སྤེལ་ཞིབ་ཕྲ།

བུད་མེད་རྩོམ་པ་པོ་གྲགས་ཅན་ཚེ་རིང་དབྱངས་སྐྱིད་ལགས་དང་། ཁོང་གི་བརྩམས་ཆོས།

 རྩོམ་པ་པོ་ཚེ་རིང་དབྱངས་སྐྱིད་ནི་ ༡༩༦༣ ལོར་ཡར་ཀླུང་གཙང་པོའི་གཞུང་གི་གྲུ་ཁ་ཞིག་ཏུ་བཟོ་པ་དཀྱུས་མ་ཞིག་གི་ཁྱིམ་དུ་སྐྱེས། ཕྱི་ལོ་ ༡༩༨༧ ལོར་བོད་ལྗོངས་སློབ་ཆེན་ཐོན་པ་ནས་ད་བར་སློབ་གསོ་སློབ་ཁྲིད་ཀྱི་ཕྱག་ལས་ཕྲག་ཏུ་བཞེས་པ་དང་། ལས་བྲེལ་ཆེ་བའི་སློབ་ཞོར་དུ་བརྩམས་སྒྲུང་གིས་གཙོས་རྩོམ་འབྲིའི་བྱ་བའི་རྒྱུན་བསྐྱངས། ༢༠༠༧ ལོར་བརྩམས་སྒྲུང་ཕྱོགས་བསྒྲིགས་རི་རྩེའི་སྤྲིན་དཀར་ཞེས་པ་པར་སྐྲུན་བྱས་ཏེ་ཀློག་པ་པོའི་ཁྲོད་ཚུར་སྣང་ལན་ཆ་ཆེ་ཙམ་བྱུང་། མ་ཟད་བརྩམས་ཆོས་དེར་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྐབས་དགུ་པའི་རྟ་མཆོག་བུམ་པའི་བྱ་དགའ་ཐོབ། ༢༠༡༤ ལོའི་ཟླ་བ་ ༧ པར་ལྷུག་རྩོམ་ཕྱོགས་བསྒྲིགས་མི་ཚེའི་འགྲུལ་བཞུད་པར་དུ་བསྐྲུན་པ་དང་དེར་ཀློག་པ་པོའི་དགའ་བསུ་ཆེན་པོ་ཐོབ།
ཨ་ཁུ་སྟོན་པའི་བྱུང་རིམ་ལོ་རྒྱུས་མདོར་བསྡུས།

དེ་ཡང་ཨ་ཁུ་སྟོན་པ་ཞེས་པའི་མི་སྣ་དེ་ཐོག་མར་ཇི་ལྟར་བྱུང་ཚུལ་སྐོར་ལ་རང་ཉིད་ཀྱི་ལྟ་ཚུལ་ཙམ་གླེང་ན། ཨ་ཁུ་སྟོན་པ་ཞེས་པ་ནི་བླ་མའི་སྐུ་སྐྱེ་འཁྲུངས་པ་ལྟར་ཡུམ་གྱི་མངལ་ལས་འཁྲུངས་ཙམ་ནས་སྙན་གྲགས་ཅན་གྱི་སྐྱེས་བུ་ཞིག་མ་ཡིན་པར་མི་སྣ་དེ་ཉིད་སྐྱེད་མའི་སྤང་དུ་རིམ་པས་འཚར་ལོངས་བྱེད་པའི་རྒྱུན་རིམ་ཁྲོད་དང་། ལྷག་དོན་ན་སོན་ཏེ་འཇིག་རྟེན་འཚོ་བའི་ཁྲོད་ཀྱི་བྱ་གཞག་སྣ་ཚོགས་ནང་ཞུགས་སྐབས་ཁོང་གི་གཏམ་བརྗོད་དང་བྱ་སྤྱོད་མང་པོ་ཞིག་ལས་སྤྱིར་བཏང་གི་མི་དང་མི་འདྲ་བའི་ཁྱད་ཆོས་དམིགས་བསལ་ཅན་ཞིག་མངོན་པར་བྱས་ནས་མི་རྣམས་ཀྱི་ཡིད་དབང་རབ་ཏུ་འཕྲོག་ཅིང་། ཡིད་དབང་འཕྲོག་པའི་གཏམ་བརྗོད་དང་བྱ་སྤྱོད་རེ་རེས་མི་ཚང་མའི་སེམས་ནང་བག་ཆག་གཏིང་ཟབ་ཅིག་འཇོག་གི་ཡོད་པ་མ་ཟད་སླད་རང་གི་མི་ཚེའི་ཁྲོད་དུ་བླང་དོར་དང་། སློབ་སྟོན་གྱི་ནུས་པའང་ཤུགས་ཆེ་ལྡན་པས་ན། མི་རྣམས་ཀྱིས་དེ་ནི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ལ་སེམས་ཅན་ལ་ཕན་པའི་མཛད་པ་མང་པོ་ཞིག་ཡོད་པའི་ཁྲོད་ཀྱི་སེམས་ཅན་རྣམས་ལ་རིག་པ་བསླབ་པའི་མཛད་པ་ཞིག་ཏུ་ངོས་འཛིན་གྱིས་སྟོན་པ་ཞེས་མཚན་བཏགས་པ་དང་། ཡང་མི་སྣ་དེ་ཉིད་རབ་བྱུང་གི་སྡེ་རུ་མ་ཞུགས་པར་འཇིག་རྟེན་ཁྱིམ་པའི་ཁྲོད་དུ་གནས་པས་ཨ་ཁུ་སྟོན་པ་ཞེས་པའི་མཚན་དེ་ཐོག་མར་དེ་ལྟར་བྱས་ཏེ་ཐོགས་པ་མིན་ནམ་སྙམ་མོ། །
མི་རབས་གསུམ་གྱི་ལྷ་ས།

◎འདབ་ཡངས།【རིག་གཞུང་སློབ་གླིང་། སློབ་ཐོན་སློབ་མ།】           —-ཡང་ན་དཔེ་དེབ་ཅིག་བཀླགས་པའི་མོད་ལ་ལྷ་ས་མཇལ་བ། ད་ལོ་སྟེ། ༢༠༡༨ལོའི་དགུན་སྨད་ལ་སྟབས་འཁེལ་ཞིག་གམ། ཡང་ན་ངས་ནན་གྱིས་བསྐུལ་བ་དང་ཨ་ཕས་ཀྱང་ད་ཐེངས་ལྷ་སར་ཕྱིན་ན་ཡག་རབས་བཤད་པས། ད་གཟོད་རྨོ་བོས་ཁྱིམ་གྱི་ཚར་རྒྱུ་མེད་པའི་ལས་ཀ་ཙག་ཙིག་དག་རེ་ཞིག་བསྐྱུར་ནས་ང་དང་མཉམ་དུ་དབུས་ལྷ་སར་ཡོང་རྒྱུར་ཁས་བླངས། རྨོ་བོ་ནི་ལོ་བརྒྱད་ཅུ་ལ་ཉེ་བར་བཅར་ཞིང་། དེང་གི་ཆར་བརྒྱ་སྒྲོག་སྟོང་སྒྲོག་བྱེད་པའི་བོད་གསར་རྙིང་གཉི་ག་བརྒྱུད་མྱོང་བ་ཞིག་རེད། གཟུགས་པོ་གཅོང་ནད་ཅིག་གིས་ཡུན་རིང་མནར་བཞིན་ཡོད་ཅིང་ལྷག་ཏུ་ཉེ་ཆར་ནད་གཞི་ལྕི་རུ་ཕྱིན་ཡོད་པས་ད་ཐེངས་ལྷ་སར་ཕྱིན་ཏེ་ཁྱིམ་མི་རྣམས་ཀྱིས་གཙོ་བོ་ནད་གཞི་དྲག་བསྐྱེད་ཡོང་བའི་རེ་བ་བྱེད། འོན་ཏེ། རྨོ་བོ་དང་ལྷག་ཏུ་ངའི་ཨ་ཕའི་བསམ་ཚུལ་ནི་དེ་འདྲ་ཞིག་མ་ཡིན་པ་འདྲ། ལྷ་སར་འབྱོར་ནས་དོན་དག་གལ་ཆེ་ཤོས་ཤིག་ཡོད་པ་ནི་ཨ་ཕས་རྨོ་བོ་འཁྲིད་དེ་ཇོ་ཤཱཀྱ་རྣམ་གསུམ་དང་། གདན་ས་ཆེན་མོ་སེ་འབྲས་དགའ་གསུམ་བཅས་ཀྱི་གཙོ་བྱས་པའི་ཉེ་འཁོར་གྱི་དགོན་པ་དག་ཏུ་ཆོས་མཇལ་ལ་འགྲོ་རྒྱུ་བྱུང་ན། གཞི་ནས་ལྷ་སར་སླེབས་པའི་སླེབས་གོ་ཆོད་པ་དང་བསམ་པ་རྫོགས་པ་ཡིན།
རི་དྭགས་ཀྱི་གཏམ་ངེས་འབྱུང་གི་ཕོ་ཉ།

རི་དྭགས་ཀྱི་གཏམ་ངེས་འབྱུང་གི་ཕོ་ཉ། རྩོམ་པ་པོའི་ལོ་རྒྱུས་མདོར་བསྡུས། རི་དྭགས་ཀྱི་གཏམ་ངེས་འབྱུང་གི་ཕོ་ཉ་ཞེས་པ་འདི་རིག་འཛིན་འཇིགས་མེད་གླིང་པ་ (༡༧༢༩-༡༧༩༨) ཡི་གསུང་འབུམ་པོད་ང་པའི་ <<གཏམ་གྱི་ཚོགས་ཐེག་པའི་རྒྱ་མཚོ>> (ཤོག་གྲངས་༡༨༩) ཞེས་བྱ་བ་ལས་བདམས་པ་ཞིག་ཡིན། རིག་འཛིན་འཇིགས་མེད་གླིང་པ་ནི། འཕྱོང་རྒྱས་ཕྱིང་དབར་བང་སོ་དམར་པའི་ལྷོ་ཕྱོགས་སུ་ཆོས་རྗེ་སྨོན་ལམ་བཟང་པོ་དང་། ཡུམ་ཡན་ལག་མཆོག་དང་ལྡན་མ་གཉིས་གྱི་སྲས་སུ་སྤྱི་ལོ་ ༡༧༢༩ ལོར་སྐུ་འཁྲུངས། དགུང་ལོ་དྲུག་པར་རབ་ཏུ་བྱུང་ཞིང་། མཚན་ལ་པདྨ་མཁྱེན་བརྩེ་འོད་ཟེར་ཞེས་གསོལ། སྐུ་ཆུང་ངུའི་དུས་ནས་སློབ་དཔོན་བོན་བཙན་པ་ལས་སྒྲ་དང་། རྩིས། གསོ་རིག་བཅས་གསན་པས་ཚེགས་མེད་དུ་མཁྱེན་དང། བླ་མ་གཏེར་ཆེན་དྲི་མེད་གླིང་པ་སོགས་ཡོངས་འཛིན་དུ་མ་ལས་སྔ་འགྱུར་གྱི་བཀའ་གཏེར་འགངས་ཆེ་བ་རྣམས་དང་། གསར་མའི་རྒྱུད་སྡེ་ཡང་ཅི་རིགས་པ་གསན་བཞེས་མཛད། རྗེ་འདི་པར་གྲུབ་དབང་འཇིགས་མེད་འཕྲིན་ལས་འོད་ཟེར་སོགས་ཐུགས་རྒྱུད་ཟིན་པའི་སློབ་མ་བསམ་གྱིས་མི་ཁྱབ་པ་མང་པོ་བྱུང་ཞིང། བརྩམས་ཆོས་ལ་ཡོན་ཏན་རིན་པོ་ཆེའི་མཛོད་རྩ་འགྲེལ་སོགས་གསུང་འབུམ་པོད་དགུ་ཡོད་པའི་པར་ཤིང་ཆ་ཚང་བ་སྡེ་དགེ་དཔར་ཁང་ཆེན་མོར་བཞུགས། དགུང་ལོ་བདུན་ཅུ་ཆུ་གླང་སྟེ། སྤྱི་ལོ་ ༡༧༩༨ ལོར་སྐུ་གཤེགས། རྣམ་ཐར་ཞིབ་མོ་ནི་ཁོང་གི་རང་རྣམ་ཡུལ་ལྷོ་རྒྱུད་དུ་བྱུང་བའི་རྫོགས་ཆེན་པ་རང་བྱུང་རྡོ་རྗེ་མཁྱེན་བརྩེའི་འོད་ཟེར་གྱི་རྣམ་པར་ཐར་པ་ལེགས་བྱས་ཡོངས་འདུའི་སྙེ་མ་ཞེས་པར་གསལ་ལོ།།
ཤར་ཚས་བརྩམས་པའི་སྒྲུང་རིང་། སྨུག་སྤྲིན་ཀློང་གི་མི་ཚེ། ཞེས་པ་གསར་ཐོན་གྱི་གཏམ་བཟང་།

ཉེ་ལམ་ཤར་ཚའི《སྨུག་སྤྲིན་ཀློང་གི་མི་ཚེ》ཞེས་པའི་བརྩམས་སྒྲུང་རིས་གྲས་དེ་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་པར་བསྐྲུན་བྱས་པ་དང་། བརྩམས་སྒྲུང་དེའི་ནང་བོད་ཀྱི་སློབ་མ་མང་པོའི་འདུས་གཟུགས་ལྟར་དུ་གྱུར་བའི་སྒྲོལ་དཀར་ནི་སློབ་ལ་མི་བརྩོན་པའི་ཁར་ཚུལ་འཆོས་དང་གཏམ་འདོད་སྒྱིད་ལུག་གི་གཞན་དབང་དུ་ཚུད་དེ། མཐར་མཐོ་འབྲིང་ལོ་རིམ་གསུམ་པའི་སྐབས་སློབ་ཆེན་ལ་རྒྱུགས་མ་འཕྲོད་པས་ཡུལ་མིའི་མི་ཁ་འགོག་པ་དང་རང་གི་ངོ་སོ་འདེགས་ཆེད། སློབ་ཚུད་བརྡ་ཐོ་རྫུན་མ་ཁྱེར་ནས་སྒེར་གཉེར་སློབ་གྲྭར་སོང་བ་དང་། སློབ་གྲྭ་དེར་སློབ་ཚན་ཉུང་བ་དང་སྒྲིག་འཛུགས་ཞན་པ། ཕ་ཡུལ་དང་ཁ་ཐག་རིང་བ། རང་ཉིད་ཁྱིམ་འཁོས་ཞན་ཁར་ཆུང་དུས་ནས་བག་མེད་ལོངས་སྤྱོད་ལ་གོམས་པ་སོགས་རྒྱུ་མཚན་དུ་བྱས་ནས་སློབ་གསེང་དུ་ཨར་ཁང་ནང་ཞོར་ལས་བྱེད་པར་སོང་བ་དང་། ཨར་ཁང་དུ་སྡོད་ཡུན་དུ་མི་མང་པོ་དང་འབྲེལ་བ་བྱུང་ནས་རིམ་གྱིས་དུག་འཐེན་རྒྱུ་གོམས་ལོབས་སུ་སོང་རྐྱེན། སྤྱི་བདེའི་མི་སྣས་བཀག་ཉར་བྱས་པ་མ་ཟད། སློབ་གྲྭ་ལས་ཕུད་པ་དང་། གནས་ཚུལ་དེ་ཕ་ཡུལ་དུ་ཡོད་པའི་མ་རྒན་གྱིས་ཤེས་ནས་ཨ་མ་རང་ཤི་རྒྱབ་པ་སོགས་ཡིན། རྩོམ་འདིའི་ནང་དུ་གཙོ་བོ་ད་ལྟའི་གཞོན་ནུ་ལོ་ཆུང་མང་པོའི་བསམ་བློའི་ཁྱེར་སོ་ནོར་འཁྲུལ་ཅན་ལས་བྱུང་བའི་ཆག་སྒོ་དང་། དེ་ཆགས་པའི་རྒྱུ་མཚན་ཡང་མ་དག་པའི་ཁྱིམ་ཚང་གི་སློབ་གསོ་དང་། དེ་བཞིན་ཁྲིམས་ལུགས་ཀྱི་འདུ་ཤེས་ཞན་པ་ལས་བྱུང་བའི་ཆག་སྒོ་སོགས་བརྗོད་ཡོད།