མངའ་རིས་པཎ་ཆེན་པདྨ་དབང་རྒྱལ་གྱི་མཛད་བསྡུས།
མངའ་རིས་པཎ་ཆེན་པདྨ་དབང་གི་རྒྱལ་པོ། (1486-1544) གཏེར་ཁ་དུ་མ་ནས་ལུང་བསྟན་པ་བཞིན་སྐུ་བལྟམས་པ། མངའ་རིས་པཎ་ཆེན་པདྨ་དབང་གི་རྒྱལ་པོ་དེ་ཉིད་ནི། ཡབ་གྲུབ་ཆེན་ཐང་སྟོང་རྒྱལ་པོ་སོགས་ཀྱི་ཞབས་ལ་གཏུགས་པས་མཁས་གྲུབ་ཆེན་པོ་རིན་ཆེན་རྒྱལ་མཚན་དང་། མ་ཡུམ་མཁའ་འགྲོའི་མཚན་རྟགས་དང་ལྡན་པ་འབྲོ་ལྕམ་ཁྲོམ་པ་རྒྱན་གཉིས་ཀྱི་སྲས་སུ་མངའ་རིས་གློ་བོ་མ་ཐང་གི་ས་ཆ་རུ་བོད་རབ་བྱུང་བརྒྱད་པའི་མེ་ལུག་ཕྱི་ལོ་༡༤༨༧ལུག་གི་ལོར་སྐུ་བལྟམས། དེ་ཡང་བསམ་པ་ལྷུན་འགྲུབ་མའི་ཕྱི་སྒྲུབ་ཡོན་ཏན་གཏེར་མཛོད་ལས། འདི་ནས་ཚེ་ལོ་ལྔ་བཅུའི་ཁ་རལ་དུས༔ ང་ཡི་ཐུགས་རྗེས་སྤྲུལ་པའི་རིག་འཛིན་ནི༔ པདྨ་རྒྱལ་པོ་ཡེ་ཤེས་རོལ་པ་རྩལ༔ ཕྱི་ལྟར་རབ་བྱུང་སྔགས་པའི་ཆ་ལུགས་ཅན༔ ནང་ལྟར་སེམས་བསྐྱེད་བསྟན་པའི་བྱ་ར་བརྩོན༔ གསང་བ་གཉིས་མེད་རྫོགས་ཆེན་དོན་དང་ལྡན༔ ཆོས་རྒྱལ་ཡབ་སྲས་མཚོ་རྒྱལ་སྨོན་ལམ་གྱིས༔ སྤྲུལ་པའི་གཟུགས་ཀྱིས་མ་འགག་སྤྱོད་པ་སྐྱོང༔ དེ་འདྲའི་གང་ཟག་ནུབ་ཀྱི་ཕྱོགས་ནས་འོང༔ ཞེས་སོགས་གཏེར་ཁ་དུ་མ་ནས་ལུང་དོན་ལྟར་ཡོངས་སུ་མཐུན་པར་གོང་ས་ལྔ་པ་ཆེན་པོའི་ཞལ་ནས་ཀྱང་། གཞན་ཡང་གཏེར་ཁ་གོང་འོག་སོགས་ཁུངས་བཙུན་མང་པོ་ནས་ལུང་གིས་ཟིན་པ་སྟེ་གསུངས་པའོ། །ཞེས་སོ། །རྗེ་འདི་པ་མངའ་རིས་ཆོས་རྒྱལ་གྱི་གདུང་ལས་གློ་བོ་རྒྱལ་པོའི་གདུང་རྒྱུད་ཡིན་པར་རང་རྣམ་སོགས་ལས་གསལ་པོར་གསུངས་ཤིང་། མདོར་ན་སྐུ་བལྟམས་པའི་སྐབས་སུ་ཡབ་ཀྱི་གཟིགས་སྣང་ལ་ཨོ་རྒྱན་ཆེན་པོ་པདྨ་འབྱུང་གནས་ཀྱིས་གཙོས་པའི་རྒྱ་བོད་ཀྱི་པཎ་གྲུབ་ཕལ་ཆེར་འདུས་ནས་རབ་ཏུ་གནས་པ་དང་། མངའ་གསོལ་བ་དང་བཀའ་བགྲོས་ཏེ། འདི་ཉིད་པདྨའི་རིགས་ལ་དབང་གི་རྒྱལ་པོ་ཡིན་པས་པདྨ་དབང་རྒྱལ་ཞེས་བྱ་བའི་མཚན་གསོལ་ཞེས་སོ། །



