ཞོགས་པའི་ཕོ་ཉ།
མཚན་ལྗོངས་མུན་པའི་ཡོལ་བ་མཐུག་པོ་དེ། །
སྐྱ་རེངས་བུ་མོས་སོར་རྩེས་བསངས་པས་ན། །
ཉི་གཞོན་གསར་པའི་འོད་ཀྱི་དྲ་བ་ཡིས། །
མཚམས་སྤྲིན་སྟུག་པོའི་བཞིན་ལ་མཛེས་རྒྱན་སྤྲས། །
ལྕུག་ཕྲན་སྟེང་ན་འདབ་ཆགས་སྣ་ཚོགས་པ། །
ལང་ལིང་གར་སྟབས་གཡོ་དང་ལྷན་ཅིག་ཏུ། །
སྙན་འཇེབས་གླུ་དབྱངས་ཅི་དགར་གྲགས་པ་ཡིས། །
ཞོགས་པའི་སྤྲོ་སྣང་ལྷམ་མེ་ལྷན་ནེར་བྱས། །
ཉི་ཟེར་ཐོག་མ་གངས་རིའི་ཡང་རྩེར་འཕྲོས། །
ཞིང་འབྲོག་དག་ལ་འོད་ཀྱི་ལམ་བུ་སྦྱིན། །
སོ་དཀར་དུང་གི་ཕྲེང་བ་འཚེར་དང་ལྷན། །
སྙན་མོ་ངག་གི་ལས་གླུ་ཀློང་ནས་བརྡོལ། །
སྔོ་ལྗང་ལང་ཚོ་ངོམ་པའི་ལོ་མ་ཡིས། །
འོད་ཀྱི་ཞགས་པ་མཁའ་ལ་སྣར་མཐོང་ཚེ། །
འདབ་རྩེར་འཁྱིལ་བ་ཟིལ་པའི་ལྟེང་ཀ་རྣམས། །
ཡོན་ཆབ་སྟར་ལ་བཤམས་པའི་ཚུལ་དུ་འཆང་། །
ཞོགས་པ་བྱོན་པའི་སྟ་གོན་དང་པོ་སྟེ། །
ཞོགས་རླུང་ངར་མས་སྣ་ལྔའི་དར་ལྕོག་གཡོ། །
ཞོགས་བསང་མངར་མོས་དད་ཅན་བདེ་ལ་བཀོད། །
ཞོགས་པའི་དུ་བས་ཆུ་འཛིན་དག་ལ་འགྲན། །
ཀྱེ་ཀྱེ་ཞོགས་པའི་ཕོ་ཉ་མཚར་སྡུག་ཅན། །
ཉི་གཞོན་མཁའ་ལ་འདྲེན་པའི་རྟ་ལྗང་ལགས། །
མདང་གི་རྨི་ལྟས་ཐུ་པོ་ཕར་བསྐྲད་ནས། །
མདུན་གྱི་ལམ་ཆུང་གསལ་བའི་དྲིན་དེ་མཐོ། །
མི་ཚེའི་འཕྲང་ལམ་ཀྱག་ཀྱོག་དུ་མའི་ཁྲོད། །
འུ་ཐུག་ཡི་ཆད་ལམ་རྡོ་ལྟར་མང་ཡང་། །
ཕོ་ཉ་ཁྱེད་ཉིད་ཡིད་ལ་དྲན་པའི་མོད། །
རེ་འདུན་གསར་པ་མྱུ་གུ་བཞིན་དུ་རྒྱས། །
བཀྲེས་སྐོམ་འཁྱག་གིས་མནར་བའི་ཉམ་ཐག་རྣམས། །
ཁྱི་དང་ལྷན་དུ་ལམ་ཟུར་དག་ན་འཚོ། །
ཡིད་ཀྱི་རྟ་རྒོད་སྔ་དྲོའི་རྗེས་ཤོར་བས། །
རེ་བའི་མིག་ཟུང་ཤར་གྱི་ཕྱོགས་ལ་འཐེན། །
ཉི་མ་ནུབ་ཁར་འཁུམ་པའི་མེ་ཏོག་གཅིག །
མཚན་མོ་གཉིད་ཀྱིས་བཟི་བའི་ལྗོན་ཤིང་གཉིས། །
འདབ་རྩེར་ཁྱེད་འོད་ལག་པས་རེག་མ་ཐག །
དགའ་བའི་སྤུ་ལོང་རྒྱས་པའི་ཚུལ་དེ་མཛེས། །
ཐོ་རངས་བྱ་ཕོས་གསང་བརྡ་བསྒྲགས་པའི་ཚེ། །
ཁ་སང་ངལ་དུབ་ལྕི་བའི་ཉམ་ཆུང་ཚོར། །
གསོན་ཤུགས་གསར་པའི་རླུང་གིས་རབ་བསྐུལ་ཏེ། །
སླར་ཡང་ཕུགས་བསམ་སྒྲུབ་ལ་སྤྲོ་སེམས་འཕེལ། །
ཉོ་ཚོང་བྱ་བའི་ཐབས་རྩལ་ལ་མཁས་ཀྱང་། །
ཁྲོམ་རའི་དམག་སར་འགྲན་རྩོད་རྣོ་ངར་ཆེ། །
ཕམ་ཉེས་ལན་བརྒྱར་ཕྲད་པ་ཚོང་པས་ཀྱང་། །
སྔ་དྲོའི་དུས་བཟང་བཀྲ་ཤིས་དར་གྱིས་བསུ། །
ཞོགས་པ་ཁྱེད་ནི་རེ་བའི་འབྱུང་གནས་དང༌། །
འུ་ཐུག་ཐབས་ཟད་སྐབས་ཀྱི་སྙིང་སྟོབས་ཏེ། །
འདས་པའི་ལོ་ཟླར་དཀའ་ཚེགས་ཆེ་ན་ཡང༌། །
མ་འོངས་ལམ་ཆེན་འོད་སྟོང་ལྡན་པར་མཛད། །
འཇིག་རྟེན་བྱ་གཞག་རླབས་ཀྱི་རི་མོ་འདིར། །
ངེས་པ་འདྲེན་པའི་དངོས་དེ་མ་མཆིས་ཀྱང་། །
ཞོགས་པའི་འཛུམ་ཞལ་ཁྱེད་ཉིད་ཡང་དང་བསྐྱར། །
མཇལ་བའི་སྨོན་ལམ་རྐང་གི་ཕུགས་ནས་ཐལ། །
གཞིས་རྩེ་བུ་ཆུང་ཚེ་རིང༌གིས་ཕྱི་ལོ་ ༢༠༢༤ ཟླ་བ་ ༨ ཚེས་ ༤ ཉིན་བྲིས།