ཀ་བཤད་ཡིད་ཀྱི་མཆོད་པ།

ཀ་བཤད་ཡིད་ཀྱི་མཆོད་པ།

ཀ་བཤད་ཡིད་ཀྱི་མཆོད་པ།

 

ཀ་བ་ལྟ་བུར་དྲང་ཞིང་བརྟན་པ་དང༌། །

ཁ་བའི་འདབ་མ་ལས་དཀར་ལྷག་བསམ་ཅན། །

ག་པར་ཕེབས་ཀྱང་བོད་ཀྱི་བདེན་པའི་དོན། །

ང་རྒྱལ་གཞན་ཕམ་མེད་པར་སྒྲུབ་ལ་འདུད། །

 

ཅ་ཅོ་དཀྲུག་ཤིང་གོམས་པའི་ཁྱི་སྤྱང་གིས། །

ཆ་འཇོག་བྲལ་བའི་ངུ་སྒྲ་ཆེ་ན་ཡང་། །

ཇ་རོ་དང་འདྲའི་ཆོས་བརྒྱད་སྤངས་པས་ན། །

ཉ་གང་ཟླ་བར་ཉིད་ཀྱི་གཟི་འོད་འདྲེས། །

ཏཱ་ལའི་བླ་མའི་ཐུགས་བཞེད་གང་དང་ཅི། །

ཐ་སྙད་ལོག་བཤད་སྤངས་ཏེ་དང་བས་བསྒྲུབས། །

ད་ཆ་དྲིན་ཅན་ཁྱེད་འདྲ་རྙེད་དཀའ་བས། །

ན་གཞོན་རྗེས་མའི་བློ་གཏད་སུ་ལ་བཅོལ། །

 

པ་ལོ་བྲེགས་ནས་ཆོས་ཀྱི་གྲྭར་ཞུགས་པས། །

ཕ་མཐའ་ཡས་པའི་བསྟན་པའི་གནད་ལ་མཁས། །

བ་སྤུ་ཙམ་གྱི་མི་དགེའི་ལས་དོར་མོད། །

མ་གྱུར་འགྲོ་བའི་དོན་ལ་རྟག་ཏུ་བརྩོན། །

 

ཙ་རིའི་གནས་བཟང་བསྐོར་མིན་མི་ཤེས་ཀྱང་། །

ཚ་བའི་ཡུལ་དུ་བོད་ཀྱི་རིག་གཞུང་རྣམས། །

ཛ་དྲག་ཆེན་པོས་ཉིན་མཚན་སྤེལ་མཛད་པ། །

ཝ་ལེར་གསལ་འདི་ད་དུང་མ་མཐོང་ངམ། །

 

ཞ་ཞོར་ཙམ་མིན་སྐུ་ཚེ་ཧྲིལ་པོའི་ནང་། །

ཟ་འདོད་རྒྱུ་རྔམ་མེད་པར་ཆོག་ཤེས་ཅན། །

འ་ཆད་འུ་ཐུག་སྐབས་ཀྱི་ལམ་སྟོན་པ། །

ཡ་གི་ཉི་མ་ལས་ཀྱང་བཀའ་དྲིན་ཆེ། །

 

ར་བ་གངས་རི་དཀར་པོས་བརྒྱན་པའི་ཡུལ། །

ལ་ཀླུང་ཀུན་ནས་ཆུ་མོ་འབབ་པའི་གནས། །

ཤ་ཚ་ལར་ཞེན་མངའ་བའི་གངས་ཅན་པས། །

ས་ཕྱོགས་ཀུན་ནས་ཉིད་ཀྱི་འཁྲུངས་སྐར་བསུ། །

 

ཧ་ལས་ངོ་མཚར་ཆེ་བའི་མཛད་འཕྲིན་རྒྱ་མཚོ་ལས། །

ཧ་ལམ་ཟིལ་པ་ཙམ་ཡང་བདག་གིས་རྟོགས་དཀའ་མོད། །

ཨ་ཧོ་དྲིན་ཅན་དྲིན་དུ་ཤེས་པའི་དད་གུས་ཀྱིས། །

ཨ་རིའི་ཡུལ་ནས་ཀ་བཤད་ཡིད་ཀྱི་མཆོད་པ་ཕུལ། །

 

གཞིས་རྩེ་བུ་ཆུང་ཚེ་རིང་གིས།

 

བརྒྱུད་སྐུལ།

མཆན་སྤེལ།