ལ་བསྟེན་ཏེ་མཁས་པའི་གོ་འཕང་བརྙེས། རྗེ་འདི་ནི་སྣ་ནམ་རྡོ་རྗེ་བདུད་འཇོམས་དང་། རྗེ་བཙུན་གྲགས་པ་རྒྱལ་མཚན། བླ་མ་དམ་པ་སོགས་ཀྱི་རྣམ་འཕྲུལ་དུ་བཞེད་ཅིང་། དབུས་ཕྱོགས་སུ་དཔལ་ལྡན་ས་སྐྱའི་བསྟན་པ་སྟོབས་ཀྱིས་འདེགས་པར་མཛད།
རྒོད་ཚང་པ་མགོན་པོ་རྡོ་རྗེའི་རྣམ་ཐར་མདོར་བསྡུས།

རྒོད་ཚང་པ་མགོན་པོ་རྡོ་རྗེའི་རྣམ་ཐར་མདོར་བསྡུས། རྩོམ་པ་པོ། མི་ཉག་མགོན་པོ། རྒོད་ཚང་པ་མགོན་པོ་རྡོ་རྗེ་ནི། འབྲུག་རྭ་ལུང་དགོན་གསར་དུ་འདེབས་པ་པོ་མགོན་གཙང་པ་རྒྱ་རས་ཡེ་ཤེས་རྡོ་རྗེ་ཞེས་མཁས་གྲུབ་ཀྱི་སྙན་པ་ས་སྟེང་ན་ཁྱབ་པ་དེ་ལ་རང་དང་རྟོགས་པ་མཉམ་པའི་བུ་ཆེན་དྲུག་ཡོད་པའི་ནང་ནས་མཁྱེན་པ་ཐོགས་པ་མེད་ཅིང་ཉམས་རྟོགས་མཐའ་རུ་ཕྱིན་པ་སྟེ། ལྷོ་བྲག་དོལ་པོ་ཆུང་གི་ཡུལ་དུ་རབ་བྱུང་གསུམ་པའི་ས་བྱ(༡༡༨༩)ལོར་འཁྲུངས། གཙང་ལས་སྟོད་རྒོད་ཚང་རི་ཁྲོད་དུ་ཡུན་རིང་པོར་མཚམས་བཞུགས་པས་རྒོད་ཚང་པ་ཞེས་པའི་མཚན་རྒྱུན་ཆགས་སུ་གྱུར། དགུང་ལོ་གཞོན་ནུའི་དུས་ནས་བླ་མར་མོས་གུས་ཆེ་བས་བླ་མས་ཅི་གསུང་བཀའ་སྒྲུབ་བྱེད་པའི་གོམས་གཤིས་ཆགས། བླ་མའི་མདུན་བཀའ་བརྒྱུད་པའི་ཟབ་ཆོས་ཀུན་བུམ་པ་གང་བྱོའི་ཚུལ་གྱིས་ཞུས། རྗེས་བླ་མའི་བཀའ་ལྟར་སྒྲུབ་གནས་ཁྱད་པར་ཅན་ལྷོ་བྲག་མཁར་ཆུ། གངས་ཏི་སེ། རྩྭ་རི་ཁྱུང་དཀར། སྟེང་འབྲོའི་རི་ཁྲོད། རྒྱ་གར་ནུབ་ཕྱོགས་ཀྱི་ཛ་ལན་ངྷ་ར་སོགས་སུ་རྗེ་མི་ལ་རས་པ་ཇི་བཞིན་དཀའ་སྤྱད་སྙིང་རུས་ཀྱིས་སྒོམ་སྒྲུབ་མཛད། དཔེར་ན་སྟེང་འབྲོའི་རི་ཁྲོད་དུ་འདག་སྦྱར་ལོ་གསུམ་བཞུགས་རིང་འཚོ་བ་ཤིན་ཏུ་ངན་ངོན་ལ་བརྟེན་པས་སྐུ་ལུས་རིད་ཅིང་ཉམས་ཞན་དུ་གྱུར་ཀྱང་རྒྱུན་འཁྱོངས་མཛད།

དབུས་བཟའ་མཁའ་འགྲོ་མ་ཀུན་བཟང་བདེ་སྐྱོང་དབང་མོ་བདེ་བའི་རྡོ་རྗེ་ལགས་ནི། ཕྱི་ལོ1880ལོར་བོད་དབུས་གཙང་ས་ཆར་སྐུ་འཁྲུངས་པའི་མཁའ་འགྲོ་མ་གྲགས་ཅན་ཞིག་ཡིན་ལ། ད་ལྟ་དངོས་སུ་མཇལ་རྒྱུ་ཡོད་པའི་གསུང་འབུམ་པོད་དྲུག་ཡོད།     ༄༅། །དབུས་བཟའ་མཁའ་འགྲོ་མའི་ཨ་མ་དྲན་གླུ་བཞུགས་སོ།། སྟེང་ནམ་མཁའ་ཡངས་པའི་དབྱིངས་རུམ་ནས།།  ལས་རྣམ་དག་མཁའ་འགྲོའི་བླ་བྱ་ཁྱོད།།  སེམས་བག་ཕོབས་ང་ཡི་ཚིག་ལ་ཉོན།།  ཁྱོད་གར་འགྲོ་གང་ནས་འོང་བ་ཡིན།།  ང་བྱིས་པ་མ་མེད་དྭ་ཕྲུག་ཡིན།།  ངའི་ཨ་མ་བོར་ནས་ཟླ་གཅིག་སོང་།།  གནས་གང་སོང་མ་གོ་སྡུག་བསྔལ་ཆེ།།  ཁྱོད་རྩལ་ལྡན་ཐང་དཀར་རྒོད་པོ་ལོ།།  ངའི་ཨ་མ་གར་སོང་ཨེ་མཐོང་གི།  གནས་གང་དུ་བསྡད་ཡོད་ཨེ་གོ་ལོ།། དྲིན་ཨ་མ་མེད་པའི་བུ་མོ་ང་།།  མི་ལོང་པ་ཐང་ལ་བོར་དང་འདྲ།།  བྱ་གཤོག་མེད་གཡང་ལ་ལྷུང་དང་མཚུངས།།  ད་དེ་ལྟར་བསམ་ན་ཨ་མ་དྲན།། གཟུགས་སྐྱེ་མཆེད་མཛེས་པ་ཨ་མའི་དྲིན།།  ཟས་ལོངས་སྤྱོད་འབྱོར་བ་ཨ་མའི་དྲིན།།  གཏམ་ཁ་ལྕེ་བདེ་བ་ཨ་མའི་དྲིན།།  མི་ཀུན་དང་མཐུན་པ་ཨ་མའི་དྲིན།།  ཆོས་ཡིག་དྲུག་ཤེས་པ་ཨ་མའི་དྲིན།།  ལྷ་བླ་མ་མཇལ་བ་ཨ་མའི་དྲིན།།  ད་འདི་འདྲའི་ཨ་མ་དྲིན་ཆེན་དང་།།  ཚེ་འདི་རུ་འཕྲད་པའི་གྲོགས་དན་མཛོད།།  ཁྱོད་ལྷ་བྱ་དཀར་པོའི་ཐུགས་ལ་ཟུངས།།