
རྟ་ནག་ཐུབ་བསྟན་རྣམ་རྒྱལ་གླིང་གི་ལོ་རྒྱུས།
དགོན་འདི་ནི་མཚོ་ངོས་ལས་རྨིད་ ༤༡༠༠ ཡོད་པ། རྟ་ནག་རིན་ཆེན་རྩེ་ཞེས་པའི་གྲོང་ཚོར་ཆགས་ཡོད། ཡུལ་འདི་ནི་སློབ་དཔོན་པདྨས་ལུང་གིས་བསྔགས་པ་ཡིན་ཏེ། དེ་ཡང་སློབ་དཔོན་པདྨའི་གསུང་ལས། ལྗི་ཉུག་གཉིས་ཀྱི་བར་མཚམས་སུ། །མདོ་སྔགས་བསྟན་པ་སྤྲིན་ཙམ་དར་། ། ཞེས་ལུང་པའི་ཕུར་ལྗི་ཕུ་ཞེས་པ་དང་། ལུང་པའི་མདར་ཉུག་ཅེས་པའི་གྲོང་སྡེ་རྟ་ནག་རྫ་ཡི་ཐོན་ཁུངས་ཏེ། ལྗི་ཉུག་གཉིས་ཀྱི་བར་དུ་གནས་པའི་ཆོས་སྡེ་འདི་ཉིད་ལུང་གིས་བསྔགས་ཡོད་པ་མ་ཟད། དཔལ་ས་སྐྱའི་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་སོགས་སྐྱེས་ཆེན་མང་པོས་རྟ་ནག་ཡུལ་གྱི་ས་བཅུད་ལ་ཕན་ཕྱིར་རྟ་ནག་གི་ལུང་པར་ཟབ་གཏེར་མང་པོ་སྦས་ཡོད་ཅིང་། རྟ་ནག་གུ་རུ་རྣོན་རྩེ་དང་། རྟ་ནག་འགོས་ལོ།རྟ་ནག་རྒྱལ་དབང་དགེ་འདུན་རྒྱ་མཚོ། རྟ་ནག་རྒྱང་དཀར་གྲོང་གི་ཇོ་བོ་སྨྲི་ཏི་ཛྙནའི་ལོ་རྒྱུས། རྟ་ནག་ལུང་ཤར་རྡོ་རྗེ་ཚེ་རྒྱལ་གྱི་བྱུང་བ། གླིང་རྗེ་གེ་སར་རྒྱལ་པོས་བདུད་འབྲོང་ནག་པོ་དམ་ལ་བཏགས་པའི་གཏམ་བརྒྱུད། རྟ་ནག་སྒྲོལ་མ་ཕུག་གི་སྒྲོལ་ཆེན་རིམ་བྱོན་སོགས་རྟ་ནག་ཡུལ་གྱི་བྱུང་བ་ཤིན་ཏུ་མང་། དགོན་གནས་འདི་ཕྱག་འདེབས་པ་པོ་ནི། བདེ་བ་ཅན་གྱི་རྒྱུད་ལས། ཉན་ཐོསཔདྨ་ཅན་འདི་མ་འོངས་དུས།། མདོ་རྒྱུད་ཀུན་མཁྱེན་བསོད་ནམས་སེངྒེ་ཞེས།། འབྲེལ་བ་ཐོབ་ཚད་ཆོས་ལ་བསྒྱུར་ཏེ་བཀོད།། བདེ་བ་ཅན་སོགས་ཞིང་ཁམས་མཐའ་དག་མཐོང་།། ཞེས་རྒྱལ་བས་ལུང་གིས་བསྔགས་པ། དཔལ་ས་སྐྱའི་མཁས་པ་འཛམ་གླིང་མཛེས་པའི་རྒྱན་དགུའི་ཡ་གྱལ། ཀུན་མཁྱེན་གོ་རམ་པ་བསོད་ནམས་སེངྒེས་བོད་རབ་བྱུང་བརྒྱད་པའི་ཆུ་མོ་སྦྲུལ་གྱི་༼སྤྱི་ལོ་ ༡༤༧༣༽ ལོར་ཕྱག་བཏབ། ཀུན་མཁྱེན་གོ་རམས་པ་མཆོག་ནི། འཕགས་པ་འཇམ་དཔལ་དབྱངས་ཉིད་གདུལ་བྱ་འདུལ་ཕྱིར་བསམ་བཞིན་དུ་སྐུའི་སྐྱེ་བ་མི་འདྲ་བ་དུ་མ་བཞེས་པ་ཡིན་ཏེ།རྒྱལ་བའི་མདུན་ན་གནས་བརྟན་རབ་འབྱོར་དང་། བསྟན་པ་སྔ་དར་གྱི་དུས་སུ་ལོ་ཆེན་བཻ་རོ་ཙ་ན། བསྟན་པ་ཕྱི་དར་གྱི་དུས་སུ་རྡོ་འཛིན་བྱེ་བའི་གཙུག་རྒྱན་རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་ཉིད་སླར་ཡང་རང་གི་བསྟན་པ་སྤེལ་ཕྱིར་ཀུན་མཁྱེན་ཆེན་པོའི་སྐུར་བཞེངས་པ་ཡིན། ཆགས་འཇིགས་ལོ་རྒྱུས་ཀྱི་ཁུག་སོ་མང་པོ་ནས་ད་ལྟ་རང་རེའི་བསོད་ནམས་ཀྱི་ཞིང་དུ་བཞུགས་པའི་ཀུན་མཁྱེན་གོ་རམས་པའི་གསུང་འབུམ་པོད་བཅུ་གསུམ་ཡོད་པ་ནི། དཔལ་ས་སྐྱའི་ཆོས་གྲྭ་ཁག་གི་ཡིག་ཆའི་གཙོ་བོ་ཡིན་ཅིང་། གྲུབ་མཐའི་གཞན་ཀུན་གྱི་ཡང་གཙོ་གནད་དུ་འཛིན་པའི་ཡིག་ཆའི་གཙོ་བོ་ཞིག་ཡིན།