འདམ་གཞུང་རྫོང་གི་རྫོང་གཞིས་འགྲོ་སྟངས་དང་ཁྲལ་འུལ་ཁྲིམས་གནོན་སྐོར།

འདམ་གཞུང་རྫོང་གི་རྫོང་གཞིས་འགྲོ་སྟངས་དང་ཁྲལ་འུལ་ཁྲིམས་གནོན་སྐོར།

གཉིས་པ། རྫོང་གཞིས་འགྲོ་སྟངས་དང་ཁྲལ་འུལ་ཁྲིམས་གནོན།

༡ རྫོང་གཞིས་འགྲོ་སྟངས།

༡.༡ འདམ་གཞུང་རྫོང་།

སྔོན་དུས་འདམ་སྤྱིའི་སྡོད་གནས་གྲོང་མཁར་དུ་ཡིན་སྟབས། གྲོང་ཚོ་དེ་ལྟེ་བར་བྱས་པའི་ཕྱོགས་བཞིའི་ཤར་དུ་བཟའ་རམ་སྐྱ་པ་སྤུན་བདུན་དང། ལྷོར་ནོར་བདག་འབྲི་ལྷ་སྤུངས་པ། ནུབ་ཏུ་གངས་ཆེན་གཉན་ཆེན་ཐང་ལྷ། བྱང་དུ་ཨ་མྱེས་རྫ་དམར་བཅས་རི་མིང་ཅན་བཞིས་མཐའ་ནས་བསྐོར་བའི་དབུས་སུ་འདམ་གཞུང་ན་ར་དང་སོགས་ཡོད།

ཕྱི་ལོ་ ༡༩༡༢ ལོར་འདམ་གཞུང་ཁུལ་དེ་སེ་ར་བླ་སྤྱིར་ཞབས་འོག་མ་ཡིན་པའི་ཡར་སྔོན་གྱི་བོད་གཞུང་དགའ་ལྡན་ཕོ་བྲང་གི་རྫོང་གཞིས་སྒྲིག་གཞི་ཇི་ལྟར་ཡིན་མིན་མ་རྙེད་ཀྱང་། ཕྱིས་སེ་ར་བྱེས་སྨད་སྔགས་གསུམ་གྱི་སྤྱི་མི་གསུམ་དང་། གཉེར་པ། དྲུང་ཡིག བརྒྱ་ཤོག་བརྒྱད་པོ་[1]སོ་སོར་བརྒྱ་དཔོན་རེ། བརྒྱ་དཔོན་སོ་སོའི་འོག་རྫང་ཀི་རེ་དང་། ཕུན་བསྡུ་རེ། བཅུ་དཔོན་རེ། བུལ་ལེན་གཉིས་རེ་བཅས་ཡོད། འདམ་སྤྱི་སོགས་བསྐོ་གཞག་བྱེད་སྲོལ་ནི་སེ་ར་བླ་སྤྱི་གྲྭ་ཚང་སོ་སོ་ནས་འོས་བསྡུས་ཏེ་འཆར་གཞི་ཕུལ་བ་ལྟར་བོད་གཞུང་ནས་འདམ་སྤྱི་བསྐོ་གཞག་བྱེད་པ་དང། དེ་འོག་ལས་བྱེད་གཉེར་དྲུང་རྣམས་འདམ་སྤྱི་ལས་ཐོག་གསུམ་པས་མོལ་བསྡུར་གྱིས་བསྐོ་སྲོལ་ཡོད་འདུག འདམ་བརྒྱ་ཤོག་བརྒྱད་ཀྱི་བརྒྱ་དཔོན་རྣམས་སྔར་གྱི་གཏན་ཚིགས་བཞིན་འདམ་སྤྱིས་འཆར་གཞི་ཕུལ་བ་ལྟར་བཀའ་ཤག་ནས་བསྐོ་བ་དང་དེ་བྱིངས་རྣམས་འདམ་སྤྱིས་བསྐོ་གི་ཡོད། ཕྱི་ལོ་ ༡༩༥༩ ལོའི་དུས་ངན་སྐབས་འདམ་སྤྱི་ལས་ཐོག་སེར་བྱེས་བ་རིའི་ཕྱག་མཛོད་བློ་གྲོས་དང་། སྨད་ཀྱི་ཀོང་པོ་ཤར་པ་བླ་བྲང་གི་ཕྱག་མཛོད་བློ་བཟང་། སྔགས་པའི་ཧར་གདོང་བྱམས་པ་དངོས་གྲུབ།[2] བཅས་ཡིན་འདུག

འདམ་སྤྱི་ངོ་མ་གསུམ་དབྱར་དུས་ཟླ་བ་གསུམ་ཙམ་རིང་ཁྲལ་བསྡུ་དང་། གྱོད་དོན་ཐག་གཅོད་སོགས་བྱས་ཏེ་སྡོད་པ་མ་གཏོགས་དུས་རྒྱུན་སེ་རར་སྡོད་ཅིང་རྣམ་ཀུན་ལས་དོན་ཚང་མ་གཉེར་པ་དང་དྲུང་ཡིག་གིས་ཐག་གཅོད་བྱེད་ལ། གྱོད་དོན་ཆེ་རིགས་བྱུང་ན་སེ་རར་ཡོད་པའི་འདམ་སྤྱི་བརྒྱུད་བཀའ་ཤག་ལ་སྙན་ཞུ་འབུལ་དགོས་པ་ཡིན། བརྒྱ་ཤོག་བརྒྱད་ཁོངས་ནས་ས་ཁད་རྒྱང་རིང་བ་ཨེན་རྐོད་དང་། ཀོ་རབ། ཡམ་ཆི་གསུམ་ལ་གྱོད་དོན་ཙག་ཙིག་བྱུང་རིགས་ལ་བརྒྱ་དཔོན་སོ་སོས་ཐག་གཅོད་བྱེད་པ་དང་། ཅི་སྟེ་ཐག་གཅོད་མ་ཐུབ་པའི་རིགས་འདམ་སྤྱི་ལྷན་ཁང་ལ་གཏུག་བཤེར་བྱས་འཐུས་ཀྱི་སྲོལ་ལམ་ཡང་ཡོད།[3] བོད་དུ་དུས་ངན་བྱུང་རྗེས་སྔོན་གྱི་འདམ་བརྒྱ་ཤོག་བརྒྱད་ཀྱི་ཁོངས་ནས་ཨེན་རྒོད་དང་། ཡམ་ཅི་གཉིས་ནག་ཆུ་ས་གནས་ཀྱི་ནག་ཆུ་རྫོང་དང་། ཆོས་འཁོར་དཔལ་མགོན་སྤང་ཁ་རྫོང་ཁོངས་སུ་བསྒྱུར་པ་དང་། དེ་སྔོན་རྭ་སྒྲེང་བླ་བྲང་གིས་བདག་འཛིན་བྱེད་པའི་ཀོ་གཉེར་དང་། སྦ་ཁ། ན་ལུང་། ལུང་རིང་བཅས་དང་། དེ་སྔའི་ཡངས་པ་ཅན་འགོ་པ་དང་སྦས་ཚང་འགོ་པའི་ཁོངས་རྣམས་ཟླ་བསྒྲིལ་ནས་འདམ་གཞུང་རྫོང་འོག་ཀོང་ཐང་(ཤང་༦)གནམ་མཚོ་(ཤང་༧)དབུ་མ་(ཤང་༥)སྙིང་གྲོང་(ཤང་༥)ཡངས་པ་ཅན་(ཤང་༦)བཅས་ཆུས་ལྔ་དང། ད་ཡོད་རྫོང་ཡོངས་སུ་འདམ་ཆུ་གྲོང་རྡལ་དང་ཡངས་ཅན་གྲོང་རྡལ་ཏེ་གྲོང་རྡལ་གཉིས་དང་ཤང་དྲུག་སྲིད་འཛིན་གྲོང་ཚོ་ཉེར་དགུ་ཡོད།[4]

 

༡.༢ ཡངས་ཅན་འགོ་པ།

ཡངས་ཅན་འགོ་པ་ཞེས་པ་ནི་ཕྱི་ལོ་ ༡༩༥༩ ཡར་སྔོན་དུ་འདམ་བརྒྱ་ཤོག་བརྒྱད་པོའི་ཁོངས་གཏོགས་མ་ཡིན་པར། འགོ་པ་རང་བཙན་པ་ཞིག་ཡིན་པ་དང་དེའི་འགོ་གཙོ་འབྲས་སྤུངས་སྤྱི་སོ་སོགས་ཡིན་འདུག  དེ་སྔོན་ཡངས་ཅན་འགོ་པའི་སྡོད་གནས་དགོན་པའི་ཤར་ངོས་སུ་བཞུགས་སྒར་ཞེས་པ་དེ་ཡིན་ཡང་ཕྱིས་བླ་གཉེར་གཅིག་ལྕོགས་བྱས་སྟབས། ཡངས་ཅན་འགོ་བའི་ཁྱབ་ཁོངས་ཤར་གན་ལྡེ་ལ་ནས། ནུབ་ཤུ་གུ་ལ་རྩེ། ལྷོ་གནམ་མཚོ་ལོ་གོང་ནས་བྱང་མགུལ་རིང་ལ་རྩེ་བར་ཡིན་འདུག  དེའི་ཁོངས་སུ་ཚོ་པ་དྲུག་ཡོད་པའི་ནང་ཆེ་བ་གསུམ་ནི་འབྲས་སྤུངས་སྤྱི་སོ་དང་། འབྲས་སྤུངས་ཧར་གདོང་ཁང་ཚན་ལ་ཐོག་ཁ་ཤེ་དཔོན་ཁོངས་བཅས་ཡིན་པ་དང་། ཆུང་བ་གསུམ་ནི་དཀར་རྟ་སྤེལ་གསུམ་ལ་ཚོ་གཅིག  སྒར་པ་རུ་བ་ཚོ་གཅིག  བར་ར་ཡག་ལ་ཚོ་གཅིག་བཅས་ཡིན་འདུག  ཡངས་ཅན་ས་གནས་དེ་གར་ཁྲལ་འཁྲི་ཆེ་ཆུང་གང་ཐོན་ཚེ་ཚོ་ཁག་ཆེ་ཆུང་ངེས་མེད་ཀྱི་རྒན་ཁག་གསུམ་ནས་གཅིག་བར་ལ་བགོས་སྲོལ་ཡོད། ཡངས་ཅན་འགོ་བ་མཐའ་མ་ནི་ཕྱི་ལོ་ ༡༩༥༩ ལོར་གནང་བཞིན་པའི་རྩེ་དྲུང་བྱང་རྩེ་བྱམས་པ་ཡོན་ཏན།[5] ཞུ་བ་ཁོང་རེད་འདུག

 

༡.༣ སྦས་ཚང་སྡེ་པའམ་སྙིང་དྲུང་།

སྦས་ཚང་སྡེ་པའམ་འདམ་སྙིང་དྲུང་ནི་ཕྱི་ལོ་ ༡༩༥༩ སྔོན་འདམ་གཞུང་ཁོངས་གཏོགས་མིན་པར་སྡེ་པ་རང་ཚན་པ་ཞིག་ཡིན་པ་དང་སྡེ་པ་དེར་མི་རབས་ལྔ་དྲུག་ཙམ་བྱུང་སྐད་འདུག  སྡེ་པ་དེ་ཐོག་མར་༸གོང་ས་ལྔ་པ་ཆེན་པོའི་སྐུ་དུས་ཙམ་ལ་ཚུགས་པར་གསུངས་ཤིང་འབྲས་སྤུངས་སྤྱི་སོའི་ཁོངས་གཏོགས་ཡིན་འདུག སྦས་ཚང་སྡེ་པ་ནི་འབྲས་སྤུངས་སྤྱི་སོ་སོགས་མ་ཁོངས་དང་ཁ་ཐོག་གཉིས་ཀྱི་ཁོངས་ནས་དུད་ཚང་ཆེ་བ་ཞིག་གི་མི་ཞིག་ལ་འབྲས་སྤུངས་སྤྱི་སོས་བསྐོ་གཏོང་བྱེད་སྲོལ་ཡོད། ལོ་ལྔ་དྲུག་གི་མཚམས་སུ་སྡེ་པ་བརྗེ་སྲོལ་ཡོད་པ་དང་དེའི་ཁོངས་སུ་འདམ་ཤོག་ཉེར་ལྔའི་ནང་རྒན་ཁག་དགུ་ཙམ་ཡོད། ཁྲིམས་འདོམས་ཐད་སྤྱིར་བཏང་རྣམས་སྡེ་པས་ཐག་གཅོད་དང་། གནད་དོན་ཆེ་རིགས་ཐོན་ཚེ་འབྲས་སྤུངས་སྤྱི་སོར་བཀའ་འདྲི་དགོངས་སྐོར་བརྒྱུད་དགོས། ཁྱབ་ཁོངས་ནི་ནུབ་གན་ལྡེ་ལ་སྦས་ཚང་ནས་ཡངས་ས་མཚམས་བར་དང་(ད་ལྟ་ཡངས་ཅན་ཁོངས།) ལྷོ་རྨང་གཞུང་དང་སྦས་ཚང་ས་མཚམས་(ད་ལྟ་ལྷུན་གྲུབ་ཁོངས།)ཤར་ཆེ་ཆུང་རི་དགོང་(ད་ལྟ་ལྷུན་གྲུབ་ཁོངས།)བྱང་ཤར་ད་ཕྱི་བུར་གནམ་སྡིངས་འདམ་རྙིང་ས་མཚམས། ནུབ་བྱང་ས་མཚམས་འདྲེ་འབི་བར་སྦས་ཚང་སྡེ་པའི་ས་ཁོངས་ཡིན། སྐབས་དེའི་རྒན་ཁག་དགུ་ནི་འབྲས་སྤུངས་བསམ་བློ་ཁང་ཚན། འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་། འབྲས་སྤུངས་སྔགས་པ་གྲྭ་ཚང་། རག་མ། སྒོ་མང་གྲྭ་ཚང་ཁོངས་ཀྱི་སྦུག་པ། ཀུན་བདེ་གླིང་བླ་བྲང་ཐབ་བཞི། མ་ཁོངས། ཁ་ཐོན་བཅས་ཡིན། གོང་གསལ་རྒན་ཁག་སོ་སོའི་ཁོངས་དམག་དོན་ཉེར་ལྔ་ཟེར་བ་ཡོད་ལ་ད་དུང་ཀེའུ་རྒན་པོ་ཟེར་བ་ཞིག་ཀྱང་ཡོད།[6]

ཁུལ་དེར་སྦས་ཚང་ཚ་ཤོ་ཞེས་པ་ཡོད་ཅིང་དེས་བྱང་འབྲོག་ཁག་ནས་བོད་དབུས་ལ་འགྲུལ་བཞུད་བྱེད་མཁན་དང་། གཞན་ཡང་ཚོང་རིགས་ཁག་སོགས་ནས་བལ་དང་། རྔ་མ། པགས་རིགས། ཚྭ་བཅས་ལ་གཞུང་གིས་དཔྱད་མཚམས་ཀྱི་ཤོ་ཁྲལ་བསྡུས་ཏེ་ལོ་རེ་ལོ་རེ་བཞིན་ལྷ་སར་བོད་གཞུང་ཇ་ཚྭ་ལས་ཁུངས་ལ་རྩིས་ཞུ་དགོས། ཤོ་ཁྲལ་ཆེན་པོ་མེད་ཀྱང་གང་བྱུང་བ་རྣམས་ཚུར་བླངས། ཕར་ཤོ་སྤེ་ཞེས་བྱུང་འཛིན་དཔར་མ་རེ་སྤྲོད། མཐའ་མ་ལོ་གཅིག་གི་མཚམས་མཇུག་བསྡོམས་བརྒྱབ་ཏེ་བོད་གཞུང་ཇ་ཚྭ་ལས་ཁུངས་ལ་རྩིས་ཞུ་དགོས་པ་རྣམས་ལེ་ཐོགས་མེད་པར་ལས་འགན་ལེགས་སྒྲུབ་ཞུ་དགོས། ལོ་རྒྱུས་ཐོག་རྩེ་དྲུང་ཡེ་ཤེས་ཐུབ་བསྟན་ཡང་སྦས་ཚང་ཚྭ་ཤོ་གནང་མྱོང་འདུག[7]

པར་རིས། 75: བཀའ་ཤག་ནས་སྙིང་དྲུང་ཕུ་མདའི་རྩྭ་སྲུང་སྡོམ་བྱེད་པོ་བོད་སོག་མགོ་(འགོ་)བ་ལ་སྩལ་བའི་བཀའ་ཤོག

༄༅། །གཉེན་(སྙིང་)དྲུང་ཕུ་མདའི་རྩ་(རྩྭ་)བསྲུང་སྡོམས་(སྲུང་སྡོམ་)བྱེད་པའི་སོག་བོད་གི་(ཀྱི་)མགོ་(འགོ་)བ་མཐའ་དག་ལ་སྤྲིངས་པ། གཉེན་དྲུང་ཉིན་བསིབས་(སྲིབ་)སོགས་ལ་འབྲས་སྤྱིའི་རུ་བ་བཀའ་ཤོག་རིམ་ཅན་གྱི་དགོངས་དོན་བཞིན་སྔར་ནས་སྡོད་རྒྱུན་དེ་བཞིན་ལ། འདི་ལོ་སྐོར་རྒྱ་རྟ་སྡོད་དགོས་བྱུང་ཞིང་སྲུང་སྡོམ་གྱི་བཀག་ཆ་བྱས་འདུག་ཀྱང་། ད་ཆ་རྟ་མི་མེད་ཤིས་(གཤིས།) གཉེན་དྲུང་གཞུང་ཆུ་ཉིན་བསིབས་(སྲིབ།) མཚོ་བསིབས་(སྲིབ།) སྤགས་སོགས་ལ་བསྙད་མེད་སྡོད་བཞིན་བཀའ་ཤོག་དམར་ནག་རིམ་ཅན་གྱི་དགོངས་དོན་བཞིན་ཡིན་འདུག་པ། སླད་ནས་སྔར་རྒྱུན་སོར་གནས་ལས། འོས་མིན་བཀག་འགེག་བསྙད་གཙེར་ཟ་འདོད་ཟོས་མི་བདེའི་རིགས་རྟན་(གཏན་)ནས་མ་བྱེད་པར་སྔར་རྒྱུན་ལྟར་བདེ་བར་སྡོད་ཆུག ས་སྤྲེ་ཟླ་ ༡༡ ཚེས་ ༢ ལ། དམིགས་བསལ་གྱི་བཀོད་པ་དགོས་ན་གོང་བཞིན་གྱིས། རྟགས་ཐམ།[8]

 

༢ ཁྲལ་འུལ་ཁྲིམས་གནོན།

འདམ་གཞུང་དང་། ཡངས་ཅན་འགོ་པ། སྦས་ཚང་སྡེ་པ་བཅས་རྫོང་འགོ་གསུམ་གྱི་ཁོངས་རི་ཀླུང་རྩྭ་ཆུ་ས་ཞིང་དང་། མི་ཕྱུགས་ཀུན་གཞུང་སྒེར་ཆོས་གསུམ་ལ་དབང་བས་འདམ་སྤྱིའི་འོག་གི་བརྒྱ་ཤོག་བརྒྱད་པོས་འདམ་སྤྱིའི་ཁོངས་ནང་ཁྲལ་འཇལ་བ་མ་གཏོགས་བོད་གཞུང་ལ་ཕྱི་ཁྲལ་རིགས་རྒྱུག་དགོས་ཀྱི་མེད། དེ་ནི་གཞུང་ས་དགའ་ལྡན་ཕོ་བྲང་པའི་སྐབས་འདམ་གཞུང་ས་ཁོངས་དེ་བཞིན་ཐོག་མར་གུར་ཤྲི་བསྟན་འཛིན་ཆོས་རྒྱལ་དང། དེ་རྗེས་སེ་ར་བླ་སྤྱིའི་འཚོ་རྟེན་དུ་གནང་བས་ནང་ཁྲལ་ལས་གཞུང་ཁྲལ་ལམ་ཕྱི་ཁྲལ་ཕུལ་སྲོལ་མེད་ཤས་ལ། ནང་ཁྲལ་འཁྲི་ཆའི་ཐད་རྩ་འཛིན་ལོ་གསུམ་བཞིའི་མཚམས་སུ་སེམས་ཅན་ལ་འགོ་རྩིས་ཐེངས་རེ་བྱེད་ཅིང་། ར་ལྔ་བཅུ་ལ་རྟ་མགོ་གཅིག  ལུག་ཉེར་ལྔ་ལ་རྟ་མགོ་གཅིག  ཁལ་ནོར་ལྔ་ལ་རྟ་མགོ་གཅིག  རྟ་གཅིག་ལ་རྟ་མགོ་གཅིག་བཅས་རྩིས་གཞིར་བཟུང་སྟེ་བརྒྱ་ཤོག་རེར་ཡས་བསུ་མས་འགེབས་ཀྱི་འབྲིང་ཚད་ལ་ཆ་བཞག་ན་རྟ་མགོ་བཞི་བརྒྱ་ནས་ལྔ་བརྒྱ་བར་ཟིན་གྱི་ཡོད། རྟ་མགོའི་གྲངས་ཚད་མཐོ་ཤོས་དེར་རྒྱ་འགོའི་ཨ་མ་ཞེས་འབོད། རྒྱལ་པོ་ནང་ཁྲལ་ཞེས་ལོ་རེའི་ནང་ཁྲལ་འཁྲི་ཆ་ནི་ལྔ་བཞི་ཞེས་རྟ་མགོ་རེར་མར་ཉག་ལྔ་རེ་དང་། རྩམ་པ་བྲེ་བཞི། ཇ་སྤྱན་ཤེལ་ཉག་གང་། ཚྭ་ཕུལ་གང་། བུལ་ཕུལ་དོ། དངུལ་སྲང་ལྔ་དང་། སྦུག་རྩིས་ཞེས་བརྒྱ་ཤོག་ཕན་ཚུན་འགྲོ་སོང་རྩིས་རྒྱག་སྐབས་རྟ་མགོ་རེར་སྲང་ལྔ་བཅུ་རེ། རྟ་ཟོག་སེམས་ཅན་མེད་པའི་སྦྲ་དུད་རེ་ནས་ལོ་རེ་ལྕི་བ་རྒྱབ་ཉེར་ལྔ་རེ། འགོ་པ་སོ་སོའི་སེམས་ཅན་སྤུ་ནག་འཚོ་འདེད་ཀྱི་རྫི་བོ་དང་། འོ་མ་འཇོ་བ། དཀྲོག་པ། རྩམ་པ་འཐག་རྒྱུ་སོགས་ཁྲལ་རྟེན་མེད་ཐོག་གླ་ལྟོ་གང་ཡང་མེད་པར་རྒྱགས་ཕྱེ་རང་འཁུར་གྱི་ཁྲལ་རྒྱུག་དགོས་ཀྱི་ཡོད།

དེ་མིན་ཐུག་སྤྱི་དང་ཡ་སོར་ཞེས་ལོ་ལྟར་ལྷ་སའི་སྨོན་ལམ་ཆེན་མོའི་རྗེས་འབྲེལ་མཛད་སྒོའི་(བོད་ཟླ་དང་པོའི་ཚེས་ ༢༢ ནས་ ༢༧)སྐབས་སྲུང་མ་དམར་ནག་གི་རྟེན་ཐུག་འཁྱེར་མི་འདམ་ཁུལ་ནས་སོག་རྒྱུད་མི་གཉིས་འགྲོ་དགོས་ཤིང་། ཁོང་གཉིས་ལ་ཐུག་སྤྱི་ཞེས་འབོད། དེ་འོག་འདམ་སོག་གི་ཡ་སོར་མི་གཉིས་དང་ཡ་གཡོག་མི་བརྒྱད་རྟ་པ་མི་ཉི་ཤུ་སྐོར་བཅས་ལ་གོ་བབ་གྱོན་གོས་སྣ་ཚོགས་(རིམ་བཞིའི་ཆས་གོས་)དང་བཞོན་རྟ་སྒ་ཆས་ཁ་གསར་དང་དོད་ལྡན་པ། བཟའ་འཐུང་སོགས་གྲ་སྒྲིག་གང་རྒྱས་བྱེད་དགོས། ད་དུང་ཕོད་མདོ་གཞིས་ཁོངས་རྭ་སྒྲེང་བླ་བྲང་ནས་བདག་འཛིན་བྱེད་པའི་ས་ཆ་རྣམས་ལ་རྭ་སྒྲེང་དགོན་པ་དང་། བླ་བྲང་གི་ནང་ཁྲལ་ཐོག་བོད་གཞུང་གི་དཔོན་རིགས་དང་། བོད་དམག་ཕོད་མདོ་རྒྱུད་ནག་ཆུར་ཕར་ཚུར་སྐྱོད་སྐབས་སྡོད་སྒྲིག་དང་། རྟ་ཁལ། ཐབ་གཡོག་སོགས་གྲ་སྒྲིག་བྱེད་དགོས།[9] ཡངས་ཅན་འགོ་བའི་འོག་གི་མི་དམངས་ལ་ཕྱི་ཁྲལ་རྒྱུག་རྒྱུ་ཧ་ཅང་མང་བས། རྒྱུན་པར་ཤོད་སྲོལ་དུ་ས་རི་བོང་ཁ་ཤོ་ཁྲལ་པ་ར་བཞི་བསྡུས་ཞེས་ཟེར། ཡངས་ཅན་གྱི་ཤར་དུ་གསང་གཞུང་དང་(ནག་ཆུ།) ལྷོར་བདེ་ཆེན་(སྟོད་ལུང་།) ནུབ་ཏུ་མར་རྐྱང་(སྙེ་མོ།) བྱང་དུ་དྭགས་པོ་(གནམ་ཚོའི་འགྲམ་)བཅས་ས་འབྲེལ་ལ་སོང་། གཞུང་དོན་དུ་འགྲོ་མཁན་དཔོན་རིགས་དང་། དམག་དཔུང་། གཞུང་ཤེ་ཁྲལ་བསྡུ། གཞུང་ཚོང་སོགས་ཀྱི་རྟ་ཁལ་གཏོང་རྒྱུ་དང་སྡོད་སྒྲིག་དོ་པོ་སྐྱེལ་རྒྱུ་སོགས་རྐང་འགྲོ་ལག་འདོན་སྣ་ཚོགས་ཡོད་ལ་ནང་ཁྲལ་ཡང་ཞིང་བྲན་སྤྱི་དང་འདྲ།[10]

སྦས་ཚང་སྡེ་པར་ཕྱི་ཁྲལ་ནི་ཡངས་པ་ཅན་དང་གསང་གཞུང་(ནག་ཆུ་)བར་དཔོན་རིགས་སོགས་གཞུང་དོན་དུ་འགྲོ་བསྐྱོད་སྐབས་རྟ་ཁལ་གཏོང་རྒྱུ་དང་། སྡོད་སྒྲིག དོས་ཁལ་སྐྱེལ་རྒྱུ་སོགས་བྱེད་དགོས་ལ། དྭགས་པོ་དཔོན་(བླ་བྲང་ཕྱག་མཛོད་ལས་ཁུངས་ནས་བཏང་བ་)དང་། ཐང་ལྷའི་རྟེན་རྫས་འབུལ་མི་སོགས་ལ་རྟ་ཁལ་སྡོད་སྒྲིག  ཆེ་ཁའི་ཞལ་ངོ་[11]ལྷ་སར་འགྲོ་བ་དང་། གཙང་དུ་ཕོགས་ལེན་པར་འགྲོ་སྐབས་ཡངས་ཅན་བར་རྟ་ཁལ་གཏོང་རྒྱུ་སོགས་བྱེད་དགོས། གཞན་སྦས་ཚང་ཚྭ་ཤོ་ཞེས་རྩེ་དྲུང་གཉིས་ཡོད་པ་དེའི་བྱེད་སྒོ་ནི་འདམ་གཞུང་ཕན་གྱི་བྱང་འབྲོག་རྣམས་ཞིང་ཁུལ་དང་ལྷ་ས་སོགས་སུ་ཐོན་ཟོག་བརྗེ་ཚོང་དུ་སྐྱོད་སྐབས། རྔ་པགས་རིགས་དང་ཚྭ་བལ་སོགས་ལ་ཚྭ་ཤོ་གཉིས་པོས་ཞིབ་བཤེར་དང་འབྲེལ་ཤོ་ཁྲལ་དངུལ་འབབ་གཏན་འབེབས་སྤྲོད་ལེན་བྱེད་དགོས་པ་དང་། ནང་ཁྲལ་ནི་ཤེ་འབྲི་ཡོད་རིགས་ཀྱིས་མར་འཇལ་སྤྲོད་དགོས་པ་དང་འགོ་པའི་ནང་དུ་ལག་གཡོག་རྒྱུག་རྒྱུ། དགུན་རྩྭ་རྔ་བསྡུ། སེམས་ཅན་ཞོ་ལས་དང་དེ་མིན་གཏན་འབེབས་ལོ་ཁྲལ་རྐང་འགྲོ་དང་ལག་འདོན་སྣ་ཚོགས་ཡོད།[12]

 

ལུང་ཁུངས་དཔྱད་གཞིའི་ཡིག་ཆ།

[1].  བརྒྱ་ཤོག་བརྒྱད་ནི། ཆོས་འཁོར་དང་། གཡུ་ཁུག ཕན་རྒྱ། སྦ་ཅ་རུ་བ། ཨོ་རོག ཀོ་རབ། ཝ་ཤུར། སོག་པོ་བཅས་ཡིན། ཁྱབ་ཁོངས་ནི། ཤར་ན་ལུང་དཀར་མོ་ལ་ནས་ནུབ་སྦས་ཚང་སྡེ་པའི་ས་འདྲེས་ཆིམས་བུ་རྒྱལ་བར། བྱང་ན་མོན་ཆེ་ཆུང་ནས། ལྷོ་དཀར་བདག་ལ་རྩེ་བར་ཡིན།

[2].  གྲོང་ཁྱེར་ལྷ་སའི་ལོ་རྒྱུས་རིག་གནས། དེབ་བདུན་པ། གྲོང་ཁྱེར་ལྷ་སའི་སྲིད་གྲོས། ཕྱི་ལོ་ ༡༩༩༩། ཤོག་ ༥༠།

[3].  གྲོང་ཁྱེར་ལྷ་སའི་ལོ་རྒྱུས་རིག་གནས། དེབ་བདུན་པ། གྲོང་ཁྱེར་ལྷ་སའི་སྲིད་གྲོས། ཕྱི་ལོ་ ༡༩༩༩། ཤོག་ ༤༩།

[4].  གྲོང་ཁྱེར་ལྷ་སའི་ལོ་རྒྱུས་རིག་གནས། དེབ་བདུན་པ། གྲོང་ཁྱེར་ལྷ་སའི་སྲིད་གྲོས། ཕྱི་ལོ་ ༡༩༩༩། ཤོག་ ༦༧།

[5].  གྲོང་ཁྱེར་ལྷ་སའི་ལོ་རྒྱུས་རིག་གནས། དེབ་བདུན་པ། གྲོང་ཁྱེར་ལྷ་སའི་སྲིད་གྲོས། ཕྱི་ལོ་ ༡༩༩༩། ཤོག་ ༥༡།

[6].  གྲོང་ཁྱེར་ལྷ་སའི་ལོ་རྒྱུས་རིག་གནས། དེབ་བདུན་པ། གྲོང་ཁྱེར་ལྷ་སའི་སྲིད་གྲོས། ཕྱི་ལོ་ ༡༩༩༩། ཤོག་ ༥༢།

[7].  མི་ཚེའི་མྱོང་ཚོར་གསལ་བར་བཤད་པ། ངག་རྒྱུན་ལོ་རྒྱུས་འདོན་ ༡༥། བོད་ཀྱི་དཔེ་མཛོད་ཁང་། ཕྱི་ལོ་ ༢༠༠༢། ཤོག ༢།

[8].  བོད་ཀྱི་དཔེ་མཛོད་ཁང་གི་ཡིག་རྙིང་ཡིག་རིགས་ཁོང་བཞུགས།

[9].  གྲོང་ཁྱེར་ལྷ་སའི་ལོ་རྒྱུས་རིག་གནས། དེབ་བདུན་པ། གྲོང་ཁྱེར་ལྷ་སའི་སྲིད་གྲོས། ཕྱི་ལོ་ ༡༩༩༩། ཤོག་ ༥༨།

[10].  གྲོང་ཁྱེར་ལྷ་སའི་ལོ་རྒྱུས་རིག་གནས། དེབ་བདུན་པ། གྲོང་ཁྱེར་ལྷ་སའི་སྲིད་གྲོས། ཕྱི་ལོ་ ༡༩༩༩། ཤོག་ ༦༡།

[11].  ཆེ་ཁའི་ཞལ་ངོ་ཞེས་པའི་ཆེ་ཁེ་སོག་སྐད་ཡིན་སྐད་དང་། བོད་དུ་རྟའི་འོ་མ་ཞེས་པའི་དོན། ཆེ་ཁའི་ཞལ་ངོ་ཚང་ཞེས་པའི་ཁྱིམ་ཚང་ཞིག་ཡོད་པ་དང་། དེ་ལ་རྟ་རྒོད་མ་ཉི་ཤུ་སྐོར་རྩིས་སྤྲོད་བྱས་ཡོད་ཅིང་། ཁྱིམ་ཚང་དེར་རྩྭ་བཀག་ན་ཁ་ཞེས་པའི་རྩྭ་རའི་བདག་དབང་ཡང་ཡོད། ལས་འགན་ནི། ལོ་རེའི་བོད་ཟླ་ ༦ ཚེས་ ༤ སྔོན་དུ་ལྷ་སར་ཏཱ་ལའི་བླ་མ་དང་། བཀའ་ཤག་སོགས་ལ་རྟའི་འོ་མ་འབུལ་དགོས། དབྱར་ཟླ་བ་གཉིས་ལྷ་སའི་འདམ་རར་སྦྲ་གུར་ཕུབ་ཏེ་སྡོད་སྲོལ་དང་། བོད་ཟླ་ ༨ ཤར་དུས་ཕྱིར་ལོག་བྱེད་ཅིང་ཕར་ཚུར་འགྲོ་སྐབས་རྟ་ཁལ་སྡོད་སྒྲིག་གི་ལམ་ཡིག་འཁྱེར་རྒྱུ་ཡོད། ཞལ་ངོ་འདས་གྲོངས་བྱུང་ཚེ་དེའི་བུ་ཞིག་གིས་ཞལ་ངོའི་ལས་འཁུར་བྱེད་དགོས་ཐོག་ལྷ་སར་གསར་མཇལ་ཞུས་རྗེས་ལས་འགན་རྒྱུད་འཛིན་གྱིས་དྲུང་གཏོགས་ཀྱི་གོ་གནས་ཐོབ་ཐང་དང་། ཕོགས་སོགས་ཡིག་ལམ་གཞིར་བཟུང་ཡོད།

[12].  གྲོང་ཁྱེར་ལྷ་སའི་ལོ་རྒྱུས་རིག་གནས། དེབ་བདུན་པ། གྲོང་ཁྱེར་ལྷ་སའི་སྲིད་གྲོས། ཕྱི་ལོ་ ༡༩༩༩། ཤོག་ ༦༠།

དབུས་གཙང་ལོ་རྒྱུས་ཆེན་མོ་ལས་བཏུས་པའོ།།

བརྒྱུད་སྐུལ།

མཆན་སྤེལ།