སླར་ཡང་།

སླར་ཡང་།

སླར་ཡང །

 

འདི་རུ་སླར་ཡང །

སྟོན་མཇུག་གི་ལོ་མ་སེར་པོར་གྱུར་ཏེ།

གསེར་ཞུན་གྱི་རང་མདངས་ཤིག་ངོམ་བཞིན།

གཅིག་མཇུག་གཉིས་མཐུད་ཀྱིས།

ས་གཞིའི་སྟེང་དུ་ལྷུང་བས།

གསེར་ཤོག་གི་མལ་སྟན་མཐུག་པོ་ཞིག་དང་འདྲ་བར།

ས་སྟེང་ཡོངས་ལ་ཁྱབ།

རིམ་བཞིན།

བྱིའུ་ཆུང་གི་སྐད་སྒྲ་བརླགས་ཤིང་།

འབུ་སྲིན་གྱིས་འགྲོ་འོང་བཅད་པས།

སེར་མདོག་གི་འདབ་ལོ་རྣམས་ཀྱང་།

ཐལ་མདོག་ཅིག་གིས་བརྐུས་ཏེ།

གྲང་ངར་ཆེ་བའི་རླུང་བུས་འདེད་སྐབས།

སྐྱོ་ལྷང་ལྷང་གི་ངུ་སྒྲ་སྦྱིན།

དེ་ལྟར།

སྟོན་ཀའི་མཛེས་སྡུག་རྒུད་ཅིང་།

དགུན་དུས་ཀྱི་གྲང་ངར་ཆེ་ཡང་།

བདག་ལ་སུན་སྣང་སྟེར་མི་ཐུབ།

འོ་ན།

ང་རང་གང་དུ་སྐྱེས་ཤིང་།

གང་ལས་ཆས་པའི་ཚང་དེར།

སླར་ཡང་ལོག་འདོད་ཀྱི་རེ་བ།

ཁ་དོག་དེ་དང་ལྷན་ཅིག་ཏུ་ཡལ་ཏེ།

རྒྱང་རིང་ཞིག་ལ་འཁྱེར་སྐབས།

གྲང་ཤུར་དེ་སྐྱོ་སྣང་ལ་ཐིམ་པས།

སྟོན་དུས་ནི་དགྲ་བོ་ཞིག་དང་འདྲ་བར།

ནམ་ཡང་མཐོང་འདོད་མེད་པར་གྱུར།

 

གཞིས་རྩེ་བུ་ཆུང་ཚེ་རིང་གིས་ཕྱི་ལོ་ ༢༠༢༦ ཟླ་བ་ ༡༡ ཚེས་ ༡༡ ཉིན་ནིའུ་ཡོག་ཏུ་བྲིས།

བརྒྱུད་སྐུལ།

མཆན་སྤེལ།