ས་བཅད་གསུམ་པ། འདམ་གཞུང་རྫོང་།
ལེ་ཚན་དང་པོ། རྫོང་གི་མིང་དང་ས་བབ་ཆགས་ཚུལ།
དང་པོ། འདམ་གཞུང་རྫོང་གི་མིང་ཐོགས་ཚུལ།
འདམ་གཞུང་ས་ཁོངས་ཀྱི་ཡུལ་འདིར་སྔོན་གྱི་ལོ་རྒྱུས་ཡིག་ཚགས་ཁག་ཏུ་འདམ་ཤོད་ཅེས་འཁོད་འདུག གནའ་རབས་རྒན་པོ་ཚོའི་ཤོད་རྒྱུན་དུ་དུས་རབས་བཅུ་བདུན་པའི་དུས་མཇུག་ཏུ་གུར་ཤྲི་བསྟན་འཛིན་ཆོས་རྒྱལ་གྱིས་རང་ཉིད་ཀྱི་སྲུང་དམག་སྡོད་ཡུལ་དུ་བདམས་པས་འདམ་གཞུང་ཞེས་ཐོགས་པར་གྲགས་པ་དང་།
ཡང་རེ་འགས་འདམ་ཞེས་པའི་དོན་ནི་ཡུལ་དེའི་དཀྱིལ་གཞུང་ལ་ན་ར་འདམ་རྫབ་ཆེན་པོ་ཞིག་ཡོད་པ་དེ་ལ་བརྟེན་ནས་ཐོགས་པ།[1] བཞེད་པ་སོགས་གཅིག་གྱུར་མིན་པའི་གསུང་རྒྱུན་འགའ་འདུག་ཅིང་། གོང་གསལ་ཤོད་ཚུལ་གཉིས་ལས་སྔ་མར་བདེན་པའི་ཆ་མེད་པ་ནི་འདམ་ཞེས་པའི་ཡུལ་མིང་དུས་རབས་བདུན་པའི་དུས་སྐབས་ཡས་མས་ནས་ཡོད་པ་བོན་གཞུང་《སྒྲ་འགྲེལ།》ལས། སྤུར་རྒྱལ་གཉིས་པ་མུ་ཁྲི་བཙན་པོས་བོན་གྱི་འདུ་གནས་སོ་བདུན་བཙུགས་པར་གྲགས་པའི་ཡ་གྱལ་དུ་ཡུལ་འདམ་ཤོད་སྣར་མོ།[2] ཞེས་འཁོད་འདུག
དེ་བཞིན་དཔའ་བོ་གཙུག་ལག་ཕྲེང་བས་(༡༥༠༤-༡༥༦༦)བརྩམས་པའི་《ཆོས་འབྱུང་མཁས་པའི་དགའ་སྟོན།》ལས། སྤུར་རྒྱལ་བཙན་པོ་སྲོང་བཙན་སྒམ་པོས་ཁྲིམས་ཡིག་ཆེན་པོ་དྲུག་གཏན་ལ་ཕབ་པའི་ནང་ཚན། ཡུལ་གྱི་དབང་རིས་བཅོ་བརྒྱད་དུ་དབྱེ་སྐབས་འདམ་ཤོད་དཀར་མོ་བྱ་དང་རྭ་ཡི་ཡུལ།[3] ཞེས་དང་། མཁས་པ་ལྡེའུ་མཛད་པའི་《ལྡེའུ་ཆོས་འབྱུང།》ལས། དབུ་རུའི་དཔོན་ཚན་བཅུ་དྲུག་དབྱེ་བའི་སྐབས་འདམ་ཤོད་ལ་གཅིག [4] ཅེས་དང་། 《བར་ཆད་ལམ་སེལ། 》 ལས། འདམ་ཤོད་ལྟ་བུའི་སྙིང་དྲུང་དུ།། ཐང་ལྷ་ཡར་ཞུ་དམ་ལ་བཏགས།། ཞེས་འཁོད་ཡོད།
འདམ་ཤོད་ཅེས་པའི་ས་མིང་ངོས་འཛིན་ཐད་ཉེ་དུས་ཀྱི་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་མཆོག་གིས་འདམ་ཤོད་དཀར་མོ་ཞེས་པ་ནི་འདམ་གཞུང་རྫོང་གི་ཁོངས་གཏོགས་ཀྱི་ས་ཆ་ཞིག་གི་མིང་།[5] ཞེས་ཁུལ་དེ་རང་ལ་ངོས་འཛིན་མཛད་འདུག་ན་ཁུལ་དེར་དུས་རབས་བདུན་པའི་སྔོན་ནས་འདམ་ཤོད་ཅེས་འབོད་སྲོལ་ཡོད་པ་གང་ཞིག ཕྱིས་ཀྱི་ལོ་རྒྱུས་ཡིག་ཚང་ཁག་ཏུ་འདམ་གཞུང།[6] ཞེས་འཁོད་པར་སྙམ། ཡང་ལ་ལས་འདམ་ཞེས་པའི་གོ་དོན་ནི་ཡུལ་དེའི་དཀྱིལ་གཞུང་ན་ར་འདམ་རྫབ་ཆེན་པོ་ཞིག་ཡོད་པ་དེ་ལ་བརྟེན་ནས་འདམ་གཞུང་ཞེས་མིང་ཏུ་ཐོགས་ཟེར་བ་དང་། ས་ཆ་དེ་བཞའ་བརླན་ཆེ་བས་ན་འདམ་གྱི་རྩྭ་ཐང་ཡིན་པས་འདམ་གཞུང་ཞེས་འབོད་ཟེར་བ་གཉིས་གོ་དོན་གཅིག་གྱུར་ཡིན་པ་དེ་ཐད་ཆེ་སྙམ།[7] ཞེས་པའི་གསུང་ལའང་རྒྱུ་མཚན་མེད་པ་མིན་པས་བརྟག་པར་མཛོད་ཅིག
དེ་བཞིན་དེང་གི་འདམ་གཞུང་རྫོང་ཁོངས་སུ་དེ་སྔ་སྐད་གྲགས་ཆེ་བའི་ཡུལ་ཞིག་ཡོད་པ་ནི་སྙིང་དྲུང་ཞེས་པ་དེ་ཡིན་ཅིང་། ཡུལ་མིང་དེ་ནི་སྤུར་རྒྱལ་བཙན་པོའི་དུས་ནས་ཡིག་ཐོག་ཏུ་འཁོད་ཡོད་པ་ནི་《ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ།》ལས། སྦྲུལ་གྱྀ་ལོ་ལ་(ཕྱི་ལོ་ ༦༥༧།) བཙན་པོ་མེར་ཀེ་ན་བཞུགས་ཤིང་། བློན་ཅེ་སྟོང་རྩན། དབྱར་སྙིང་དྲུང་གྱྀ་གཡེ:ཐལ:བ་གོང་ན་མཆྀར་ཕར:ལོ:གཅིག།།[8] ཅེས་བྱུང་ངོ་།། དེ་ཡང་ལྷ་སའི་བྱང་ངོས་སྤྱི་ལེ་དགུ་བཅུ་ཙམ་གྱི་སར་ཡོད་པའི་སྙིང་དྲུང་ཞེས་པའི་ཡུལ་མིང་གི་སྒྲ་དོན་ནི། རི་སྙིང་གི་དབྱིབས་ཅན་གྱི་ཤར་ངོས་རི་ལྡེབས་ལ་སྤང་རི་དང་ལྷོ་ངོས་སུ་ཤུག་པའི་གཡུ་ལོ་རྒྱས་པའི་རི་དེ་ལ་སྙིང་རི་ཟེར། དེའི་གཤམ་གྱི་ས་ཁུལ་ལ་སྙིང་རིའི་དྲུང་དུ་གནས་པས་ན་སྙིང་དྲུང་ཞེས་པའི་མིང་བྱུང་བར་སྣང་།《སྟག་ལུང་ཆོས་འབྱུང་ངོ་མཚར་རྒྱ་མཚོ།》སོགས་ལས། སྟག་ལུང་གི་བླ་མ་རྣམས་སྙིང་དྲུང་ལྷའི་དགའ་ཚལ་དུ་ཆུ་ཚན་འཕྲོད་བཞེས་གནང་ཚུལ་འཁོད་པའང་འདུག་ཅིང་། དེ་སྔོན་བཙན་པོའི་དུས་སྐབས་སུ་དབྱར་རྩི་བཅུད་རྒྱས་པའི་ནམ་དུས་དང་བསྟུན་ནས། འདམ་གཞུང་ཁུལ་དུ་འདུ་ཚོགས་ཆེ་བ་ཞིག་ཡོད་པ་འདྲ།
གཉིས་པ། འདམ་གཞུང་རྫོང་ཁུལ་གྱི་ས་བབ་ཆགས་ཚུལ།
འདམ་གཞུང་རྫོང་ནི་གངས་ཏི་སི་དང་གཉན་ཆེན་ཐང་ལྷའི་རི་བརྒྱུད་ཁུལ་རྫོང་ཧྲིལ་པོ་གཉན་ཆེན་ཐང་ལྷའི་རི་བོས་འཕྲེད་དུ་བཅད་ཅིང་། བོད་ཀྱི་རྒྱལ་ས་ལྷ་སའི་ནུབ་ངོས་ལེ་དབར་ ༡༧༠ སར་བྱང་གི་འཕྲེད་ཐིག་ ༣༠༚ ༠ ‘ 〜 ༣༠༚ ༠༩’ དང་། ཤར་གྱི་གཞུང་ཐིག་ ༩༠༚ ༠’ 〜 ༩༡༚ ༠༧’ བར་གནས་ཤིང་། ས་བབ་བྱང་ཤར་མཐོ་ཞིང་ལྷོ་ནུབ་དམའ་བ། མཐོ་སྒང་དྲོ་ཁུལ་ཕྱེད་ཐན་པའི་དུས་རླུང་གནམ་གཤིས་ཁུལ་གྱི་ཁོངས་སུ་གཏོགས་སོ།། ལོ་རེའི་ཆ་སྙོམས་དྲོད་ཚད་ ༡.༣༚C ཡིན་ཅིང་ཟླ་ ༡ ཆ་སྙོམས་དྲོད་ཚད་ཀླད་ཀོར་འོག་གི་ ༡༠.༢ ༚C དང་ཟླ་ ༧ ཆ་སྙོམས་དྲོད་ཚད་ ༡༠.༧༚Cརེད།
ལོ་རེའི་ཆར་པ་བབས་ཚད་མི་ལེ་མི་ཊལ་ ༤༨༧.༥ དང་དྲོད་ཚད་མཐོ་ཤོས་ཏུའུ་ ༡༨.༣༚C དམའ་ཤོས་ ༠༢༣.༨༚C བཅས་རེད། དགུན་དུས་གྲང་ཞིང་དབྱར་ཁ་བསིལ་བ་དང་རླུང་ཆེན་མང་ལ་ལོ་རེའི་ཉི་ཕོག་དུས་ཡུན་ཆུ་ཚོད་ ༢༨༨༡ བཅས་རེད། ལོའི་ཆར་ཆུ་འབབ་ཚད་མི་ལེ་མི་ཊལ་ ༤༨༡ དང་རིམ་པ་ ༨ པ་ཡན་གྱི་ལྷག་པ་ཆེན་པོ་གཡོ་བའི་དུས་ཡུན་ལོ་རེར་ཆ་སྙོམས་ཉིན་ ༧༤ ཟིན་གྱི་ཡོད་ཅིང་མང་ཤོས་སུ་ཉིན་ ༡༢༨ ཟིན་གྱི་ཡོད།[9] རྫོང་ཡོངས་ཀྱི་ས་བབ་མཐོ་ཚད་ཆ་སྙོམས་རྒྱ་མཚོའི་ངོས་ལས་མི་ཊལ་ ༤༣༦༠ དང་། རྫོང་གནས་ཡུལ་འདམ་ཆུ་གྲོང་རྡལ་གྱི་མཐོ་ཚད་ནི་རྒྱ་མཚོའི་ངོས་ནས་མི་ཊལ་ ༤༣༠༠ ཙམ་ཡིན། རང་བྱུང་གནོད་འཚེ་གཙོ་བོ་གངས་སྐྱོན་དང་། རླུང་སྐྱོན། ཐན་སྐྱོན། འབུ་སྐྱོན། བྱི་བའི་སྐྱོན་སོགས་ཡོད།[10]
ལེ་ཚན་གཉིས་པ། རྫོང་གི་ལོ་རྒྱུས།
དང་པོ། བོད་ཀྱི་སྲིད་འཛིན་འཕོ་འགྱུར་དང་འདམ་གཞུང་རྫོང་།
འདམ་གཞུང་ས་ཁོངས་དེ་བཞིན་སྤུར་རྒྱལ་བཙན་པོའི་གོང་གནས་བབས་ཇི་ཡིན་བརྗོད་དཀའ་ཡང་། དུས་རབས་བདུན་པའི་ནང་སྤུར་རྒྱལ་བཙན་པོས་བོད་ལ་དབང་ལུང་སྒྱུར་སྐབས་དབུས་གཙང་རུ་བཞིར་ཕྱེ་བའི་དབུ་རུའི་བྱང་ཕྱོགས་དང་། དེའི་ནང་ནས་ཡུལ་གྱི་དབང་རིས་བཅོ་བརྒྱད་ཕྱེ་བའི་ཡ་གྱལ་འདམ་ཤོད་དཀར་མོའི་ཁོངས་སུ་གཏོགས།[11] དུས་རབས་དགུ་པའི་ནང་བོད་སིལ་བུར་ཐོར་བའི་སྐབས། ཁུལ་དེའི་འགོ་གཙོ་དང་བཀའ་གདམས་པའི་བླ་མ་འབྲོམ་སྟོན་རྒྱལ་བའི་འབྱུང་གནས་མཆོད་ཡོན་འབྲེལ་སྟེ་བཀའ་གདམས་པའི་མ་དགོན་རྭ་སྒྲེང་དགོན་པ་ཕྱག་བཏབ་པ་དང་།[12] དུས་རབས་བཅུ་གསུམ་པའི་ནང་དཔལ་ལྡན་ས་སྐྱ་པས་བོད་ལ་དབང་ལུང་སྒྱུར་སྐབས། དབུས་གཙང་ཁྲི་སྐོར་བཅུ་གསུམ་ལས་གང་གི་ཁོངས་སུ་གཏོགས་མིན་ཁ་མ་གསལ་ཞིང་། རྒྱ་བོད་ཡིག་ཚང་ལྟར་ན་གཡའ་བཟང་ཁྲི་སྐོར་གྱི་ཁོངས་སུ་གཏོགས་པར་སེམས། དུས་རབས་བཅུ་བཞི་པའི་ནང་སྡེ་སྲིད་ཕག་མོ་གྲུ་པ་དང་དུས་རབས་བཅུ་བདུན་པའི་ནང་སྡེ་པ་གཙང་པས་བོད་ལ་དབང་ལུང་སྒྱུར་སྐབས་ཧོར་དཔོན་དམག་གི་ཁོངས་མིན་ནམ་སྙམ།
དེ་ཡང་《༸རྒྱལ་བ་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོའི་རྣམ་ཐར།》ལས། ༸རྒྱལ་བ་བསོད་ནམས་རྒྱ་མཚོ་ཧོར་དཔོན་ཐར་འབུམ་གྱིས་འདམ་གཞུང་དུ་གདན་དྲངས་ནས་ཆོས་ཞུས་པ་དང་ཕྱིན་ཆད་ཇ་ལ་པའི་འགྲུལ་པ་རྣམས་ལ་གནོད་པ་མི་བྱེད་པར་འདམས་(གདམས་)ཏེ་དཔོན་གཡོག་ཐམས་ཅད་ཀྱིས་ཁས་བླངས།[13] ཞེས་བྱུང་བས་སོ།
དུས་རབས་བཅུ་བདུན་པའི་ལོ་རབས་བཞི་ཅུ་པ་ནས་བཟུང་གཞུང་ས་དགའ་ལྡན་ཕོ་བྲང་པས་བོད་ལ་དབང་ལུང་བསྒྱུར་བའི་ཐོག་མའི་ཆར་གུ་ཤྲིར་ཧན་གྱི་ཁྱིམ་རྒྱུད་ནས་བཟུང་བ་དང་། ཕྱི་ལོ་ ༡༧༡༧ ལོ་ནས་ཇུན་གར་བས་གུ་ཤྲིའི་ཁྱིམ་རྒྱུད་ཕམ་པར་བྱས་ནས་ལོ་ངོ་གསུམ་རིང་འདམ་གཞུང་ཇུན་གར་བས་བཟུང་། ཁང་ཆེན་པ་དང་། ཕོ་ལྷ། མན་ཇུའི་དམག་སོགས་ཀྱིས་ཇུན་གར་མཐར་སྤྲད་རྗེས་ཁང་ཆེན་པ་དང་དེ་རྗེས་ཕོ་ལྷ་བས་བཟུང་འདུག་ཀྱང་། ཕྱི་ལོ་ ༡༧༢༧ ཡས་མས་སུ་འདམ་གཞུང་ཁུལ་ཧོར་སོག་གི་དབང་ལུང་བསྒྱུར་འདུག་ལ། དུས་སྐབས་དེར་འདམ་གཞུང་ཁུལ་གྱི་འགོ་གཙོར་སངས་རྒྱས་སྐྱབས་ཞེས་པ་ཞིག་བྱུང་འདུག་ལ་དེ་རྗེས་ཕོ་ལྷའི་སྲས་འགྱུར་མེད་རྣམ་རྒྱལ་གྱིས་འདམ་བརྒྱ་ཤོག་བརྒྱད་དང་། ཚོ་པ་སོ་དགུའི་ས་ཁོངས་རྣམས་ལོ་ཤས་བཟུང་འདུག ཕྱི་ལོ་ ༡༧༥༠ འདམ་གཞུང་བོད་སྡོད་ཨམ་བན་གྱིས་ཐད་གཏོགས་འབྲོག་རཪ་བསྒྱུར་བ་དང་། ཕྱི་ལོ་ ༡༩༡༢ ལོར་མན་ཇུའི་འགོ་དམག་དང་བཅས་བོད་ནས་ཕྱིར་འབུད་དང་སྦྲགས་ཕྱི་ལོ་ ༡༩༡༣ ལོ་ནས་འདམ་རྒྱ་ཤོག་བརྒྱད་དང་། གྱེ་རེ་ལྷ་པ་སེ་ར་བླ་སྤྱིའི་མཆོད་རྒྱུན་དུ་ཇི་སྲིད་བར་སྦྱོར་འཇགས་སྩལ་པ་དང་།[14] འདམ་བླ་མ་ནི་རྩེ་དྲུང་གི་ཐབ་རྟེན་དུ་ལོ་དུས་ཚད་བཀག་གིས་འཛིན་ལམ་ཡོད་འདུག[15] བོད་གཞུང་དགའ་ལྡན་ཕོ་བྲང་པའི་དུས་ཀྱི་འདམ་གཞུང་རྫོང་གི་ཁྱབ་ཁོངས་ནི། འདམ་གཞུང་གྲོང་མཁར་ལྟེ་བར་བྱས་པའི་ཕྱོགས་བཞིའི་ཤར་དུ་བཟའ་རམ་སྐྱ་པ་སྤུན་བདུན། ལྷོར་ནོར་བདག་འབྲི་ལྷ་སྤུངས་པ། ནུབ་ཏུ་གངས་ཆེན་གཉན་ཆེན་ཐང་ལྷ། བྱང་དུ་ཨ་མྱེས་རྫ་དམར།[16] བཅས་ཡིན། དེང་གི་ས་ཁོངས་དབྱེ་སྟངས་ལྟར་བྱས་ན་འདམ་གཞུང་རྫོང་དང་ས་འབྲེལ་ཤར་ལྷོར་ལྷུན་གྲུབ་རྫོང་དང་། ལྷོར་སྟོད་ལུང་བདེ་ཆེན་རྫོང་། ལྷོ་ནུབ་ཏུ་སྙེ་མོ་རྫོང་། ནུབ་བྱང་དུ་དཔལ་མགོན་རྫོང་དང་བྱང་ཤར་དུ་ནག་ཆུ་རྫོང་། ཤར་དུ་ལྷ་རི་རྫོང་།[17] བཅས་ཡོད།
བོད་ལ་དུས་འགྱུར་མ་བྱུང་གོང་དེང་གི་འདམ་གཞུང་རྫོང་ཁུལ་དུ་རྫོང་གསུམ་དང་ཚོ་བ་བཞི་ཡོད་ཅིང་། དེ་དག་ལས་རྫོང་གསུམ་ནི་འདམ་གཞུང་རྫོང་དང་། སྦས་ཚང་རྫོང་(དེང་སྙིང་དྲུང་གི་ཁུལ་དུ་ཡོད།) ད་དུང་རིམ་དྲུག་རྫོང་སྒོ་འབྲིང་གྲས་རྫོང་སྡོད་སེར་མོ་བ་གཅིག་གིས་སྐྱོང་བའི་ཡངས་ཅན་རྫོང་།[18] བཅས་དང་། རྭ་སྒྲེང་བླ་བྲང་གི་དོ་དམ་འོག་ཡོད་པའི་ཚོ་པ་བཞི་བཅས་ཡོད།[19] བོད་ལ་དུས་འགྱུར་བྱུང་ཁའི་ཕྱི་ལོ་ ༡༩༥༩ ལོའི་ནང་འདམ་སྤྱི་ལས་ཐོག་སེར་བྱེས་བ་རིའི་ཕྱག་མཛོད་བློ་གྲོས་དང་། སེར་སྨད་ཀོང་པོ་ཤར་པ་བླ་བྲང་གི་ཕྱག་མཛོད་བློ་བཟང་། སྔགས་པའི་ཧར་གདོང་བྱམས་པ་དངོས་གྲུབ་བཅས་ཡིན་འདུག ཕྱི་ལོ་ ༡༩༦༠ ལོར་འདམ་གཞུང་དང་། ཡངས་ཅན། སྦས་ཚང་རྫོང་ངམ་སྙིང་དྲུང་རྫོང་སོགས་རྫོང་གཞིས་གསུམ་ཟླ་བསྒྲིལ་ནས་ད་ལྟའི་འདམ་གཞུང་རྫོང་དུ་སྒྱུར་འཛུགས་བྱས། ཕྱི་ལོ་ ༡༩༦༠ ལོར་རྫོང་ཆགས་ཡུལ་གྲོང་དཀར་གྲོང་ཚོ་ནས་འདམ་ཆུ་ཁ་གྲོང་བརྡལ་དུ་སྤོས་ཤིང་རྫོང་སྲིད་གཞུང་ཀོང་ཐང་དུ་གནས་ཡོད།[20] དེང་གི་འདམ་གཞུང་རྫོང་ལ་དེ་སྔའི་བོད་གཞུང་དགའ་ལྡན་ཕོ་བྲང་པའི་སྐབས་ཀྱི་འདམ་སྤྱིའི་ཁོངས་གཏོགས་ཕལ་མོ་ཆེ་དང་། སྦས་ཚང་སྡེ་པ། ཡངས་པ་ཅན་གྱི་ཁྱབ་ཁོངས་ཆ་ཚང་། ཕོད་མདོ་གཞིས་འོག་རྭ་སྒྲེང་བླ་བྲང་གི་ས་ཁོངས་ཁག་གཅིག་བཅས་ཚུད་ཡོད་འདུག་གོ།
དཔྱད་གཞིའི་ཡིག་ཆ།
[1]. 藏族社会历史调查,(三)民族出版社.2009,Pg 268.
[2]. བོད་ཀྱི་ལོ་རྒྱུས་སྤྱི་དོན་པདྨ་རཱ་གའི་ལྡེ་མིག ཐུབ་བསྟན་ཕུན་ཚོགས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ཕྱི་ལོ་ ༡༩༩༦། ཤོག་ ༡༣༤།
[3]. ཆོས་འབྱུང་མཁས་པའི་དགའ་སྟོན། དཔའ་བོ་གཙུག་ལག་ཕྲེང་བ། མི་རིགས་དཔེ་སྐྲུན་ཁང་། ་ལོ་ ཤོག ༡༨༧།
[4]. མཁས་པ་ལྡེའུ་མཁས་པའི་རྒྱ་བོད་ཆོས་འབྱུང་རྒྱས་པ། བོད་ལྗོངས་མི་དམངས་དཔེ་སྐུན་ཁང་ནས་བསྐྲུན། ཕྱི་ལོ་ ༡༩༨༧། ཤོག་ ༢༥༧།
[5]. དུང་དཀར་ཚིག་མཛོད། དུང་དཀར་བློ་བཟང་འཕྲིན་ལས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ཕྱི་ལོ་ ཤོག་གྲངས། ༡༡༤༤
[6]. གྲོང་ཁྱེར་ལྷ་སའི་ལོ་རྒྱུས་རིག་གནས། དེབ་བདུན་པ། གྲོང་ཁྱེར་ལྷ་སའི་སྲིད་གྲོས། ཕྱི་ལོ་ ༡༩༩༩། ཤོག་ ༣།
[7]. གྲོང་ཁྱེར་ལྷ་སའི་ལོ་རྒྱུས་རིག་གནས། དེབ་བདུན་པ། གྲོང་ཁྱེར་ལྷ་སའི་སྲིད་གྲོས། ཕྱི་ལོ་ ༡༩༩༩། ཤོག་ ༤།
[8]. དབང་རྒྱལ་དང་། བསོད་ནམས་སྐྱིད། ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ། མི་རིགས་དཔེ་སྐྲུན་ཁང་། ཕྱི་ལོ་ ༡༩༩༢། ཤོག ༡༣།
[9]. 西藏自治区土地册,西藏自治区测绘局,中国地图出版社出版.1996.Pg 29.
[10]. 西藏自治区土地册,西藏自治区测绘局,中国地图出版社出版.1996.Pg 29.
[11]. གྲོང་ཁྱེར་ལྷ་སའི་ལོ་རྒྱུས་རིག་གནས། དེབ་བདུན་པ། གྲོང་ཁྱེར་ལྷ་སའི་སྲིད་གྲོས། ཕྱི་ལོ་ ༡༩༩༩། ཤོག་ ༤༩།
[12]. 多杰次仁,西藏封建农奴制社会形态,中国藏学出版社。2005.Pg 384.
[13]. ཐམས་ཅད་མཁྱེན་པ་ལྔ་པ་ཆེན་པོའི་གསུང་འབུམ་པོད་ཉ་པ། དཔེ་གཟུགས། ཤོག ༡༡༧།
[14]. ཞྭ་སྒབ་པ་དབང་ཕྱུག་བདེ་ལྡན། བོད་ཀྱི་སྲིད་དོན་རྒྱལ་རབས། ཤེས་རིག་དཔར་ཁང་། ཕྱི་ལོ་ ༡༩༧༦། སྨད་ཆ། ཤོག ༢༢༤།
[15]. བོད་ཀྱི་ལོ་རྒྱུས་རིག་གནས་དཔྱད་གཞིའི་རྒྱུ་ཆ་བདམས་བསྒྲིགས། འདོན་ ༡༩། མི་རིགས་དཔེ་སྐྲུན་ཁང་། ཕྱི་ལོ་ ༡༩༩༦། ཤོག ༡༡༢།
[16]. གྲོང་ཁྱེར་ལྷ་སའི་ལོ་རྒྱུས་རིག་གནས། དེབ་བདུན་པ། གྲོང་ཁྱེར་ལྷ་སའི་སྲིད་གྲོས། ཕྱི་ལོ་ ༡༩༩༩། ཤོག་ ༤།
[17]. གྲོང་ཁྱེར་ལྷ་སའི་ལོ་རྒྱུས་རིག་གནས། དེབ་བདུན་པ། གྲོང་ཁྱེར་ལྷ་སའི་སྲིད་གྲོས། ཕྱི་ལོ་ ༡༩༩༩། ཤོག་ ༣།
[18]. 多杰次仁,西藏封建农奴制社会形态,中国藏学出版社。2005.Pg 384.
[19]. 西藏自治区地图册.西藏自治区测绘局.中国地图出版社出版.1995.pg 29.
[20]. 西藏自治区土地册,西藏自治区测绘局,中国地图出版社出版.1996.Pg 29.
དབུས་གཙང་ལོ་རྒྱུས་ཆེན་མོ་ལས་བཏུས་པའོ།།