ནག་ཆུ་རྫོང་གི་རྫོང་གཞིས་ཀྱི་འགྲོ་སྟངས་དང་ཁྲལ་འུལ་ཁྲིམས་གནོན་སྐོར།

ནག་ཆུ་རྫོང་གི་རྫོང་གཞིས་ཀྱི་འགྲོ་སྟངས་དང་ཁྲལ་འུལ་ཁྲིམས་གནོན་སྐོར།

གཉིས་པ། རྫོང་གཞིས་ཀྱི་འགྲོ་སྟངས་དང་ཁྲལ་འུལ་ཁྲིམས་གནོན།

 

ནག་ཆུ་རྫོང་ནི་དེ་སྔ་བྱང་རིགས་སྡེ་བཞིའི་ཁོངས་ཡིན་པ་དང་མངའ་ཁོངས་སུ་ཚོ་ཤོག་གསར་རྙིང་ཁྱོན་བཞི་བཅུ་ཞེ་དགུ་ཡོད་པ་ནི་གཞུང་ཚོ་ཉི་ཤུ་རྩ་བདུན་དང་། སྒེར་ཚོ་བཅོ་ལྔ། བླ་བྲང་གཉིས་ཀྱི་མི་སེར། དེང་ཨ་མདོའི་ཁོངས་ག་ཇ་དང་། འདམ་རྒྱ་ཤོག་བརྒྱད་ཁོངས་ཨན་ཁོག་འཇམ་གཡུག་དབྱི་གསུམ་དང་ལྷོ་ཤོག་ཡམ་ཇི་བཅས་ཡོད། སྔོན་མ་རྫོང་དེ་ནི་གནས་ལྔ་པའི་རྫོང་འགོ་ཆེ་གྲས་ཤིག་ཡིན་ལ་རྫོང་སྡོད་སེར་སྐྱ་སྦྲེལ་པོ་རེ་བསྐོ་གཞག་གནང་གི་ཡོད་འདུག་ཅིང་། མཐོ་རིམ་འཛིན་སྐྱོང་དེའི་འོག་ཏུ་ཚོ་ཤོག་ཁག་སོ་སོར་བརྒྱ་དཔོན་གཉིས་ཕུད་པའི་ནང་ཁུལ་འགོ་པ་རེ་དང་རྒན་པོ་གཉིས་ཙམ། དེ་བཞིན་རྩྭ་དཔོན་དང་སྤྱི་མི་བཅས་ཀྱི་ཁྲལ་བསྡུ་ཁྲིམས་གནོན་གྱིས་འཛིན་སྐྱོང་བྱེད་ཀྱི་ཡོད། དཔེར་ན། ནག་ཆུ་སྒེར་པ་ཤོག་བརྒྱད་ཁོངས་བུ་མོ་མཁའ་འགྲོའི་མདུན་ཐབས་སྐོར་ལ་གཤམ་གསལ་ལྟར་རྒྱབ་སྣོན་སྤྲད་པ་ལས་སྤྱི་ཚོགས་ཀྱི་འགྲོ་སྟངས་ལ་རྒྱུས་ལོན་བྱ་ཐུབ་པ་འདུག་སྙམ།

པར་རིས། 72: ནག་ཆུ་སྒེཪ་པ་ཤོག་བརྒྱད་ཁོངས་བུ་མོ་མཁའ་འགྲོའི་སྐོར་ལ་དབང་ནོར་གྱི་རྒྱབ་སྣོན།

༄༅། །ནག་ཆུ་སྒེཪ་པ་ཤོག་བརྒྱད་ཁོངས་རྡོ་སྟིང་འབོགས་པ་དབང་ནོཪ་ཚང་གི་བུ་མོ་མཁའ་འགྲོ་ཟེཪ་བ། སྡེ་ཁོངས་ཀུན་བླའི་བོགས་མི་ཤཱཀྱ་བློ་གྲོས་ཀྱི་མདུན་ཐབས་སུ་སློང་བསྟེཪ་(སྟེར་)མི་ཪིན་ནས་ཁལ་བརྒྱ་དང་ལྔ་བཅུ་ཐམ་པ་དང་། དངུལ་སྲང་ཉིས་སྟོང་ལྔ་བརྒྱ་ཐམ་པ་ཤཱཀྱ་བློ་གྲོས་ནས་དབང་ནོཪ་ཁྲལ་ཁུངས་སུ་སྐབས་དེཪ་ལེན་སྤྲོད་ཟིན་ཏེ་རྡོ་ཪིང་གི་འཁྲོལ་འཛིན་ཟུཪ་སྤྲོད་ཟིན་གཤིས། བུ་མོ་མཁའ་འགྲོ་མི་རྒྱུ་འདས་འབྱུང་གི་བརྒྱུད་བཅས་པཪ་གཙེཪ་མེད་བྱ་རྒྱུའི་རྒྱབ་ནོན་(སྣོན་)འཛིན་དུ་དབང་ནོཪ་ངོ་མས་ལྕགས་སྟག་(༡༨༩༠ )ཟླ་ ༨ ཚེས་ ༡༢ ལ། ཞེས་འཁོད། བྱང་རིགས་ཁུལ་གྱི་ཁྲལ་གྱི་དུས་རིམ་སྐོར་ལ་ཁུལ་དེའི་ཁ་རྒྱུན་དུ་སོག་དུས་དང་བོད་དུས་གཉིས་སུ་དབྱེ་སྲོལ་ཡོད། དེ་ཡང་། ཁུལ་དེར་གུ་ཤྲཱི་བསྟན་འཛིན་ཆོས་རྒྱལ་མི་རབས་གསུམ་གྱི་དབང་སྒྱུར་དུས་སྐབས་སུ་གཙོ་བོ་དམག་ཁྲལ་བསྡུ་སྲོལ་ཡོད་པ་དེར་སོག་དུས་ཀྱི་ཁྲལ་ཞེས་འབོད་པ་དང་། བོད་གཞུང་དགའ་ལྡན་ཕོ་བྲང་གི་སྲིད་དབང་སྐབས་ཁྲལ་བསྡུའི་ལམ་ལུགས་ལ་བོད་དུས་ཞེས་འབོད་ཀྱི་ཡོད་འདུག ནག་ཆུ་ལ་ཁྱོན་དམག་རྐང་གསུམ་བརྒྱ་སྐོར་འཁྲི་ཡོད་པ་ལས། ནང་གསེས་སྡེ་ཤོག་ཆེ་ཆུང་ལ་ལྟོས་པའི་ཤོག་ཁག་སོ་སོར་དམག་རྐང་གྲངས་བཅད་གཏན་འཁེལ་བྱས་ཡོད་འདུག ཁུལ་དེའི་ཤོག་ཁག་སོ་སོར་ཁྲལ་རིགས་བརྩི་སྟངས་ཐད་མི་འདྲ་བ་ཡོད་ཀྱང་། སྤྱིར་《ལྕགས་སྟག་ཞིབ་གཞུང་།》ལྟར་གྱི་བརྩི་སྟངས་ནི། གནག་ཕྱུགས་ལ་བརྩིས་ནས་རྟ་མགོར་ཕབ་སྲོལ་སྟེ། ལུག་མགོ་གྲངས་བཅུ་ལ་ནོར་གཅིག་དང་ར་མགོ་གྲངས་ཉི་ཤུ་ལ་ནོར་གཅིག རྟ་གཅིག་ལ་ནོར་བཞི་བརྩིས་ཤིང་ནོར་མས་སུམ་བཅུ་ལ་རྟ་མགོ་གཅིག རྟ་མགོ་བཞི་ལ་དམག་རྐང་གཅིག་སྟེ་བསྡོམས་ནོར་མས་ ༡༢༠ ལ་དམག་རྐང་རེ་བརྩི་གི་ཡོད་འདུག

གཞུང་མར་ཞེས་པའི་མར་ཁྲལ་ནི་ ༡༨༢༨ ལོར་ས་བྱི་གངས་མོ་ཆེ་ཞེས་པའི་གངས་སྐྱོན་ཆེན་པོ་ཞིག་བྱུང་རྗེས། བྱང་རིགས་སྟོང་བརྒྱ་ནས་དབུས་གཞུང་ལ་བདེ་སྡུག་སྙན་ཞུ་ཕུལ་བ་བཞིན། གཞུང་ནས་སྐྱེ་མེད་འཆི་མེད་ཀྱི་ཁྱོན་འབྲི་ཉིས་སྟོང་ལྷག་ཁམས་ཕྱོགས་ནས་བསྡུས་ཏེ་གཡར་ཡོད་ཅིང་། དུས་ཕྱིས་སུ་གཞུང་འབྲི་ཞེས་འབྲི་རེར་གཞུང་མར་ཁལ་གཉིས་རེ་མཇལ་དགོས་པ་དང་། ཕྱི་ལོ་ ༡༩༣༢ ལོར་གཞུང་ནས་ཚོ་ཤོག་ཁག་ལ་འབྲི་དོད་དངུལ་འཆི་མེད་ཀྱི་བུན་གཏོང་གནང་ཡོད་པ་དང་། དངུལ་ཊམ་རྡོ་རེ་བསླངས་ན་གཞུང་འབྲི་འཆི་མེད་རེའི་གཞུང་མར་འཇལ་དགོས་པ་དང་། ༸གོང་ས་སྐུ་ཕྲེང་བཅུ་གསུམ་པའི་སྐུ་དུས་སུ་འབྲི་གཡག་འབོར་ཆེན་གཞུང་འབྲིའི་ཐོག་ཏུ་སྣོན་པ་གནང་ཡོད་པ་བསྡོམས་ཁྱོན་གཞུང་འབྲི་ལྔ་སྟོང་ཙམ་ཡོད་པར་གཞུང་མར་གྱི་ཁྲལ་འབུལ་དགོས་འདུག ད་དུང་རྡོ་སོར་མར་ཞེས་པ་འཆར་ཅན་དང་འཆར་འཕར་གྱི་རིགས་ཀྱང་འབུལ་སྲོལ་འདུག ནག་ཆུའི་གཏན་འཇགས་ཀྱི་ལོ་ལྟར་བསྒྲུབ་རྒྱུའི་ཁྲལ་གཞུང་བལ་ལྟ་བུར་མཚོན་ན། བལ་འདེགས་ཁལ་ཆིག་སྟོང་ལྔ་བརྒྱ་ལྷག་ཙམ་དང་རྩིད་ཐག་རྒྱུག་འདོམ་ཆིག་སྟོང་ལྔ་བརྒྱ་སྐོར་དང་། ཐུག་རེ་ལ་རྒྱུག་འདོམ་ཆིག་སྟོང་ལྔ་བརྒྱའི་སྐོར་བཅས་ཆད་མེད་སྒྲུབ་དགོས།

དེ་ཡང་། ས་གནས་རྫོང་ནས་འབྲི་ལུག་འཆི་མེད་ལ་བཀྲམ་པའི་མར་བལ་དེ་དབུས་གཞུང་ལ་བརྩི་འབུལ་ཞུ་དགོས་པ་གཅིག་དང་། བླ་ཕྱག་ལས་ཁུངས་དང་མཛོད་སྦུག་སྣང་ཤག་བཅས་སུ་འབུལ་དགོས་པ་གཅིག་བཅས་ཡོད། གཞན་ཡང་། ནམ་རྒྱུན་ས་གནས་རྫོང་ལ་ཙག་ཙིག་ཁྲལ་འབུལ་དགོས་པའི་རྒྱུ་འགྲོའི་ཐད་ཉིན་རེར་བྱང་སྤྱིའམ་རྫོང་ངོ་ལས་མི་རེར་མར་ཉག་དགུ་རེ་དང་ལྕི་བ་སྒྱེ་མོ་དགུ་རེ། གཉེར་ཕྱག་ཡན་ལས་བྱའི་སྡོད་ཁང་ལ་གོང་ལྟར་བཞུ་མར་རེ། བཙོན་ལྟོ་ཇ་མར་དོད་ཇ་བག་ཆུང་གཅིག་དང་། མར་གྲོད་གཅིག  བཙོན་པ་མི་རེ་ལ་རྩམ་པ་བྲེ་གང་རེ་དང་བཙོན་ཁང་དུ་བཞུ་མར་གཅིག བཙོན་སྲུང་གཉིས་ལ་དངུལ་དམར་ཕྲན་ཙམ་སྤྲོད་དགོས་པ་སོགས་ཡོད་འདུག

རྫོང་གི་རྐང་འགྲོ་འུ་ལག་ལ་མཚོན་ན་ཚོ་པའི་ལས་དོན་ཆེད་འགོ་པ་ཕྱི་ནང་དུ་ཕྱིར་བསྐྱོད་བྱ་དགོས་ཚེ་ས་གནས་རིང་ཐུང་གི་ལམ་གྲོན་རྟ་ཁལ་སོགས་ཚོ་ཤོག་སོ་སོ་ནས་འགན་ཁུར་དགོས། རྐུན་ཤོར་ཇག་འདེད་ཀྱི་རྩད་གཅོད་དང་སྡེ་ཐོག་གི་གྱོད་ཁ་མཆུ་བྱུང་རིགས་ཀྱི་འགྲོ་སོང་ཡང་སྡེ་རང་ནས་སྒྲུབ་དགོས། དེ་བཞིན་ནག་ཆུ་ནི་རྒྱ་སོག་བོད་གསུམ་དང་མདོ་དབུས་སྨད་ཀྱི་བྱང་སའི་འགྲུལ་བཞུད་བྱ་ཡུལ་གཙོ་བོ་ཞིག་ཡིན་པས། ནག་ཆུའི་འདུས་དགོས་འུ་ལག་རྟ་ཁལ་མི་གསུམ་གྱི་རྐང་འགྲོ་ལག་འདོན་གྱི་ཁྲལ་རིགས་ཆེན་པོ་རྒྱུག་དགོས་ཡོད་འདུག དེ་ཡང་། དམག་དོས་སོགས་སྐྱེལ་འདྲེན་སྐབས་ས་རྫོང་གཉིས་ཟེར་བའི་གཏན་འཇགས་དང་གཏན་འཇགས་མིན་པའི་འུ་ལག་རྒྱུ་དགོས་པ་དང་། གཏན་འཇགས་ནི་ནག་ཆུ་ནས་ཕོ་མདོ་བར་སྐྱེལ་དགོས་པའི་དབུས་འབུལ་ཟེར་བ་གཙོ་བོ་ནག་ཆུ་རྫོང་འོག་བྱང་རིགས་ཀྱིས་དབུས་གཞུང་ལ། སྒྲུབ་འབུལ་བྱས་པའི་མར་ཁྲལ་དང་བལ་ཐིག་སོགས་ལོ་རེར་རྒྱབ་ཁལ་ལྔ་བརྒྱ་སྐོར་དང་། སྨད་ཕྱོགས་ནས་བསྡུས་པའི་འབྲི་ཆུ་སེར་ཁ་ཞེས་མར་གཙོས་དོས་རྒྱབ་སུམ་བརྒྱ་སྐོར། ཨ་རྫ་བེ་སོག་ནས་བསྡུས་པའི་སྙན་རོང་རྫོང་གི་མར་དོས་རྒྱབ་བཞི་བརྒྱ་སྐོར་བཅས་ལོ་ལྟར་ཕོ་མདོ་དང་སྦས་ཚང་ས་ཚིགས་བར་སྐྱེལ་འདྲེན་བྱེད་དགོས། གཏན་འཇགས་མིན་པའི་འུ་ལག་ནི་དབུས་གཞུང་གི་ཆེད་བསྐྱོད་དཔོན་དམག་སྨད་ཕྱོགས་སུ་མངག་གཏོང་བྱས་པ་དག་གི་རྟ་ཁལ་འུ་ལག་རྒྱུག་དགོས་ཤིང་། དམག་དོན་ཆེ་རིགས་སྐབས་སུ་གཞུང་སྒེར་ཆོས་གསུམ་རྒྱུག་པ་ལེབ་འདུར་གྱིས་རྒྱུག་དགོས་འདུག

དེ་ཡང་། རྫོང་སྐྱེལ་དང་ས་སྐྱེལ་ཞེས་པ་གཉིས་ལས་རྟ་རེར་ཁལ་གཉིས་ལ་བསྒྱུར་བའི་ལམ་ཡིག་ཅིག་ནང་། ཁལ་ལྔ་བཅུ་ཟིན་ན་རྫོང་སྐྱེལ་དང་དེ་མན་ཆད་ས་སྐྱེལ་ཡིན། རྫོང་སྐྱེལ་ལ་ཆེ་ཆུང་གཉིས་ཡོད་པ་ལས་རྫོང་སྐྱེལ་ཆུང་བ་ནི་སྒུག་རེ་ཞེས་བྱང་རིགས་རུ་བཞི་རེས་སྐོར་གྱིས་ཁལ་མ་ལྔ་བཅུ་ཡན་ནས་བརྒྱ་ཐམ་པའི་བར་སྐྱེལ་འདྲེན་བྱེད་དགོས་པ་དང་། རྫོང་སྐྱེལ་ཆེ་བ་ནི་གྲངས་ཚད་དེ་ལས་བརྒལ་བའི་རིགས་བྱང་རིགས་རུ་བཞི་ཐུན་མོང་ཐོག་སྐྱེལ་དགོས། རུ་བཞི་ནི་གསང་གཞུང་དང་ཧོར་སྨད་ཕུད་པའི་རུ་བཞི་ཡིན། གསང་གཞུང་དང་ཧོར་སྨད་དུ་ཤོག་བཞི་ལ་རྟ་ཟམ་ཟུར་འཛུགས་ཡོད་འདུག རྫོང་སྐྱེལ་ཡར་འགྲོ་རྣམས་ནག་ཆུ་ནས་རུ་བཞིས་གསང་གཞུང་ས་ཚིགས་བར་དང་དེ་ནས་གསང་གཞུང་གིས་ཕོ་མདོ་བར་སྐྱེལ་དགོས་ཤིང་། མར་འགྲོ་རྣམས་གསང་གཞུང་གིས་ཚིགས་ཁ་ནས་ནག་ཆུ་བར་དང་། དེ་ནས་རུ་བཞིས་གད་དམར་བར་སྐྱེལ་དགོས། ནག་ཆུར་སྐྱེལ་འགྲུལ་ཆེ་ཆུང་མང་ཉུང་གང་ཞིག་ཡོད་རུང་རུ་བཞིས་གཙོ་བྱས་ནས་གྲ་སྒྲིག་བྱེད་དགོས་པ་དང་། གསང་གཞུང་ས་ཚིགས་ཁར་གསང་གཞུང་གིས་གྲ་སྒྲིག་བྱེད་དགོས། འོམ་རྐྱང་གསུམ་མདོར་ཧོར་སྨད་པས་གྲ་སྒྲིག་བྱེད་ཀྱི་ཡོད།

རྒྱུན་ལྡན་དབུས་གཞུང་གི་ཨ་དྲུང་སོགས་གསང་གཞུང་བོང་ར་དང་ནག་ཆུ་འོམ་རྐྱང་གསུམ་མདོ་བཅས་ཀྱི་རྟ་ཟམ་དུ་ཞི་དྲག་དཔོན་རིགས་ལ་སྦྲ་གུར་ཐབ་མེ་ཤིང་སོགས་གྲ་སྒྲིག་བྱ་དགོས། ནག་ཆུའི་ས་ཚུགས་སུ་ཤོག་ཁག་སོ་སོའི་དམག་རྐང་ལ་གཞིགས་ནས་སྒུག་རེས་ཉིན་གྲངས་མང་ཉུང་གཏན་སྡོད་བྱེད་དགོས་འདུག དེ་ཡང་། ཤོག་ཁག་སོ་སོའི་འུ་ལག་འགྲུལ་སྐྱེལ་སྒུག་རེས་ལས་བར་མཐའ་སྡེ་གསར་ཤོག་ལྟ་བུར་དཔེར་མཚོན་ན། ཤོག་ཁག་དེས་ནག་ཆུར་ཉིན་བཅུ་བཞི་ས་ཚུགས་གཟུང་དགོས་པ་དང་དེར་མི་བརྒྱ་སྐོར་དང་ཁལ་ཉིས་བརྒྱ་སྐོར། རྟ་དྲུག་བཅུ་སྐོར་ཡོད་ཅིང་། རྒན་པོ་དང་། གཉེར་གཡོག མ་བྱན་བཅས་ནང་བསྐོས་བྱེད་ཀྱི་ཡོད་འདུག སྒུག་རེས་ཀྱི་སྐབས་སུ་ནག་ཆུ་ནས་ཕྱོགས་གཞན་ལྷ་རི་རྫོང་སོགས་ལ་རྟ་འུལ་དགོས་རིགས་དང་། ནག་ཆུ་རྫོང་ཁོངས་སུ་ལན་བརྡ་སྐྱེལ་དགོས་རིགས། རྫོང་ནང་གཏན་སྡོད་བྱང་སྤྱི་གཉིས་སམ་རྫོང་དཔོན་གཉིས་དང་ཇ་ཤོག་སྐུ་སྲུང་དམག་སོགས་ཀྱི་ཆུ་ལེན་ཐབ་གཡོག་བཅས་རྒྱུག་དགོས་པ་དང་། དེ་བཞིན་ཚོ་གཡོག་ནས་རྫོང་གི་རྟ་དྲེལ་ཧྲག་བསྡུས་ལ་གསོ་ཚགས་དང་། མར་ཁང་དང་བཙོན་ཁང་གི་བསྲུང་བྱ་དང་། ཇག་རྐུན་སོགས་ལ་ཁྲིམས་གཅོད་སྐབས་རྫོང་གི་ལས་བྱར་རོགས་བྱ་རྒྱུ་དང་། ད་དུང་ལོ་ཁྲལ་ཨོམ་ཐིག་ཅེས་པ་སྒྲིལ་བཟོ་དང་རྫོང་ངོ་ལས་ཀྱི་དགོས་མཁོར་ཤིང་ལྕགས་བཟོ་པའམ་འཚེམ་བུ་རྒྱག་རྒྱུ་དང་དབྱར་དུས་མཁར་ལས་སོགས་བྱེད་དགོས་ཀྱི་ཡོད་འདུག[1]

དེ་བཞིན་ཤོག་ཁག་སོ་སོའི་སྒྲུབ་དགོས་པའི་ཁྲལ་ལས་འ་བ་ཤོག་ཁའི་ཁྲལ་འུལ་ལྟ་བུ་དཔེར་མཚོན་ན། ཤོག་ཁག་དེའི་ཁྲལ་འུལ་རྣམ་གྲངས་ནི། སྒུག་རེས་འ་བ་ཤོག་ལ་རྟ་ཤོག་བཅུ་གཉིས་ཡོད་པ་དང་། ཐེངས་རེར་སྒུག་རེས་རྟ་ཤོག་བཞིས་ཉིན་བཅོ་ལྔ་སྒུག་དགོས་པ། མི་གྲངས་བཅུ་དྲུག་དང་རྟ་གྲངས་བཅུ་དྲུག་ཁལ་བཞི་བཅུ་བཅས་བྒྲུབ་དགོས། དེ་བཞིན་ལོ་ལྟར་དམག་དོས་སྐྱེལ་འདྲེན་ཡོད་པ་ལས་ཤོག་ཁག་དེས་ལོ་གཅིག་ནང་དུ་ཐེངས་གསུམ་རྒྱུག་དགོས་པ་དང་། ལོ་རེའི་ནང་དུ་བོད་དམག་ལྔ་བརྒྱ་ཙམ་རྫོང་སྐྱེལ་བྱ་དགོས་པ་སོགས་ཡིན་འདུག  ལོ་ལྟར་ཇ་དོ་སྐྱེལ་འདྲེན་ཁལ་ཉི་ཤུ་དང་མི་གཉིས་བཏང་དགོས། གཞུང་མར་དབོར་འདྲེན་གྱི་ཁལ་གྲངས་བརྒྱད་བཅུ་གྱ་བཞི་དང་མི་གྲངས་བརྒྱད། རྟ་སུམ་ཅུ་སོ་གཅིག་དང་རྟ་གཡོག་མི་གཉིས་བཅས་གཏོང་དགོས། འབྲི་ཆུ་གསེར་ཁར་ལོ་ལྟར་རྟ་བཞི་དང་རྟ་གཡོག་གཅིག་ཁལ་ཉི་ཤུ་རྩ་གསུམ་རྒྱུག་དགོས། གུང་པའི་མར་དོ་རྟ་གཅིག་དང་མི་གཉིས་ཁལ་དགུ་ལོ་རེར་ཐེངས་རེ། གསེར་གདུང་མར་དོ་བོད་ཟླ་ ༩ དང་ ༡༠ ནང་ཁལ་བདུན་དང་རྟ་གཅིག་རྟ་གཡོག་གཅིག  ཕོགས་ཞུ་ལོ་རེའི་ནང་ཐེངས་གཉིས་ཙམ་ཁལ་བཞི་བཅུ་དང་མི་བཞི་བཅས་དང་། ཞབས་བརྟན་འགྱེད་དངུལ་རྟ་གསུམ་དང་མི་གཅིག་བཅས་སྒྲུབ་དགོས། མར་ཁྲལ་དབུས་གཞུང་ལ་མར་ཁལ་བཞི་བརྒྱ་བརྒྱད་ཅུ་གྱ་གསུམ་དང་ཉག་བཅུ་གསུམ་ལས། ཆ་སྙོམས་དུད་གྲངས་རེར་ཉག་ག་བདུན་དང་ཕྱེད་ཀ་ཁེལ་གྱི་ཡོད་འདུག བལ་ཁྲལ་ནོར་རེ་རེས་བལ་ཉག་ག་དྲུག་སྒྲུབ་དགོས་པ་བཤད།[2]

ཤོག་ཁག་དྲུག་གི་འགྲོ་སོང་ནི་སྐྱེལ་འདྲེན་འུ་ལག་ཆེད་རྟ་ཆིག་བརྒྱ་ཞེ་ལྔ་དང་། རྟ་གཡོག་མི་གྲངས་བདུན་བཅུ། ཁལ་གྲངས་བརྒྱད་བརྒྱ་དགུ་བཅུ་གོ་དགུ་དང་ཁལ་རྫི་མི་གྲངས་ཆིག་བརྒྱ་དགུ་བཅུ་གོ་དགུ་ཙམ་བཅས་འགྲོ་དགོས། གཞན་ཡང་མཇལ་དར་ཁ་བཏགས་ཆ་ཉི་ཤུ་རྩ་བརྒྱད་དགོས་པ་དང་། སྡོད་གནས་སྦྲ་གུར་ཆིག་བརྒྱ་བཅུ་དགུ། གདན་མཐུག་ལྔ་བཅུ་ང་ལྔ། ཅོག་ཙེ་དྲུག་བཅུ་རེ་དྲུག ཉི་སྒྲིབ་རས་འཐག་སྣ་གསུམ། རྒྱབ་སྙེས་གསུམ། གཡས་གཡོན་གྱི་རྒྱབ་འབོལ་བརྒྱད། སྒོ་ཡོལ་གསུམ། ཁ་གདན་ལྔ་བཅུ། བལ་ཕྱིང་ཉལ་ཁྲི་ཉིས་བརྒྱ་བཅས་དང་། ལྟོ་ཆས་ལུག་ཤ་ཁོག་སུམ་ཅུ། མར་ཁལ་ཉི་ཤུ་ཐམ་པ། ཕྱུ་ར་ཁལ་བཅུ་གཉིས། ལྕི་བ་སྒྱེ་ཆིག་སྟོང་ཉིས་བརྒྱ། སྐྱོགས་ཆིག་བརྒྱ་བཅུ། ཇ་ཚག་བརྒྱ་དང་བཅུ། ཇ་མདོང་སུམ་ཅུ། མེ་ཕོར་ཉི་ཤུ་རྩ་བརྒྱད་བཅས་དང་། ཐག་ཁྲལ་རྟ་ཤོག་རེར་ཐག་འདོམ་ཆིག་བརྒྱ་བརྒྱད་ཅུ་སོགས་བསྒྲུབ་དགོས་ཤིང་། མདོར་ན་ད་དུང་ཁྲལ་གྱི་རྣམ་གྲངས་སུ་པགས་ཁྲལ། དཀར་ཐོག་ཐབ་ལུག  རྒན་ལུག བརྒྱ་གླ་དངུལ་ཁྲལ། འགོ་པའི་འགྲོ་སོང་། ཨར་ཁྲལ། ཁྲལ་སྣ་ཁག བུམ་པ་བླ་མ། བླ་བྲང་སྐྱེལ་འདྲེན། ཤེ་བསྡུས་ལོ་དོ། མགོ་ཞྭ་ལག་དར། ཤེ་བསྡུས་སྒྲིག་ཆ། གཞུང་ཟི། ཀུན་བདེ་གླིང་གི་བ་མ་རི། ཁྲིམས་གཅོད་གཡག་བཀུར། བརྒྱ་དཔོན་གསར་མཇལ་སློང་མོ། ཨམ་ཤ  མདའ་དོ། བྱང་སྤྱིའི་ཁྲི་དར། ཆིབས་རའི་ཨ་དྲུང་ཕར་འགྲོ་ཚུར་ཡོང་རྟ་དང་ལྟོ་དོད། སོ་ཁྲལ། ཡུལ་དམག་ཁྲལ། སྟོང་གླ། རྟ་གླ། ཀོ་མཉེད། ཆོན་ཐག  མར་ཐུམ། སྒ་གདན། གསེར་གདུང་ཞལ་འདེབས་སོགས་ཡོད།[3] གཤམ་གསལ་གྱི་ཡིག་རྙིང་ཁག་ལས་ཀྱང་ནག་ཆུའི་ཁྲལ་འུལ་གནས་ཚུལ་གང་འཚམ་རྟོགས་ཐུབ་སྙམ།

པར་རིས། 73: བོད་ས་སྦྲུལ་ཕྱི་ལོ་ ༡༨༦༩ ལོར་ནག་ཆུ་ནང་སོས་བྱང་ཪིགས་ཅན་སྦྲ་དུད་བཅུ་གཉིས་ནས་དམག་རྐང་ལམ་ཐོག་དང་ཤེ་མཪ་འབབ་གོང་གསལ་ད་ལྟ་ཕན་བཞིན་ལོ་ལྟཪ་སྒྲུབ་རྗེས་ཀུན་བདེ་གླིང་ཤེ་འཛིན་ཁོངས་འཇོག་འཐུས་ཞུ་རྒྱུའི་སྙན་ཞུ་བཀའ་ཤག་འགོ་མཆན་འབྱཪ་མ།

༄༅། །འདི་ནང་གི་རྒྱུ་མཚན་ངེས། གཤམ་གསལ་སྐོཪ་བྱང་ཪིགས་སྦྲ་དུད་རྣམས་ལ་དེ་སྔ་ཕན་འགོ་བྱེད་འདི་ཡིན་མ་བྱུང་སྟབས། བྱ་ངན་ཅུཪ་(བཅུར་)བརྡུངས་(རྡུང་)ཟུཪ་རྟེན་ཡུལ་བྱོལ་ཐོཪ་གྱཪ་དུ་གྱུཪ་གཤིས། སྔ་ལོ་ཕྱི་རྒྱའི་འགོ་བསྡོམས་(འདོམས་)ཁྱོད་ནས་བྱས་པའི་འཚོ་སྐྱོང་ཐོག དཀཪ་རུའི་ཤེ་མཪ་དང་སྒེཪ་ཁོངས་ལམ་ཐོག་སོགས་སྒྲུབ་རྒྱུགས་ཚུལ་མཐུན་བྱེད་དགོས་པ་སོར་གནས་བཞིན་དེ་ལྟཪ་ཡང་། ཕྱིན་ཆད་ཁྱོད་ནས་འགོ་བསྡོམས་(འདོམས་)བཅོགས་(ལྕོགས་)མིན་ཡོད་ན་འཁྲོལ་ཆ་ཡོང་ཡང་། འགོ་བསྡོམས་(འདོམས་)དྲག་ཁུངས་ཞིག་མ་བྱུང་མཐུ་མེད་དང་། དེ་ཡང་ཀུན་བདེ་གླིང་ཤེ་འཛིན་ཁོངས་རྟོགས་(གཏོགས་)སུ་སྦྱཪ་རྒྱུ་འདོད་མཐུན་ཡིན་ཚེ་བབས་འབྲེལ་ཆེ་བས་དེ་དོན་གྱིས་འཐུས་དང་། ཁོ་པ་སྦྲ་དུད་བཅུ་གཉིས་ནས་དམག་དང་། རྫོང་སྐྱེལ། གསེཪ་དཀཪ་ཤེ་མཪ་བཅས་སྔ་ལོ་སྒྲུབ་གཏན་འཁེལ་ཡོང་ཪིགས་ད་ལྟ་ཕན་གནས་བཞིན་གང་ཡིན་སླཪ་ཡང་ཇི་སྲིད་བཪ་ཞུ་ཪེ་ཞ་ཆག་མེད་པ་དགོས་རྒྱུ་ནག་ཆུ་དམག་གཞུང་རྟ་གཞུང་སོགས་ལ་བརྗོད་བཀོད་དགོས་ཪིགས་འདི་ཐོག་ནས་བྱས་ཆོག་པ་གྱིས། ས་སྦྲུལ་ཟླ་ ༣ ཚེས་ ༦། རྟགས་ཐམ།

 

༄༅། །དཔལ་ལྡན་ས་སྐྱོངས་(ས་སྐྱོང་)མི་རྗེ་ལྷན་བརྒྱས་(རྒྱས་)མཆོག་གི་ཞབས་པད་ཪིན་པོ་ཆེའི་དྲུང་དུ།

གུས་འབངས་ནག་ཆུ་ནང་སོའི་སྙན་ཞུ་འཐུང་(ཐུང་)ཙམ་འབུལ་ལམ་ཞུ་སྙིང་། ནག་ཆུ་ཁུལ་བྱང་ཪིགས་ཡེ་ཤེས་ཕ་བུ་རྣམས་བཪ་སྐབས་ས་སྨད་ཕྱོགས་ཡུལ་ཐོན་དང་། རྗེས་སུ་ཪང་ཁུངས་དུ་འབྱོཪ་ནའང་ཆེ་བཙན་སོགས་ལ་མགོ་བརྟགས་(བཏགས་)གི་(ཀྱིས་)ལམ་ཐོགས་(ཐོག་)སྒྲུབ་ཆ་(ཆག་)བལྟ་(ལྟ་)བཞག་གསེཪ་དཀཪ་གྱི་ཤེ་མཪ་ཀྱང་ཇི་བཞིན་མ་བྱུང་འདུག་སྟབས། གུས་པ་ལས་ཁུངས་སུ་འབྱོཪ་ནས་སྦྲ་དུད་བཅུ་གཉིས་ཁུངས་བཅུག་གྱི་(གིས་)སྒེཪ་ཁོངས་དམག་རྐང་ཕྱེད་གཉིས་ཀྱི་རྫོང་སྐྱེལ་གསེཪ་དཀཪ་ཤེ་མཪ་འདེགས་ཁལ་བདུན་བཅུ་(ཅུ་)ཐམ་པ་ཪེ་ཞ་ཆག་མེད་པ་སྒྲུབ་བླང་ཞུ་མུས་ཐོག  ནང་ཚགས་འགོ་བསྡོམས་(འདོམས་)ཁ་འཛིན་གུས་པ་སྒེཪ་ནས་བྱེད་དགོས་བཀའ་ཕེབས་ལྟཪ། སྔ་ཕན་སྐྱོངས་(སྐྱོང་)མཁས་མཚོ་(འཚོ་)གང་ཆེ་བྱས་རུང་ད་ཆ་ཁ་དིབས་(རྡིབ་)ལ་བརྟེན་པའི་མངའ་འབངས་སྤྱི་བྱིངས་འཚོ་རྟེན་ཁུངས་འཇུག་བྱེད་རྒྱུ་སོགས་ཞབས་འགྱུཪ་སྣེ་མངས་ཞུ་དགོས་ཀྱི་བཅོགས་(ལྕོགས་)མིན་སྟབས། བྱང་ཪིགས་སྦྲ་དུད་འདི་རྣམས་གུས་པ་སྒེཪ་ནས་ཁ་འཛིན་བྱེད་མ་དགོས་པ་ཞིག་ཐུགས་རྗེ་ཆེ་བ་ཞུ་རྒྱུཪ། དེས་ན་འདི་པ་རྣམས་སྒེཪ་ཁག་ཁོངས་ལམ་ཐོགས་(ཐོག་)སྒྲུབས་(སྒྲུབ་)དགོས་དུ་སོང་གཤིས་ཁྲལ་ཪོགས་ནས་ཀྱང་བྱ་ཡན་བཅུཪ་བསྡུངས་(རྡུང་)ལྟ་བུ་བྱུང་ཪིགས་ཤཪ་རྗེས། ས་སྨད་བཅས་ལ་ཡུལ་ཐོན་མི་བྱེད་པའི་ངེས་པ་ཀྱང་མ་མཆིས་པཪ་ནང་ཚགས་མགོ་དཔོན་མཚོ་(འཚོ་)སྐྱོངས་(སྐྱོང་)བྱེད་མི་ཞིག་དགོས་ངེས་ལགས་ན། བྱང་ཪིགས་ཅན་དུད་བཅུ་གཉིས་ནས་དམག་རྐང་ཕྱེད་གཉིས་ཀྱི་ལམ་ཐོགས་(ཐོག་)དང་ཤེ་མཪ་འབབ་གོང་གསལ་ད་ལྟ་ཕན་བཞིན་ལོ་ལྟཪ་ཞ་ཆག་མེད་པ་བསྒྲུབས་རྗེས། ཀུན་བདེ་གླིང་ཤེ་འཛིན་ཁོངས་འཇོག་རྩིས་ལ་དེ་དོན་ཞུས་ན་འཐུས་མིན། འདི་པ་རྣམས་ཡུལ་ཐོན་བྱུང་དོགས་སྔོན་ཚུད་སྙན་ཞུ་ལས་གཞུང་གུན་དང་ཁྲལ་འཚོཪ་བསྣོད་(གནོད་)འགལ་ཡོང་ཪིགས་མེད་ལགས་ན། བྱེད་བདེའི་བཀའ་ཚོགས་སྤྱི་བོཪ་སྩོལ་བ་མཁྱེན་མཁྱེན་མཁྱེན་ལགས་ཞུ་གསོལ་འདེབས་རྟེན་བཅས་ཕུལ།།

ལུང་ཁུངས་དཔྱད་གཞིའི་ཡིག་ཆ།

 

[1].  བཅིངས་འགྲོལ་སྔོན་གྱི་ནག་ཆུ་རྫོང་ཚོ་ཤོག་ཁག་གི་ལོ་རྒྱུས་མདོར་བསྡུས། ནག་ཆུ་རྫོང་སྲིད་གྲོས་ཀྱི་རིག་གནས་ལོ་རྒྱུས་བསྡུ་སྒྲིག་ཚོ་ཆུང་། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ། ༡༩༩༥། ཤོག ༤༦-༥༨།

[2].  བཅིངས་འགྲོལ་སྔོན་གྱི་ནག་ཆུ་རྫོང་ཚོ་ཤོག་ཁག་གི་ལོ་རྒྱུས་མདོར་བསྡུས། ནག་ཆུ་རྫོང་སྲིད་གྲོས་ཀྱི་རིག་གནས་ལོ་རྒྱུས་བསྡུ་སྒྲིག་ཚོ་ཆུང་། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ། ༡༩༩༥། ཤོག ༤༦-༥༨།

[3].  བཅིངས་འགྲོལ་སྔོན་གྱི་ནག་ཆུ་རྫོང་ཚོ་ཤོག་ཁག་གི་ལོ་རྒྱུས་མདོར་བསྡུས། ནག་ཆུ་རྫོང་སྲིད་གྲོས་ཀྱི་རིག་གནས་ལོ་རྒྱུས་བསྡུ་སྒྲིག་ཚོ་ཆུང་། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ། ༡༩༩༥། ཤོག ༤༦-༥༨།

 

དབུས་གཙང་ལོ་རྒྱུས་ཆེན་མོ་ལས་བཏུས་པའོ།།

བརྒྱུད་སྐུལ།

མཆན་སྤེལ།