གཙང་སྟོད་ལྷ་ངམ་ཕུན་གསུམ་གྱི་སྔོན་བྱུང་ལོ་རྒྱུས་ཞེས་པ་ནི་ལོ་རྒྱུས་སློབ་དཔོན་སྟོབས་ལགས་ཀྱིས་བརྩམས་ཤིང་། ཕྱི་ལོ་ ༢༠༢༡ ལོར་པར་སྐྲུན་གནང་བ་ཞིག་ཡིན། དེབ་འདི་སྔོན་གླེང་དུ་གསལ་བར། གཙང་སྟོད་ལྷ་ངམ་ཕུན་གསུམ་གྱི་ཁུལ་འདི་ནི་བོད་ཀྱི་རིག་གཞུང་ལོ་རྒྱུས་ཐོག་གལ་ཆེའི་གནས་བབ་བཟུང་ཡོད་པ་ནི། སངས་རྒྱས་ཆོས་ལུགས་བོད་ལ་མ་དར་བའི་ཡར་སྔོན་དུ། ཟང་ཟང་ལྷ་བྲག སྟག་ཕུ་སྒྲོན་ལས། གཙང་གི་སྒྱེར་ཕུ། མང་མཁར་ལྕང་འཕྲང་། གཡུང་དྲུང་ལྷ་རྩེ་སོགས་གཡུང་དྲུང་བོད་ཀྱི་གལ་ཆེའི་འདུ་གནས་ཁག་་ཁུལ་འདིར་གནས་ཡོད་ལ། སངས་རྒྱས་ཆོས་ལུགས་བོད་ལ་དར་ཚུན་དང་ཡང་སྒོས་བསྟན་པ་ཕྱི་དར་འགོ་ཚུགས་སྐབས། ལྷ་རྩེའི་ཆེ་བཙུན་གསུམ་གྱིས་གྲོམ་པ་རྒྱང་དུ་དགེ་འདུན་གནས་གཞི་གཙུག་ལག་བཏབ་པ་སོགསལ། གཙང་སྟོད་ལྷ་ངམ་ཕུན་གསུམ་གྱི་ཁུལ་འདི་ནས་སྔར་ད་ནས་ལྟའི་བར་གྲགས་ཆེན་སྐྱེ་བུ་ཇི་སྙེད་ཅིག་བྱོན་པ་དག་གིས། བོད་ཀྱི་བཅུ་ཕྲག་རིག་པའི་གནས་ལ་བཀའ་དྲིན་གསབ་ཐབས་བྲལ་བའི་ལེགས་སྐྱེས་ཕུལ་ཡོད་སྟབས། ཆོས་ལུགས་གྲུབ་མཐའ་དང་། གསོ་བ་རིག་པ། རིག་གནས་སྒྱུ་རྩལ་མང་པོ་ཞིག་ལ་ཡུལ་འདི་ག་རང་གི་མིང་ཐོགས་ཡོད་པ་ནི་དཔེར་ན། གཙང་ལ་སྟོད་བྱང་ནས་དར་བའི་རྙིང་མའི་གཏེར་ཆོས་ལ་“བྱང་གཏེར་”དང་། བོད་ལུགས་གསོ་རིག་གི་གཞུང་ལུགས་ལ་“བྱང་ལུགས།” སྟོད་གཞས་ལ་“བྱང་གཞས་”ཞེས་ཡོངས་ལ་བོད་ཁམས་ཡོངས་ལ་རླུང་ལྟར་གྲགས་ཡོད་པ་བཞིན།
གཙང་ལ་སྟོད་བྱང་པའི་ཁུལ་འདི་བཅུ་ཕྲག་རིག་གནས་ལ་དར་བཟོ་ཆེ་བའི་ཤན་ལས། མཐོ་ཡུལ་གྱི་རྒྱལ་པོ་ནས་དམའ་མི་གཡོག་ཚུན་མཁས་པའི་དབང་པོ་གྱུར་བའི་ངོ་མཚར་བའི་གཏམ་རྒྱུད་མང་པོ་ཡོད། དཔེར་ན། གཙང་ལ་སྟོད་བྱང་གི་བདག་པོར་གྱུར་བའི་རྣམ་རྒྱལ་གྲགས་བཟང་མཆོག་མཆོག་གིས་བྱང་ལུགས་གསོ་རིག་གསར་གཏོད་གནང་བ་མ་ཟད། རྒྱ་གར་མཁས་པའི་ཁེངས་དྲེགས་ཀྱི་གཞུ་ཡོངས་སུ་འགུགས་ནུས་ཀྱི་མཁྱེན་པ་ཡངས་ཤིང་རིན་པོ་ཆེའི་རྒྱན་སོགས་མི་ཆེན་གྱི་ཆ་ལུགས་དང་ལྡན་པས་ན། ༸གོང་ས་ལྔ་པ་ཆེན་པོ་ཆེན་པོ་མཆོག་གིས་“རྒྱལ་པོ་པཎྜི་ཏ།”[1] ཞེས་ཆེ་བསྟོད་ཀྱི་བསྔགས་པ་་གནང་ཡོད་ལ། མཁས་པའི་དབང་པོ་རྡོ་རྗེ་རྒྱལ་པོ་ལགས་ནི་མི་གཡོག་རྒྱུག་པའི་ཤོར་དུ་ཤེས་བྱར་སྦྱངས་བརྩོན་གནང་བ་ལས། རིག་གནས་མཁས་པའི་དབང་པོར་གྱུར་ཏེ་ཀུན་གཟིགས་༸པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོ་མཆོག་གིས་གང་ཉིད་ཀྱི་བོད་དྲུང་གི་མཚན་གནས་གསོལ་བསྩལ་གནང་ཡོད།
ཁུལ་འདིར་སྔ་དུས་ལྷ་རྩེ་མང་མཁར་དུ་སྐུ་འཁྲུངས་པའི་བླ་ཆེན་འབྲོག་མིས་གསུང་ངག་ལམ་འབྲས་ཀྱི་གྲུབ་མཐའ་དང་། ངམ་རིང་ངབ་འཕྱར་དུ་སྐུ་འཁྲུངས་པའི་ཀུན་སྤང་ཐུགས་རྗེ་བརྩོན་འགྲུས་ཀྱིས་ཇོ་ནང་གྲུབ་མཐའ། ངམ་རིང་བཀྲ་བཟང་གི་བམ་པར་སྐུ་འཁྲུངས་པའི་རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ཅན་གྱིས་རྙིང་པ་བྱང་གཏེར། ངམ་རིང་མདོག་ལྷུན་སྡིངས་སུ་སྐུ་འཁྲུངས་པའི་བྱང་བདག་རྣམ་རྒྱལ་གྲགས་བཟང་གིས་བྱང་ལུགས་གསོ་རིག ངམ་རིང་མདོག་གཞུང་གད་ལེར་སྐུ་འཁྲུངས་པའི་གཟུངས་ཀྱི་དཔལ་བས་ས་སྐྱ་རྫོང་ལུགས། ངམ་རིང་མདོག་སྒོ་པུར་སྐུ་འཁྲུངས་པ་གྲུབ་ཆེན་བུདྷ་ཤྲི་རི་ལས་ས་སྐྱ་ངོར་ལུགས། ངམ་རིང་རིན་ཆེན་སྡིང་དུ་སྐུ་འཁྲུངས་པའི་ཐང་སྟོང་རྒྱལ་པོས་ལྷ་མོའི་ཟློས་གར་བཅས་གསར་གཏོད་གནང་ཡོད་ལ། ཕྱི་ལོ་ ༡༩༥༩ རྗེས་སུ་ཡང་མཁས་དབང་རྡོ་རྗེ་རྒྱལ་པོ། གཙང་པ་མཁན་ཟུར་བློ་བཟང་ཚེ་རིང་། ཆབ་སྤེལ་ཚེ་བརྟན་ཕུན་ཚོགས། ཁྲི་ལས་ཐོག་བློ་བཟང་བསྟན་འཛིན་སོགས་ཀྱིས་བོད་གངས་ཅན་པའི་བཅུ་ཕྲག་རིག་གནས་ཉམས་པ་གསོར་ཆུད་དང་མི་ཉམས་གོང་སྤེལ་ཆེད་ཤིང་རྟའི་སྲོལ་འབྱེད་ལྟ་བུའི་ལེགས་སྐྱེས་ཕུལ་ཡོད།
བོད་ཀྱི་ལོ་རྒྱུས་ཐོག་གསུང་ངག་ལམ་འབྲས་པའི་བླ་ཆེན་སེ་སྟོན་ཡེ་ཤེས་ཀུན་རིག་དང་། འགྲོ་མགོན་ཆོས་རྒྱལ་འཕགས་པ། གྲུབ་ཆེན་ཐང་སྟོང་རྒྱལ་པོ། བྱང་བདག་རྣམ་རྒྱལ་གྲགས་བཟང་། མཁས་གྲུབ་དགེ་ལེགས་དཔལ་བཟང་སོགས་བོད་ཁམས་ལ་བཀའ་དྲིན་ཤིན་ཏུ་ཆེ་བའི་མཁས་པ་གནམ་གྱི་ས་བཀབ་པ་ལྟ་བུ་དེ་རྣམས། གཙང་ལ་སྟོད་བྱང་ངམ་རིང་རྫོང་ཁོངས་སུ་སྐུ་འཁྲུངས་པའི་སྐྱེས་ཆེན་ཞེ་ཅིག་དང་། རེད་མདའ་བ་གཞོན་ནུ་བློ་གྲོས་མཆོག་ལྷ་རྩེ་རེད་མདའ་གྲོང་དུ་འཁྲུངས་པ་ཞིག་ཡིན་མོད། བློ་ཕམ་པ་ཞིག་ལ་ཁྲྃ་ཐར་འཇམ་བློ་གཙོ་འགན་ཐོག་བསྒྲིགས་བྱས་ཤིང་ཕྱི་ལོ་ ༢༠༡༨ ལོར་སི་ཁྲི་བོད་ཡིག་དཔེ་རྙིང་བསྡུ་སྒྲིག་ཁང་གིས་བསྒྲིགས་པའི་《གསུང་ངག་ལམ་འབྲས་ཀྱི་ཆོས་འབྱུང་》ཤོག་ ༢༨ ནང་། སེ་སྟོན་ཡེ་ཤེས་ཀུན་རིག་མདོ་སྨད་དུ་འཁྲུངས། ཞེས་དང་། མུས་པོས་རྩོམ་སྒྲིག་བྱས་ཤིང་མི་རིགས་དཔེ་སྐྲུན་ཁང་ནས་ཕྱི་ལོ་ ༢༠༠༢ ལོར་དཔར་སྐྲུན་བྱས་པའི་《ལམ་འབྲས་བླ་མ་བརྒྱུད་པའི་རྣམ་ཐར་》ཤོག་ ༡༩ ནང་། འགྲོ་མགོན་ཆོས་རྒྱལ་འཕགས་པ་དཔལ་ལྡན་ས་སྐྱར་སྐུ་འཁྲུངས། ཞེས་དང་། སྨན་རམས་པ་ཆོས་ལོ་ཐར་གྱི་གཙོ་སྒྲིག་བྱས་ཤིང་དབུས་སྨན་རྩིས་ཁང་ནས་ཕྱི་ལོ་ ༢༠༢༠ ལོར་དཔར་སྐྲུན་བྱས་པའི་《རྩ་ཆུའི་བརྟག་ཐབས་ཊཱིཀ་ཕྱོགས་བསྡུས་》ཤོག ༤༡ ནང་། བྱང་པ་རྣམ་རྒྱལ་གྲགས་བཟང་མདོ་ཁམས་མི་ཉག་ཕྱོགས་ཀྱི་ཡུལ་དཔལ་ངམ་རིང་དུ་སྐུ་འཁྲུངས། ཞེས་དང་། སོ་རུ་བློ་བཟང་དར་རྒྱས་ཀྱིས་བརྩམས་ཤིང་རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་སྡུད་སྒྲིག་ཁང་གིས་ཕྱི་ལོ་ ༢༠༡༩ ལོར་པར་བའི་《རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་པར་སྐྲུན་ཞིབ་》ཤོག་ ༡༥༥ ནང་། ལྷ་རམས་པ་གླང་རི་བ་ཐུབ་བསྟན་སྦྱིན་པས་མཁས་གྲུབ་རྗེ་གཙང་མྱང་སྟོད་དུ་སྐུ་འཁྲུངས། ཞེས་དང་། དོན་རྡོར་དང་བསྟན་འཛིན་ཆོས་གྲགས་ཀྱི་བསྡུ་སྒྲིག་བྱས་ཤིང་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་ཕྱི་ལོ་ ༡༩༩༣ ལོར་པར་བའི་《གངས་ལྗོངས་ལོ་རྒྱུས་ཐོག་གི་གྲགས་ཅན་མི་སྣ་》ཞེས་པའི་དེབ་ཤོག་ ༤༢༠ ནང་། རྗེ་བཙུན་རེད་མདའ་བ་གཞོན་ནུ་བློ་གྲོས་ས་སྐྱ་དང་ཁད་ཉེ་བའི་རེད་མདའ་ཁབ་སོར་འཁྲུངས་པ་བཤད་པ་སོགས། མོན་ཡུལ་རྡོར་གཅོད་ཀྱི་དཔེར་མི་གྱུར་བ་སོགས་དགོས་པ་དུ་མའི་ཆེད། ངོམས་སུ་རི་བའི་གཙང་སྟོད་ལྷ་ངམ་ཕུམ་གསུམ་གྱི་སྔོན་བྱུང་ལོ་རྒྱུས་འབྲི་བའི་འབད་པར་གཞོལ་ཁུལ་བྱས་པ་ཡིན།
ལོ་རྒྱུས་ཀྱི་དེབ་ཐེར་འདི་འབྲི་སྐབས་སྤྱིར་བོད་ཀྱི་ཆོས་འབྱུང་ལོ་རྒྱུས་དང་ཡང་སྒོས་གཙང་ལ་སྟོད་དང་འབྲེལ་བའི་ཆོས་འབྱུང་ལོ་རྒྱུས་དང་། རྣམ་ཐར་ལག་ཏུ་གང་ལ་ཐེབས་ལ་ཞིབ་ནན་ཆེན་པོས་མིག་བཤེར་བྱས་ཡོད་ལ། དམིགས་བསལ་《སྡེ་པ་གཡས་རུ་བྱང་པའི་གདུང་རབས་》དང་། 《ས་སྐྱའི་གདུང་རབས་ཁག》《རྡོ་བྲག་ཆོས་འབྱུང་།》《གཉགས་སྟོན་པའི་གདུང་རབས།》《བསྟན་རྩིས་གསལ་བའི་ཉིན་བྱེད།》《ཇོ་ནང་ཆོས་འབྱུང་།》《ངོར་ཆོས་འབྱུང་།》《མཁར་ནག་ཆོས་འབྱུང་》《པདྨ་གླིང་རྣམ་ཐར།》《རྒོད་ལྡེམ་པའི་རྣམ་ཐར།》《རྗེ་བཙུན་ཏཱ་ར་ནཱ་ཐའི་རྣམ་ཐར།》《རྗེ་ཀུན་དགའ་གྲོལ་མཆོག་གི་རྣམ་ཐར།》《ཐང་སྟོང་རྒྱལ་པོའི་རྣམ་ཐར།》《མང་ཐོས་ཀླུ་སྒྲུབ་རྒྱ་མཚོའི་རྣམ་ཐར།》《རྗེ་བཙུན་རེད་མདའ་བའི་རྣམ་ཐར།》《བྱང་བདག་རྣམ་རྒྱལ་གྲགས་བཟང་གི་རྣམ་ཐར།》《མཚར་ཆེན་བློ་གསལ་རྒྱ་མཚོའི་རྣམ་ཐར་།》 སོགས་དང་། བོད་ཀྱི་དཔེ་མཛོད་ཁང་གི་ཡིག་རྙིང་ཁོངས་བཞུགས་པའི་གཙང་ལ་སྟོད་བྱང་པ་དང་འབྲེལ་བའི་ཡིག་ཆ་གང་ཡོད། ཕྱི་ལོ་ ༡༩༥༩ རྗེས་ནས་ཐོན་པའི་《ངམ་རིང་ཆོས་སྡེའི་ལོ་རྒྱུས་དང་།》《དགའ་ལྡན་ཕུན་ཚོགས་གླིང་གི་བྱུང་བ།》《གཙང་ལྗོངས་ལྷ་རྩེ་ཆོས་རྫོང་གི་ལོ་རྒྱུས།》《གཙང་ལ་སྟོད་བྱང་ངམ་རིང་གི་རིག་གནས་ལོ་རྒྱུས།》《དབུས་གཙང་ལོ་རྒྱུས་ཆེན་མོ།》《昂仁县文物志》སོགས་གཙོ་བོར་གྱུར་བའི་ལ་དཔྱད་གཞིའི་ཡིག་ཆ་བརྒྱ་ཕྲག་ལོང་བར་ཞིབ་མཇལ་ཞུས་ཏེ། གཙང་ལ་སྟོད་བྱང་གི་དུས་རབས་རིམ་བྱུང་གི་ཆབ་སྲིད་དང་། ཆོས་ལུགས། རིག་གཞུང་། གནས་གཞི་གྲགས་ཆེན། གྲགས་ཅན་མི་སྣ། སྒྱུ་རྩལ། ཡུལ་སྲོལ། རི་ཆུ། ཡུལ་སྡེ། ཐོན་ཁུངས་བཅས་ཀྱི་བྱུང་འཕེལ་གསལ་བའི་《གཙང་སྟོད་ལྷ་ངམ་ཕུམ་གསུམ་གྱི་སྔོན་བྱུང་ལོ་རྒྱུས།》ཞེས་པ་འདི་ཉིད་བསྒྲུབས་པར་བྱས་པ་ཡིན།
ལོ་རྒྱུས་དེབ་ཐེར་འདི་འབྲི་རྩོམ་བྱེད་པའི་ལས་ཀའི་བརྒྱུད་རིམ་ཁྲོད་ངམ་རིང་བ་ཡོན་ཏན་རྒྱ་མཚོ་དང་ལྷ་རྩེ་བ་སྐུ་ཞབས་བློ་བཟང་བཟོད་པས་གཙོས། ཕ་ཡུལ་ལ་ཞེན་པ་དཀར་བའི་མི་སྣ་མང་པོ་ཞིག་གིས་སྐུལ་མ་དང་འགྲོ་གྲོན་ཡོངས་རྫོགས་ནར་གཏོང་བ། ལྷ་རྩེ་ཡེ་ཤེས་དང་། གཉགས་ཚེ་དབང་ལྷུན་གྲུབ། རབ་བྱུང་མ་བྱང་ཆུབ་སོགས་ཀྱི་ཞུ་དག་དང་། སྐུ་ཞབས་བྲག་བརྟན། རྟེན་ཤིང་ངག་དབང་སོགས་ཀྱི་རྒྱུ་ཆ་ཐབས་འཚོལ་གནང་བ་ཐུགས་རྗེ་ཞུ། དེ་བཞིན་བོད་ཀྱི་དཔེ་མཛོད་ཁང་དང་ས་རཱ་བོད་ཀྱི་མཐོ་སློབ་ཀྱི་དཔེ་མཛོད་ཁང་སོགས་རིག་གཞུང་སྡེ་ཁག་དང་། མི་སྒེར་མང་པོ་ཞིག་གིས་དཔྱད་གཞིའི་ཡིག་ཆ་ཐབས་འཚོལ་དང་མཁོ་འདོན་གནང་བ་བཅས་ལའང་ཐུགས་རྗེ་ཞུ། ལྷག་པར་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་དང་། བོད་ཀྱི་རིག་གཞུང་ཉམས་ཞིབ་དང་བོད་ཡིག་དཔར་སྐྲུན་ཚན་པའི་འགན་འཛིན་མཁས་དབང་ན་ག་སངས་རྒྱས་བསྟན་དར་ལགས་རྣམ་གཉིས་ཀྱིས། ལོ་རྒྱུས་དེབ་ཐེར་འདི་བོད་ཀྱི་དཔེ་མཛོད་ཁང་ནས་དཔར་སྐྲུན་གནང་བར་དམིགས་བསལ་ཐུགས་རྗེ་ཆེ་ཞུ།། ཞེས་འཁོད་འདུག
[1] ངག་དབང་བློ་བཟང་རྒྱ་མཚོ། བོད་ཀྱི་དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས། མི་རིགས་དཔེ་སྐྲུན་ཁང་། ཕྱི་ལོ་ ༡༩༨༠། ཤོག ༡༡༥།
དེང་རབས་བོད་ཀྱི་ལོ་རྒྱུས་སྨྲ་བའི་ཁྱུ་མཆོག་གཙང་ཕྲུག་སྟོབས་ལགས་དང་ཕྱག་རོགས་ཡོངས་ལ་བཀའ་དྲིན་བླ་མེད་དུ་ཆེ་ཞུ་བ་དང་ཆབས་ཅིག་ཡི་རངས་ཡོད། དེ་སྔོན་གྱི་དཔེ་དེབ་མང་དག་ཞིག་གི་ནང་རྩོམ་པ་པོ་འགས། དཔེར་ན། སྔོན་བྱོན་སྐྱེས་བུ་དམ་པ་འགའི་འཁྲུངས་ཡུལ་སོགས་མ་དག་རྒྱུན་འབྱམས་སུ་སོང་བ་འགའ་ཡང་། མོན་ཡུལ་རྡོར་གཅོད་པ་ལྟར་དུ་གྱུར་ཡོད་པར་གསལ་སྟོན་གནང་འདུག་པ་སོགས་ད་དུང་ཞིབ་ཕྲ་དཔེ་དེབ་ཆ་ཚང་བཀླག་ན་བློ་སྐྱེད་གསར་པ་མང་པོ་ཡོད་ངེས་ལགས་པས། འདི་དང་འདི་འདྲ་བའི་ལོ་རྒྱུས་ཀྱི་སྡོང་པོའི་ཡལ་འདབ་ལ་གཙང་སེལ་གནང་བ་ཡང་ངོ་མ་བརྗིད་གཡུལ་རྒྱལ་གྱི་བྱ་བ་བསྒྲུབས་པ་ལོས་ཡིན། རང་ཉིད་ནས་དཔེ་དེབ་ཞིབ་ཕྲ་མཇལ་ཐུབ་པ་ཡོང་བའི་རེ་སྨོན་ཡོད།།
ཐུགས་རྗེ་ཆེ།