
༄༅། །ལྟ་བའི་རིམ་པ་བཤད་པ་བཞུགས། །
༄༅༅། །པདྨའི་སྤྱན་ལ་ཕྱག་འཚལ་ནས། །ལྟ་བའི་རིམ་པ་བཤད་པར་བྱ། །འཇིག་རྟེན་པ་དང་འཇིག་རྟེན་འདས། །གསེར་གྱི་རྫས་ལྟར་གཅིག་ལས་སྣང༌། །རྣམ་གྲངས་སྣང་བ་ལྔ་གསུམ་གཉིས། །ཤེས་ནས་གཞག་དང་བླང་བར་བྱ། །ཐམས་ཅད་བྱང་ཆུབ་སྙིང་པོའི་ཀློང༌། །པདྨ་འཁྱིལ་བའི་རང་བཞིན་ལ། །རང་གི་རྟོག་རྙོག་རི་བོས་མནན། །རང་རྒྱུད་རྐྱེན་གྱིས་ལོག་སྣང་བ། །སྐྱེ་བོ་པ་དང་མུ་སྟེགས་པ། །དྲུག་དང་རྟག་ཆད་སྣང་བར་བྱུང༌། །དམུས་ལོང་ཚུལ་གྱུར་སྐྱེ་བོ་ཡང༌། །མཐོ་ཡོར་མི་ལྟར་བརྟགས་སྣང་བ། །དམྱལ་བའི་རང་སེམས་མི་སོགས་སྣང༌། །ཡི་དགས་སྡིག་སེམས་མི་གཙང་ཡུལ། །བྱོལ་སོང་གྱེན་ཐུར་ངམ་གྲོག་སྣང༌། །མི་ལ་མཐོང་ཡུལ་འདི་ཉིད་སྣང༌། །དེ་བཞིན་ལྷ་མིན་གོ་མཚོན་སྣང༌། །ལྷ་ཡི་དགེ་སེམས་རིན་ཆེན་སྣང༌། །ཅི་ཡང་སྣང་ཕྱིར་མཐོང་མི་བདེན། ། སྐྱེ་བོ་རྟོག་པས་ཕྲོགས་པ་ཡི། །རྣམ་འཕྲུལ་ཕྱི་ནང་ལྟ་བུར་སྣང༌། །བརྟགས་པ་བརྡ་ཡི་ཐ་སྙད་ཤར། །རྐྱེན་གྱིས་ལོག་ཚུལ་མུ་སྟེགས་པ། །ཁྲིད་བྱེད་དྲུག་གི་བསྟན་པས་བསླུས། །མདོ་བསྡུས་མུ་སྟེགས་ཆད་པ་ལ། །གློ་བུར་ཙམ་སྣང་མཐའ་མེད་ལྟ། །རྟག་པ་བྱས་སྣང་དངོས་པོར་འདོད། །