གནམ་རུ་རྫོང་གི་མིང་དང་ས་བབ་ཆགས་ཚུལ། རྫོང་གི་ལོ་རྒྱུས།

གནམ་རུ་རྫོང་གི་མིང་དང་ས་བབ་ཆགས་ཚུལ། རྫོང་གི་ལོ་རྒྱུས།

ས་བཅད་བཞི་པ། གནམ་རུ་རྫོང་།

ལེ་ཚན་དང་པོ། རྫོང་གི་མིང་དང་ས་བབ་ཆགས་ཚུལ།

དང་པོ། གནམ་རུ་རྫོང་གི་མིང་ཐོགས་ཚུལ།

གནམ་རུ་རྫོང་ཞེས་པ་ནི་ཡུལ་དེར་ཡོད་པའི་གནམ་མཚོ་ཕྱུག་མོ་ཞེས་པའི་མཚོ་ཆེན་གྱི་ཉེ་རྒྱུད་ནུབ་དང་། ནུབ་བྱང་ཁུལ་དུ་ཡུལ་སྡེ་འམ་ཚོ་པའི་རུ་གནས་ཡོད་པ་ན། གནམ་མཚོ་རུ་བ། ཞེས་ཐོགས་པའི་བསྡུས་མིང་དུ་གནམ་རུ་ཞེས་གྲགས་པར་བཤད། རྫོང་དེར་གནམ་རུ་སྤྱང་ལུང་རྫོང་ཞེས་ཀྱང་འབོད་སྲོལ་ཡོད་ཅིང་། དེ་ནི་ངག་རྒྱུན་དུ་སྔར་ཡུལ་དེར་འབྲོག་སྡེ་ཉུང་ངུ་ལས་མེད་ཅིང་། རི་དྭགས་དང་གཅན་གཟན་རིགས་ཤིན་ཏུ་མང་པོ་ཡོད་པས།

སྤྱང་ཀིས་ཁེངས་པའི་ལུང་པར་སྤྱང་ལུང་ཟེར་བའི་མིང་ཐོགས་པར་བཤད།[2] དེ་སྔ་ཁུལ་དེར་བཀྲས་ལྷུན་བླ་བྲང་མངའ་ཁོངས་འདམ་ས་སྐྱ་ཕྱི་ལུང་རྫོང་ཞེས་པའང་ཡོད་ཅིང་། དེ་ནི་ས་ཆ་སྐྱ་རྒྱན་པོ་ཡོད་པས་འདམ་ས་སྐྱ་བཀྲ་ཤིས་དགེ་རུ་ཞེས་འབོད་པར་གྲགས་ལ། ཕྱི་ལུང་ཞེས་པ་ནི་འདམ་བླའི་བཞུགས་སྒར་ཆགས་ཡུལ་དང་། ཤེ་ཟོག་འཇོག་ཡུལ་གྱི་ལུང་པའི་མིང་ཡིན། སྤྱིར་བཏང་ཁུལ་དེར་གཞིས་ཀ་ཙམ་ལས་རྫོང་རིམ་པའི་སྲིད་འཛིན་ཁུལ་ཞིག་མིན་ཡང་། འདམ་བླ་མགྲོན་གཉེར་དགའ་རབ་པས་དབང་འཛིན་བྱས་པས་ནས་བཟུང་ཕྱི་ལུང་རྫོང་ཞེས་ཆེ་བསྟོད་ཀྱིས་འབོད་སྲོལ་ཆགས་ཡོད།[3]

དེ་སྔའི་གནམ་རུ་རྫོང་གི་མངའ་འོག་ལ་ད་ལྟ་དཔལ་མགོན་རྫོང་དུ་འབོད་ཅིང་། དཔལ་མགོན་རྫོང་ཞེས་པ་ནི་དཔལ་མགོན་མཚོ་ནས་བྱུང་བ་ཞིག་ཡིན་ཞིང་། གཞི་རྩ་དཔལ་མགོན་ཞེས་པ་བྲང་ཁོག་མཚོ་ཞེས་པའི་བོད་མིང་རྒྱ་སྐད་ནང་བསྒྱུར་སྐབས་དཔལ་མགོན་ཞེས་ཆགས་པ་དང་། དེ་ཕྱིས་བོད་ཀྱི་སྐད་ཡིག་གཉིས་ནང་བྲང་ཁོག་གི་རྒྱ་སྐད་སྒྲ་སྒྱུར་བ་ལ་དཔལ་མགོན་རང་སོར་བཞག་ནས་སྤྱོད་བཞིན་འདུག[4] དོན་དངོས་སུ་མིང་དེ་ནི་མ་དག་རྒྱུན་འབྱམས་ཀྱི་ཐ་སྙད་ཅིག་ལས་བོད་རང་གི་སྔ་མིང་དངོས་དེ་མིན་པར་སྣང་ངོ་། །

 

གཉིས་པ། གནམ་རུ་རྫོང་ཁུལ་གྱི་ས་བབ་ཆགས་ཚུལ།

གནམ་རུ་རྫོང་ངམ་ད་ལྟའི་དཔལ་མགོན་རྫོང་ནི་བོད་བྱང་ཐང་ས་མཐོའི་ཐོག་གི་གསེར་གླིང་མཚོ་དང་གནམ་མཚོ་གཉིས་བར་བྱང་གདང་ལའི་རི་རྒྱུད་དང་ལྷོ་ཐང་ལྷའི་རི་རྒྱུད་བར་གྱི་ཀླུང་ཐང་ཆེན་པོའི་ཡུག  གོ་ལའི་བྱང་གི་འཕྲེད་ཐིག་ ༢༩༚ ༩’ 〜 ༣༦༚ ༦’ དང་ཤར་གྱི་གཞུང་ཐིག་ ༨༧༚ ༢’ 〜 ༩༡ ༚ ༣’ བར་གནས་ཡོད། རྫོང་དེའི་མཐོ་ཚད་ལ་རྒྱ་མཚོའི་ངོས་ལས་མི་ཊལ་ ༤༧༤༧ ཡིན་ཅིང་། མཐོ་སྒང་བར་གྲང་ཁུལ་ཕྱེད་ཐན་པའི་དུས་རླུང་གནམ་གཤིས་ཁུལ་ཁོངས་སུ་གཏོགས། ལོ་རེའི་ཆ་སྙོམས་དྲོད་ཚད་ཀླད་ཀོར་འོག་གི་ ༢༚C དང་ཟླ་ ༡ ཆ་སྙོམས་དྲོད་ཚད་ཀླད་ཀོར་འོག་གི་ ༡༡.༣༚C  ཟླ་ ༧ ཆ་སྙོམས་དྲོད་ཚད་ ༨.༣༚C བཅས་རེད།

ཟླ་རེའི་དྲོད་ཚད་ཀྱི་འགྱུར་ལྡོག་ནི་ཟླ་ ༢ ནས་ ༧ བར་གྱི་དྲོད་ཚད་ཟླ་རེ་བཞིན་མཐོ་རུ་འགྲོ་བ་དང་། ཟླ་ ༨ ནས་ཕྱི་ལོའི་ཟླ་ ༡ བར་ཟླ་རེའི་དྲོད་ཚད་དམའ་རུ་འགྲོ་བཞིན་ཡོད། གནམ་གཤིས་གྲང་ངར་ཆེ་ཞིང་འཚོ་རླུང་ཉུང་བ་དང་དུས་བཞི་ཁྱད་པར་མི་གསལ་ཞིང་དགུན་ཁ་རིང་ཞིང་དབྱར་ཀ་ཐུང་བ། གངས་རླུང་གི་གནམ་གཤིས་མང་ལ་ལོའི་དྲོད་ཁྱད་ལྟོས་བཅས་ཐོག་ནས་ཉིན་གྱི་དྲོད་ཁྱད་ཆེ་བ་ཡོད། ལོ་རེའི་ཉི་ཕོག་དུས་ཡུན་ཆུ་ཚོད་ ༢༩༤༤.༣ དང་སད་དུས་ཉིན་ ༣༤༧.༦ ཡིན་ཞིང་རྦད་དེ་སད་མེད་དུས་ཡུན་མེད། ལོའི་ཆར་ཆུ་འབབ་ཚད་མི་ལེ་མི་ཊལ་ ༣༠༨.༣ དང་ལོ་རེར་ཆ་སྙོམས་སེར་བའི་ཉིན་གྲངས་ཉིན་ ༣༠ ཡན་རེད།[5] རང་བྱུང་གནོད་འཚེ་གངས་དང་། རླུང་། བ་མོ་སོགས་ཡོད། དཔྱིད་དུས་ནམ་འཆར་ལ་རླུང་ཆེན་རྒྱུན་མི་ཆད་ཅིང་སྟོན་དུས་ནས་དཔྱིད་བར་ལོ་ལྟར་གངས་སྐྱོན་འབྱུང་བ་བཅས་སོ།།[6]

 

ལེ་ཚན་གཉིས་པ། རྫོང་གི་ལོ་རྒྱུས།

དང་པོ། བོད་ཀྱི་སྲིད་འཛིན་འཕོ་འགྱུར་དང་གནམ་རུ་རྫོང་།

གནམ་རུ་རྫོང་ནི་ཡ་ཐོག་རྒྱལ་ཕྲན་སྐབས་མངའ་མཛད་བཅུ་གཉིས་ཀྱི་ཡ་གྱལ་ཞང་ཞུང་རྒྱལ་ཕྲན་གྱི་ཁོངས་གཏོགས་ཡིན་ཞིང་། དེ་ཡང་ཞང་ཞུང་སྒོ་ཕུག་བར་གསུམ་ལས་ཞང་ཞུང་པར་དང་ར་ཁྱུང་རྫོང་གི་མངའ་ཁོངས་སུ་གཏོགས་པ་དང་། དུས་རབས་བདུན་པའི་ནང་སྤུར་རྒྱལ་བཙན་པོས་བོད་ཁམས་ཡོངས་ལ་དབང་ལུང་བསྒྱུར་སྐབས། ཁུལ་དེ་རྣམས་ཞང་ཞུང་ཁྲི་སྡེའི་མངའ་ཁོངས་དང་དུས་རབས་བཅུ་གསུམ་པའི་སྐབས་དཔལ་ལྡན་ས་སྐྱ་པས་བོད་ལ་དབང་ལུང་སྒྱུར་སྐབས། གནམ་རུ་རྫོང་ཁོངས་ཕལ་མོ་ཆེ་དབུས་གཙང་ཁྲི་སྐོར་བཅུ་གསུམ་གྱི་ཡ་གྱལ་བྱང་འབྲོག་ཁྲི་སྐོར་གྱི་མངའ་འོག་ཏུ་ཡོད། དེ་ཡང་《རྒྱ་བོད་ཡིག་ཚང་ཆེན་མོ།》ལས། བྱང་འབྲོག་ཁྲི་སྐོར་གྱི་སྐོར་གསུང་སྐབས་ལྷ་རྒོད་གདུང་རྩེ་ཡན་དང་ར་གཡུ་མཚོ་མན།[7] ཞེས་གསལ་ཡོད། དུས་རབས་བཅུ་བཞི་པའི་ནང་སྡེ་སྲིད་ཕག་མོ་གྲུ་པ་དང་དུས་རབས་བཅུ་བདུན་པའི་ནང་སྡེ་པ་གཙང་པས་བོད་ལ་དབང་ལུང་སྒྱུར་སྐབས། ཁུལ་དེ་རྣམས་ཁྲིམས་འགོ་རང་བཙན་གྱི་སྡེ་ཤོག་གི་ཚུལ་དུ་གནས་ཡོད་འདུག་ལ། དུས་རབས་བཅུ་བདུན་པའི་ལོ་རབས་བཞི་བཅུ་པ་ནས་དགའ་ལྡན་ཕོ་བྲང་པས་བོད་ལ་དབང་ལུང་སྒྱུར་སྐབས། གནམ་རུ་སྡེ་པ་ཞེས་པས་དབང་ལུང་བསྒྱུར་ཚུལ་དང་། དེ་མིན་གནམ་རུའི་གཞུང་ཚོ་ལྷོ་བྱང་བརྒྱད་ཀྱི་འཛིན་བདག་ཀྱང་སྨོན་འགྲོ་གཟིམ་ཤག་གི་ཁྲལ་བསྡུ་ཁྲིམས་གནོན་བྱེད་པར་མ་ཟད། གཟིམ་ཤག་དེ་ནས་གནམ་རུའི་ཁྲལ་བསྡུ་ཁྲིམས་གནོན་གྱི་ལས་སྣེར་སྡེ་པ་སྐལ་བཟང་། སྡེ་པ་ལྡེ་འཆང་། དྲུང་ཡིག་ཐུབ་བསྟན། སྡེ་པ་གཡུ་རྒྱལ་བཅས་སྔ་ཕྱིར་བསྐོས་ནས་འཛིན་སྐྱོང་བྱས་ཡོད་འདུག

ཕྱི་ལོ་ ༡༩༢༥ ལོར་བོད་གཞུང་གིས་གནམ་རུའི་སྡེ་པ་སྨོན་འགྲོ་ལས་སྲིད་དབང་ཕྱིར་ལེན་གྱིས། ཡུལ་དེ་རྫོང་རིམ་པའི་གཞུང་འཛིན་དུ་བསྒྱུར་ནས་རྫོང་དཔོན་དང་པོ་རྩེ་དྲུང་ངག་དབང་རྒྱལ་མཚན་དང་། ལས་བྱའི་ངོ་ཚབ་ཕྱག་སྦྲེལ་ཨ་རྒྱ་ཞེས་པ་མངགས་གཏོང་གནང་འདུག  སྐབས་དེ་ནས་བཟུང་གནམ་རུ་རྫོང་ཞེས་པའི་ཐ་སྙད་ཐོགས་པ་གསུངས། འོན་ཀྱང་《藏北牧民(བོད་བྱང་ཐང་གི་འབྲོག་པ།)》ཞེས་པའི་རྒྱ་ཡིག་དེབ་ནང་། ཕྱི་ལོ་ ༡༨༢༧ གོང་ཙམ་ནས་གནམ་རུ་རྫོང་ཡོད་པ་ནི་ལོ་དེའི་བཀའ་ཤག་གི་ཡིག་ཆའི་ནང་གནམ་རུ་རྫོང་།[8] ཞེས་འཁོད་ཡོད་པ་གསུངས། འོན་ཀྱང་། ཕྱི་ལོ་ ༡༧༩༥ ནས་བཟུང་གཞིས་རྫོང་སོ་སོའི་རྫོང་དཔོན་འཐེན་གཏོང་གི་མིང་གཞུང་ཞིབ་གསལ་འཁོད་པའི་《གཞུང་དགའ་ལྡན་ཕོ་བྲང་པའི་ལས་ཚན་ཕྱི་ནང་ཏོག་གནས་ཀྱི་གོ་རིམ་དེབ་ཐེར་རིན་ཆེན་ཕྲེང་བ།》ཞེས་པའི་ནང་གནམ་མཚོ་འགོ་པ་ལས་ཕྱི་ལོ་ ༡༩༠༠ གོང་གནམ་རུ་རྫོང་ཞེས་གསལ་མི་འདུག་ན་བརྟག་པའི་གཞིར་གྱུར་ཅིང་།《藏北牧民(བོད་བྱང་ཐང་གི་འབྲོག་པ།)》ཞེས་པའི་རྒྱ་ཡིག་དེབ་གཞིར་བཟུང་ན། གནམ་རུ་རྫོང་སྡོད་དུ་ཤོད་ཚབ་ཤེ་རུའི་ཤེ་དཔོན་དར་སྟེང་རྡོ་རྗེ་ཚེ་དབང་དང་། རྩེ་དྲུང་གསེར་ཟམ་འགོ་པ་དང་། ཤོད་མཁར་ཁ་རྒྱ་མཚོ། མགྲོན་གཉེར་སེ་ཡོ་དང་ཤོད་ལྕོག་སྤེ་བ། དོམ་པོ་མཁན་ཆུང་ངག་དབང་བཟོད་པ། ཤོད་ཡུལ་ལ་ཁ་བ་སོགས་གནམ་རུ་རྫོང་དཔོན་དུ་ཕེབས་འདུག་ལ།

ཕྱི་ལོ་ ༡༩༤༡ ལོར་རྭ་སྒྲེང་བླ་བྲང་གིས་གནམ་རུ་རྫོང་འཛིན་བདག་བྱས་ཏེ་རྫོང་དཔོན་རྭ་བླའི་སེར་གྱི་རྒྱས་ཤོད་ནམས་དར་རྒྱས་ཀྱི་ལོ་དྲུག་རིང་འཛིན་སྐྱོང་བྱས་འདུག་མོད། རྭ་སྒྲེང་བླ་བྲང་གི་འཛིན་དབང་སྟ་ལུང་བྲག་ལ་ཤོར་བ་དང་མེ་ཕག་ཕྱི་ལོ་ ༡༩༤༧ ལོར་གནམ་རུ་རྫོང་སླར་ཡང་གཞུང་སས་འཛིན་སྐྱོང་གནང་ནས། ཕྱིས་རྫོང་དཔོན་དུ་རྩེ་དྲུང་འབྲས་ཁང་ཐུབ་བསྟན་ནོར་བུ་དང་ཤོད་དྲུང་བསམ་གླིང་ཕུན་ཚོགས་རྡོ་རྗེས་བསྐོ་གཞག་གནང་འདུག་ལ། བསམ་གླིང་འཕོས་ཚབ་ཕྱི་ལོ་ ༡༩༤༤ ལོ་ནས་ ༡༩༥༠ བར་ལྷ་སྡིང་སྲས་དཔལ་འབྱོར་འཇིགས་མེད་དང་།[9] དེ་རྗེས་ལྷའུ་རྟ་རའི་རྩེ་མགྲོན་བསྟན་འཛིན་རྒྱལ་མཚན་དང་། ཀུན་བཟང་རྩེའི་རྩེ་དྲུང་སོགས་དང་། ཕྱི་ལོ་ ༡༩༥༣ ལོ་ནས་ཕུན་ཁང་སྲས་གཉིས་ཀྱི་ངོ་ཚབ་རིན་རྡོར་དང་སྟོབས་རྒྱས། རྒྱ་འབུམ་སྒང་རྩེ་དྲུང་ཡེ་ཤེས་མཁས་གྲུབ་དང་ཤོད་ཆབ་རིལ་སོགས་རྫོང་དཔོན་དུ་ཕེབས་འདུག[10]

གཞན་ཡང་དེང་དཔལ་མགོན་རྫོང་འོག་ཏུ་ཡོད་པའི་འདམ་འབྲོག་པའམ་འདམ་ས་སྐྱའི་ཚོ་བདུན་གྱི་ས་ཆ་ནི་བཀྲས་ལྷུན་བླ་བྲང་གི་ཐད་ཀའི་འཛིན་སྐྱོང་འོག་ཏུ་ཡོད། དེ་ནི་༸རྒྱལ་དབང་སྐུ་ཕྲེང་ལྔ་པ་བློ་བཟང་རྒྱ་མཚོ་མཆོག་ནས་༸པཎ་ཆེན་སྐུ་ཕྲེང་བཞི་པ་བློ་བཟང་ཆོས་རྒྱན་ལ་བཀྲ་ཤིས་ལྷུན་པོའི་ཆོས་གཞིས་སུ་ཕུལ་བར་གྲགས། འདམ་ས་སྐྱའི་ཁུལ་གྱི་འཛིན་སྐྱོང་མི་སྣའང་བཀྲས་ལྷུན་བླ་བྲང་ནས་བསྐོ་འཇོག་གནང་ལམ་དང་བླ་བྲང་ནས་ཐོག་མར་ཚོ་པ་དེར་སྒར་དཔོན་ཞིག་བསྐོ་གཞག་གནང་འདུག་མོད། ཕྱི་ལོ་ ༡༨༧༨ ལོར་གཞིས་དཔོན་ཞེས་པ་བསྐོ་གཏོང་གིས་འཛིན་སྐྱོང་གནང་འདུག་པར་མ་ཟད། ཕྱི་ལོ་ ༡༨༨༩ ལོར་གཞིས་དཔོན་གྱི་མིང་ལ་འདམ་བླ་མ།[11] ཞེས་འབོད་སྲོལ་ཆགས་འདུག ཕྱི་ལོ་ ༡༩༦༠ ལོར་གནམ་རུ་རྫོང་དེ་བཞིན་དཔལ་མགོན་རྫོང་ཞེས་པར་མིང་བསྒྱུར་བྱས་པ་དང་། ཕྱི་ལོ་ ༡༩༦༤ ལོར་དེ་སྔའི་འདམ་ས་སྐྱ་རྫོང་ཡང་དཔལ་མགོན་རྫོང་དུ་ཟླ་བསྒྲིལ་ནས་ད་ལྟའི་དཔལ་མགོན་རྫོང་དུ་བསྒྱུར་བཟོ་བྱས། ཕྱི་ལོ་ ༡༩༧༨ ལོར་མཚོ་གཉིས་དོན་གཅོད་ཁང་(ད་ལྟ་མཚོ་གཉིས་དམིགས་བསལ་ཁུལ་ཞེས་འབོད་)བཙུགས་ནས་དཔལ་མགོན་རྫོང་གི་སེ་བ་ཁུལ་མཚོ་གཉིས་དོན་གཅོད་ཁང་གི་བདག་སྐྱོང་འོག་བཅུག་པ་དང་། ཕྱི་ལོ་ ༡༩༨༧ ལོར་དཔལ་མགོན་རྫོང་གི་ཤིང་གྱེར་ཁུལ་གྱི་ཐུང་ཡི་ཤན་རྩ་རྫོང་ནང་བཅུག་ནས་ད་ལྟའི་དཔལ་མགོན་རྫོང་གི་ས་ཁུལ་རིས་དབྱིབས་འདི་གྲུབ་འདུག་ཅིང་རྫོང་སྲིད་གཞུང་བ་རོང་ལ་གནས་ཡོད།[12] རྫོང་དེའི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་ ༡༠༡༩༩༢ (མཚོ་གཉིས་དམིགས་བསལ་མངའ་ཁོངས་ཚུད་)ཡོད་ཅིང་མངའ་འོག་ཏུ་གྲོང་ཚོ་ ༣༤ ཡོད།[13]

 

ལུང་ཁུངས་དཔྱད་གཞིའི་ཡིག་ཆ།

[1].  ཀྲུང་གོ་ལོ་རྒྱུས་རིག་གནས་གྲགས་ཅན་གྲོང་ཁྱེར་ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༠༨། ཤོག་ ༤༨།

[2].  བོད་ལྗོངས་ནག་ཆུ་ས་ཁུལ་གྱི་ལོ་རྒྱུས་རིག་གནས། དེབ་བཞི་པ། ནག་ཆུ་ས་གནས་སྲིད་གྲོས་ལོ་རྒྱུས་རིག་གནས་དཔྱད་གཞིའི་རྒྱུ་ཆ། ཕྱི་ལོ། ༡༩༩༢། ཤོག ༤།

[3].  བོད་ལྗོངས་ནག་ཆུ་ས་ཁུལ་གྱི་ལོ་རྒྱུས་རིག་གནས། དེབ་བཞི་པ། ནག་ཆུ་ས་གནས་སྲིད་གྲོས་ལོ་རྒྱུས་རིག་གནས་དཔྱད་གཞིའི་རྒྱུ་ཆ། ཕྱི་ལོ། ༡༩༩༢། ཤོག ༦༠།

[4]. 西藏地名.国家测绘局地名研究所编.中国藏学出版社.1995.北京.Pg.30.

[5]. 西藏地名.国家测绘局地名研究所编.中国藏学出版社.1995.北京.Pg.176.

[6]. 西藏自治区土地册,西藏自治区测绘局,中国地图出版社出版.1996.Pg 53 .

[7].  དཔལ་འབྱོར་བཟང་པོ། རྒྱ་བོད་ཡིག་ཚང་ཆེན་མོ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ཕྱི་ལོ་ ༡༩༨༥། ཤོག ༤༩༦།

[8].  格勒.等 藏北牧民.西藏那曲地区社会历史调查.中国藏学出版社.1993.Pg 44.

[9]. གཞུང་དགའ་ལྡན་ཕོ་བྲང་པའི་ལས་ཚན་ཕྱི་ནང་ཏོག་གནས་ཀྱི་གོ་རིམ་དེབ་ཐེར་རིན་ཆེན་ཕྲེང་བ། བོད་རང་སྐྱོང་ལྗོངས་ཡིག་ཚགས་ཁང་། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༡༦། ཤོག་ ༧ ནས་ ༨༡༣།

[10].  བོད་ལྗོངས་ནག་ཆུ་ས་ཁུལ་གྱི་ལོ་རྒྱུས་རིག་གནས། དེབ་བཞི་པ། ནག་ཆུ་ས་གནས་སྲིད་གྲོས་ལོ་རྒྱུས་རིག་གནས་དཔྱད་གཞིའི་རྒྱུ་ཆ། ཕྱི་ལོ། ༡༩༩༢། ཤོག ༩།

[11].  འདམ་བླ་མ་ཞེས་ཟེར་དགོས་དོན་ནི། དེ་སྔ་ཁུལ་དེའི་བྱང་མ་ཤོག་ཕྱེད་ཀྱི་བཅུ་དཔོན་རྡོ་རྗེ་དགྲ་འདུལ་ཟེར་བ། ཕྱི་ལུང་བཞུགས་སྒར་གྱི་གཞིས་དཔོན་བསྟན་འཛིན་ཡར་རྒྱས་ཞེས་པས་ཁྲིམས་འོག་ཏུ་དར་རྫོང་བརྒྱབ་ནས་བསད་པར་བརྟེན། དེ་ནས་བཟུང་གཞིས་དཔོན་རིམ་བྱུང་བཞི་ལ་བྱང་མའི་བཅུ་དཔོན་མི་ཤི་བཙན་སྐྱེས་ཀྱིས། གཞིས་ཁོངས་སུ་གནོད་པ་བསྟུད་མར་གནོད་སྐྱེལ་བ་སོགས་བྱས་པས། པཎ་ཆེན་རིན་པོ་ཆེས་བཀའ་ཕབ་ནས་གཡུ་དྲུང་བོན་གྱི་གཙོ་བོ་སྨན་རི་དགོན་གྱི་མཁན་པོ་འགྲོ་མགོན་ཤེས་རབ་གཡུང་འདྲེ་འདུལ་གནང་བར་མངགས་ཤིང་། ཁོང་གིས་བྱང་བཙན་གཡུང་དྲུང་དགྲ་འདུལ་ཞེས་མཚན་གསོལ་དམ་བཏགས་མཛད་ཅིང་། རང་ཉིད་གཞིས་དཔོན་གནང་བ་ནས་གཞིས་དཔོན་ལ་འདམ་བླ་མ་ཞེས་མིང་ཐོགས་པར་གྲགས།

[12]. 西藏自治区土地册,西藏自治区测绘局,中国地图出版社出版.1996.Pg 94.

[13]. 西藏自治区土地册,西藏自治区测绘局,中国地图出版社出版.1996.Pg 94.

 

དབུས་གཙང་རིག་མཛོད་ཆེན་མོ་ལས་བཏུས་པའོ།།

བརྒྱུད་སྐུལ།

མཆན་སྤེལ།