སྟོད་ལུང་གི་སྔོན་བྱུང་ལོ་རྒྱུས་ནི་བདེ་ཁང་བསོད་ནམས་བཟང་པོས་བརྩམས་ཤིང་། ཉེ་རབས་པར་སྐྲུན་ཞུས་པའི་སྟོད་ལུང་གི་གལ་ཆེའི་ལོ་རྒྱུས་དེབ་ཅིག་ཡིན། དེབ་འདིའི་གླེང་བརྗོད་ནང་། དེའང་སྟོད་ལུང་ལ་འགྲོ་བ་མི་བྱུང་བའི་དུས་ཡུན་ཧ་ཅང་སྔ་ཞིང། ཉེ་ལམ་སྟོད་ལུང་ཆུ་བཟང་གྲོང་ཚོ་ནས་ལོ་ངོ་ ༢༢༦༠༠༠ ནས་ ༡༦༩༠༠༠ བར་དུ་བྱུང་བའི་སྤྲ་མིའི་རྐང་ལག་གི་རྗེས་ཤུལ་རྙེད་པ་དེ་ནི་ད་བར་བོད་མཐོ་སྒང་དུ་གདོད་མའི་མི་བྱུང་བའི་བདེན་དཔང་རྙིང་ཤོས་དང། འཛམ་གླིང་བྲག་བརྐོས་རི་མོས་མཚོན་པའི་གནའ་མིའི་རི་མོའི་སྒྱུ་རྩལ་རྙིང་ཤོས་ཡིན་པར་མ་ཟད། ད་ཕན་བོད་གངས་ཅན་ལྗོངས་སུ་འགྲོ་བ་མི་བྱུང་བའི་དཔང་རྟགས་རྙིང་ཤོས་སུ་གྱུར་ཡོད། གཞན་ཡང་སྟག་ལུང་བྲག་གི་གནའ་ཤུལ་ནས་རྡོ་ཆས་གསར་མའི་སྐབས་ཀྱི་གནའ་ཆས་མང་དག་ཅིག་རྙེད་སོན་བྱུང་བ་ལས། མ་མཐར་ཡང་ལོ་ངོ་ ༤༠༠༠ གོང་སྟོད་ལུང་དུ་འགྲོ་བ་མི་འཚོ་སྡོད་དང་གཏན་འཇགས་ཀྱི་ཁྱིམ་གཞིས་བསྐྱངས་ཡོད་པ་ཤེས་རྟོགས་ཐུབ། བོད་ཀྱི་དཔལ་ཡོན་རིམ་བཞིན་དར་རྒྱས་བྱུང་ཞིང། ཏུན་ཧོང་ཡིག་རྙིང་ P.T1287 ལས། ཡུལ་སྟོད་རོ་ལུང་གསུམ་ན། སྟོད་ལྷའི་ཟི་རྗེ༑ སྟོད་རྗེ་འབྲོང་ལོམ། རྟ་སྣར་འབྲང་བརྒྱ་སྟོང་རེ་ཐམ་འབའ། ཞེས་གསལ་ལྟར། རྒྱལ་ཕྲན་སིལ་མའི་སྐབས་དེང་གི་སྟོད་ལུང་ནི་སྟོད་ལྷ་ཟི་རྗེས་སྐྱོང་བའི་ཡུལ་ཞིག་ཡིན་ཤས་ཆེ་ལ། རྒྱལ་ཕྲན་སིལ་མ་རྣམས་གཅིག་སྡུད་ཀྱིས་བོད་བཙན་པོའི་མངའ་ཐང་རྒྱ་སྐྱེད་གཏོང་བའི་སྐབས། བློན་ཆེན་མགར་སྟོང་བཙན་བུ་རབས་ཚ་བརྒྱུད་ནས་གཞན་དྲིང་མི་འཇོག་པའི་ལེགས་སྐྱེས་ཕུལ་ཏེ་མཐའ་བཞིའི་རྒྱལ་ཁམས་དབང་དུ་བསྡུས་པ་དང། གཡུ་ཐོག་ཡོན་ཏན་མགོན་པོས་བོད་ཀྱི་གསོ་རིག་གཞུང་ལུགས་གསར་དུ་བཏོད་དེ། རིག་གནས་ཀྱི་བང་མཛོད་བྱུར་བུར་སྐོང་བར་མཛད།
བོད་བཙན་པོའི་མངའ་ཐང་ཉམས་ཞན་དུ་གྱུར་ནའང། དམར་ཤཀྱཱ་མུ་ཎི་སོགས་ཀྱིས་ནང་པ་སངས་རྒྱས་པའི་བསྟན་པའི་མེ་རོ་གསོས་པ་དང། འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཀྱིས་བཀའ་གདམས་པའི་གྲུབ་མཐའ་སྲོལ་བཏོད། བོད་ཡུལ་གྱི་བཤད་གྲྭ་ཐམས་ཅད་ཀྱི་འབྱུང་གནས་དཔལ་གསང་ཕུ་ནེའུ་ཐོག་སོགས་དབུས་ཀྱི་གདན་ས་རྣམས་སུ་འཆད་ཉན་གྱི་བསྟན་པ་ཤིན་ཏུ་དར་ཏེ། བོད་ཀྱི་རིག་གསར་བསྐྱར་དར་གྱི་བསྟི་གནས་དང་གངས་ཅན་མཁས་གྲུབ་ཐམས་ཅད་ཀྱི་འདུ་གནས་སུ་གྱུར། ཆོས་བརྒྱུད་གཞན་རྣམས་རིམ་བཞིན་དར་སྐབས། ཡོངས་རྫོགས་གནས་ལྔ་མཁྱེན་པའི་པཎ་ཆེན་ཤཱཀྱ་མཆོག་ལྡན་གྱིས་དཔལ་ས་སྐྱ་པའི་རིང་ལུགས་དར་ཞིང་རྒྱས་པར་མཛད་པ་དང། མཚུར་ཕུ་དགོན་དུ་དཔལ་མཉམ་མེད་བཀའ་བརྒྱུད་པའི་མ་དགོན་མཛད་དེ་བཀའ་བརྒྱུད་བསྟན་པ་ཕྱོགས་ཀུན་ཏུ་ཁྱབ་པར་བྱས། གཞན་ཡང་ཞྭ་སེར་བསྟན་པའི་གཙུག་རྒྱན་མཉམ་མེད་ཙོང་ཁ་པ་ཆེན་པོས་སྟོད་ལུང་པ་རྣམས་གདུལ་བྱ་གཙོ་བོར་བཞེས་ནས་ས་གནས་སུ་དངོས་སུ་ཞབས་བཅགས་ཏེ། རི་བོ་དགེ་ལྡན་པའི་བསྟན་པ་དར་བར་མཛད་པ་དང། སྟོད་ལུང་སྣེའུ་དཔོན་གྱིས་དགེ་ལྡན་པའི་སྦྱིན་བདག་མཛད་དེ་གདན་ས་ཆེན་པོ་སེ་འབྲས་དགེ་གསུམ་གསར་བཞེངས་སོགས་བསྟན་པ་རྒྱས་པ་དང་འགྲོ་བ་བདེ་བའི་མཛད་ཁུར་ཆེ་བཞེས་གནང།
གཞུང་ས་དགའ་ལྡན་ཕོ་བྲང་པ་ཆེན་པོའི་ཆོས་སྲིད་ལུགས་གཉིས་ཀྱི་བ་དན་སྲིད་རྩེར་གཡོ་སྐབས། རྒྱ་ལེ་ཆོས་བཟང་འཕྲིན་ལས་དང། སྡེ་སྲིད་བསོད་ནམས་ཆོས་འཕེལ་སོགས་ཀྱིས་གཞུང་སའི་ཀ་བ་ལྟ་བུ་མཛད་དེ༑ རང་སྲིད་རྣམས་ཀྱི་བཀའ་བགྲོས་ཀྱི་སྙིང་པོ་འདྲི་བའི་ཡུལ་དང། གཞན་སྲིད་ཀུན་གྱིས་ཀྱང་རེ་ལྟོས་དང་མཐོང་གཟོས་ཆེ་བར་བྱུང་བ་དང། རྒྱལ་ཚབ་རྭ་སྒྲེང་ངག་དབང་ཡེ་ཤེས་ཚུལ་ཁྲིམས་རྒྱ་མཚོ་དང། སྲིད་སྐྱོང་སྟག་བྲག་ངག་དབང་གསུང་རབ་ཀྱིས་བོད་གངས་ཅན་ལྗོངས་ཀྱི་རྒྱལ་སྲིད་ཁྲི་འཕང་མཐོན་པོ་ཞབས་ཀྱིས་མནན། སྟོད་ལུང་སྐྱོར་མོ་ལུང་པའི་ལྷ་མོ་ཚོགས་པས་བོད་རྒྱལ་ཁབ་ཀྱི་ལྷ་མོ་ཚོགས་པའི་མཚན་སྙན་བཟུང་ནས་ཕྱི་ནང་ཡུལ་གྲུ་ཀུན་ཏུ་སྒྱུ་རྩལ་གྱི་ཉམས་གྱུར་གསལ་བར་བྱས་པ་དང། སྟོད་ལུང་ཕུ་མདའི་མི་སེར་རྣམས་ཆུ་བརྒྱ་ཟམ་འདུས་ཀྱིས་གཞུང་སའི་བསྟན་སྲིད་ལས་དོན་ཆེ་ཕྲར་ལྷག་བློ་ཆེར་བསྐྱེད་ཐོག་ཁྱིམ་བྱའི་སྒོ་ང་ཡན་ཆད་ཁྲལ་སྒྲུབ་ཞུ་མཁན་འབའ་ཞིག་ཡིན་ལ། དེ་འབྲེལ་གྱི་སྤོབས་པ་དང་ལ་རྒྱ་ཆུ་མོའི་རྒྱུན་བཞིན་བསྐྱངས་ཤིང། བོད་ལ་དུས་འགྱུར་བྱུང་རྗེས་སུའང་སྟོད་ལུང་པ་ངག་དབང་རྒྱལ་མཚན་སོགས་ཀྱིས་རང་སྲོག་ལ་ལྟོས་མེད་ངང་བོད་རྒྱལ་ཁབ་དང་མི་རིགས་ཆེད་དུ་འབད་འབུང་གནང་བ་སོགས་དགའ་སྤོབས་བྱེད་འོས་ཀྱི་རྒྱུ་མཚན་མང་དུ་མཆིས།
དེ་ལྟར་ནའང་བློ་ཕམ་སྐྱེ་དགོས་པ་ཞིག་ལ་ད་བར་སྟོད་ལུང་གི་ལོ་རྒྱུས་ཡིག་འབེབས་དང་ཕྱོགས་གཅིག་ཏུ་བསྒྲིགས་པ་ནི་གྲོང་ཁྱེར་ལྷ་སའི་ལོ་རྒྱུས་རིག་གནས་དེབ་གསུམ་པ་སྟོད་ལུང་བདེ་ཆེན་རྫོང་གི་ལོ་རྒྱུས་ཞེས་པའི་དེབ་ཆུང་དེ་ཙམ་ལས་ཕལ་ཆེར་མེད་ཅིང། དེབ་དེའི་སྔོན་གླེང་ནང། ང་ཚོས་རྫོང་གི་ལོ་རྒྱུས་ཀྱི་རྒྱུ་ཆ་བཙལ་འཚོལ་དང་འདྲི་ཞིབ་བྱེད་སྐབས་དེ་སྔའི་བོད་ས་གནས་སྲིད་གཞུང་སྐབས་ཀྱི་སྟོད་ལུང་བདེ་ཆེན་རྫོང་གི་ཡིག་རིགས་རྩ་བ་ནས་བསྡད་མེད་པ་དང། གཞན་ཡང་དཔྱད་གཞིའི་ཡིག་རིགས་ལག་སོན་ཧ་ཅང་དཀའ་བ་བཅས་ཀྱི་གནས་སྟངས་འོག་དེབ་འདི་རྩོམ་འབྲི་བྱས་པ་ཡིན། ཞེས་བཀོད་འདུག་པར་གཞིགས་ན༑ དེབ་དེ་ནས་དེ་སྔའི་གནས་ཚུལ་ཆ་ཚང་བ་ཞིག་ཤེས་ཐབས་མེད་པ་ཤུགས་ཀྱིས་རྟོགས། གོང་གསལ་ལྟར་སྟོད་ལུང་གི་གལ་ཆེའི་ཡིག་རྙིང་མང་པོ་ཞིག་རིག་གནས་གསར་བརྗེའི་སྐབས་ཤུལ་མེད་བཏང་ཟིན་པ་དང། ལྷག་ལུས་ཅུང་ཟད་ཡོད་པ་རྣམས་ཀྱང་རྒྱ་གཞུང་གིས་ཆེད་དུ་བཙུགས་པའི་རྩོམ་སྒྲིག་ཚོགས་ཆུང་ལའང་མཁོ་སྤྲོད་མ་བྱས་པར་དོ་དམ་སྟངས་འཛིན་བྱེད་བཞིན་ཡོད་སྟབས། འདི་ནས་དེ་དག་འཚོལ་སྒྲུབ་ཞུ་རྒྱུའི་བརྒྱུད་ལམ་གང་ཡང་མ་བརྙེད། ལྷག་པར་དུ་ས་ཡུལ་དངོས་ལ་ཆེད་བསྐྱོད་ཀྱིས་ཞིབ་འཇུག་ཞུ་རྒྱུར་གལ་འགངས་ཆེ་བའི་ངོས་འཛིན་ཡོད་ཀྱང། ཡུལ་དུས་གནས་སྐབས་གང་གི་ཆ་ནས་ཀྱང་འགྲུབ་རེ་ཡོད་པ་ཞིག་ཏུ་མ་མཐོང་བས་སྐབས་འདིར་ངལ་བ་མ་བླངས།
འོན་ཏེ། དཔེ་མེད་ཀྱི་མཆོད་རྟེན་ལ་ལུང་མེད་ཀྱི་རབ་གནས་མ་བྱས་པར། མེ་གཏོང་སར་ས་འཚིག་པ་ཡོང་ཆེད། བདེན་པ་བོན་གྱི་མཛོད་སྒྲ་འགྲེལ་དང། བཤད་མཛོད་ཡིད་བཞིན་ནོར་བུ་སོགས་བོན་གྱི་དཔེ་རྙིང་རིགས་དང། ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆའི་རིགས། རྡོ་རིང་དང་དྲིལ་བུའི་ཁ་བྱང་གི་རིགས། བཀའ་ཐང་སྡེ་ལྔ་སོགས་གཏེར་ཡིག་གི་རིགས། དེབ་ཐེར་སྔོན་པོ་དང་རྒྱལ་རབས་གསལ་བའི་མེ་ལོང་སོགས་རྒྱལ་རབས་ཀྱི་རིགས། ལྡེའུ་ཆོས་འབྱུང་དང་མཁར་ནག་ཆོས་འབྱུང་སོགས་ཆོས་འབྱུང་གི་རིགས། རྣམ་ཐར་ཞིབ་མོ་རྣམ་འབྱེད་དང། ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་སོགས་རྣམ་ཐར་གྱི་རིགས། ༸རྒྱལ་བ་ལྔ་པ་ཆེན་པོའི་གསུང་འབུམ་དང། ངག་དབང་ཀུན་དགའ་བསོད་ནམས་ཀྱི་གསུང་འབུམ་སོགས་གསུང་འབུམ་གྱི་རིགས། ཤངས་པ་བཀའ་བརྒྱུད་ཀྱི་བླ་རབས་རྣམ་ཐར་དང། རིན་སྤུངས་ཀྱི་གདན་རབས་སོགས་འཁྲུངས་རབས་དང་གདན་རབས་ཀྱི་རིགས། སྡེ་སྲིད་སྨན་གྱི་ཁོག་འབུབས་དང། བསྡུས་གྲྭ་ཕྱོགས་བསྒྲིགས་སོགས་གཞུང་ལུགས་ཀྱི་རིགས། མཚུར་ཕུ་དགོན་གྱི་དཀར་ཆག་ཀུན་གསལ་མེ་ལོང་དང། དགོན་ལུང་བྱམས་པ་གླིང་གི་དཀར་ཆག་སོགས་དཀར་ཆག་གི་རིགས། ལྷ་ས་ཁུལ་གྱི་གནས་ཡིག་སོགས་གནས་ཡིག་གི་རིགས། དགའ་ཐང་འབུམ་པ་ཆེ་ནས་རྙེད་པའི་བོན་གྱི་གནའ་དཔེ་བདམས་བསྒྲིགས་སོགས་གསར་དུ་རྙེད་པའི་ཡིག་ཆའི་རིགས་བཅས། ཡིག་ཆ་གསར་རྙིང་ཇི་སྙེད་ཅིག་བཞུགས་པ་རྣམས་དང། བོད་ཀྱི་སྲིད་དོན་རྒྱལ་རབས་དང། དབུས་གཙང་ལོ་རྒྱུས་ཆེན་མོ། བོད་ཀྱི་གལ་ཆེའི་ལོ་རྒྱུས་ཡིག་ཆ་བདམས་བསྒྲིགས། གྲོང་ཁྱེར་ལྷ་སའི་ལོ་རྒྱུས་རིག་གནས། ཀྲུང་གོའི་ལོ་རྒྱུས་རིག་གནས་གྲགས་ཅན་གྲོང་ཁྱེར་ལྷ་ས་སོགས་ཉེ་རབས་བོད་ཕྱི་ནང་ནས་རྩོམ་སྒྲིག་གནང་བའི་གལ་ཆེའི་ལོ་རྒྱུས་ཡིག་ཆའི་རིགས།
བོད་ཀྱི་གནའ་བོའི་རྒྱལ་ཕྲན་དང། རྒྱལ་ཕྲན་སིལ་མ། སྟོང་སྡེ། ཡུན་དཔོན་ཚན་བཅས་ཀྱི་ཞིབ་འཇུག སྤུ་རྒྱལ་བོད་ཀྱི་རྡོ་བསྐོས་ཡི་གེ་ཕྱོགས་བསྒྲིགས་ཀྱི་མ་ཡིག་དག་བཤེར་དང་དེའི་ཚོགས་འགྲེལ་དྭངས་སང་གངས་ཆུ། ཀུན་གཟིགས་༸པཎ་ཆེན་སྐུ་ཕྲེང་དགུ་པ་དང་གཞུང་བླའི་དོན་རྐྱེན་སོགས་ཆབ་སྲིད་བྱུང་རིམ་དང་གནད་དོན་ལ་དཔྱད་པ། བཙན་པོའི་རྒྱལ་རབས་སྐབས་ཀྱི་དཔོན་རིགས་ཞིབ་འཇུག བོད་བཙན་པོའི་ལོ་རྒྱུས་ལ་ཞིབ་འཇུག་བྱས་ནས་ཐག་གཅོད་བྱུང་བའི་གནད་དོན་འགའི་དོགས་གནས་ལ་དཔྱད་པ་སོགས་ཞིབ་འཇུག་རང་བཞིན་གྱི་ཆེད་རྩོམ་གྱི་རིགས། གཞན་ཡང་བོད་ལྗོངས་ནང་བསྟན་དང། ཡུལ་ཕྱོགས་སོ་སོའི་གསར་འགྱུར་མེ་ལོང། བུདྡྷ་དྲ་ཐོག་དཔེ་མཛོད། ཀྲུང་གོའི་བོད་རིག་པ་དྲ་བ། ཧི་མ་ལ་ཡའི་བོན་དྲ་བ་སོགས་དུས་དེབ་དང། གསར་ཤོག དྲྭ་ཐོག་རྩོམ་ཡིག་གི་རིགས་བཅས་དང། བོད་ཀྱི་རིག་གསར་བསྐྱར་དར། (Tibetan Renaissance: Tantric Buddhism in the Rebirth of Tibetan Culture) སོགས་ཨིན་རྒྱའི་སྐད་ཡིག་ཐོག་གི་ལོ་རྒྱུས་དཔྱད་གཞིའི་རྒྱུ་ཆ་རིགས། གཞན་ཡང་ལྕགས་སྟག་ཞིབ་གཞུང་དང། འཇར་མན་བྷོན་གཙུག་ལག་སློབ་གཉེར་ཁང་དང་བཞུགས་སྒར་དྷ་ས་བོད་ཀྱི་དཔེ་མཛོད་ཁང་དུ་བཞུགས་པའི་དེ་སྔའི་བཀའ་རྩ་དང། བཀའ་ཡིག བཀོད་རྒྱ། འབྱེད་ཁྲ་སོགས་གཞུང་འབྲེལ་ཡིག་ཆ་ཁག་གཅིག་བཅས་རྒྱུ་ཆ་རིགས་ཚན་མི་འདྲ་བ་དྲུག་ཙམ་གྱི་དཔེ་དེབ་བརྒྱ་ཕྲག་ལྷག་ལ་ཞིབ་འཇུག་དང་གཤིབ་བསྡུར་བགྱིས་ཏེ། ལོ་རྒྱུས་དེབ་འདི་གྲུབ་པར་བྱས།
དེབ་འདིར་ལེའུ་ཆེ་ཁག་བདུན་ཡོད་ཅིང། ལེའུ་དང་པོ་སྟོད་ལུང་གི་ས་མིང་ལོ་རྒྱུས་ནང། སྟོད་ལུང་གི་མིང་ཐོགས་ཚུལ་དང། བཙན་པོའི་སྐབས་ཀྱི་སྟོད་ལུང་གི་གལ་ཆེའི་ས་གནས་ངོ་སྤྲོད། ལེའུ་གཉིས་པ་སྟོད་ལུང་གི་ཆབ་སྲིད་ལོ་རྒྱུས་ནང། བསྐལ་པ་ཡ་ཐོག་ནས་ཕྱི་ལོ་ ༡༩༥༩ བར་གྱི་སྟོད་ལུང་གི་སྲིད་འཛིན་འཕོ་འགྱུར་དང། དུས་སྐབས་སོ་སོའི་རྫོང་གཞིས་གནས་སྟངས། གཞིས་ཀ་དང་སྒེར་པ་ཆེ་ཁག་ངོ་སྤྲོད། ལེའུ་གསུམ་པ་ཆོས་རིག་ལོ་རྒྱུས་ནང། སྟོད་ལུང་དུ་གཡུང་དྲུང་བོན་དང་སངས་རྒྱས་ཆོས་ལུགས་དར་ཚུལ་སྤྱི་དང། བྱེ་བྲག་བོད་ཀྱི་ཆོས་བརྒྱུད་ཁག་དར་ཚུལ། དཔལ་གསང་ཕུ་ནེའུ་ཐོག་སོགས་དབུས་ཀྱི་གདན་ས་ཁག་གི་ལོ་རྒྱུས། མཚུར་ཕུ་དགོན་གྱི་ལོ་རྒྱུས། སྟོད་ལུང་གི་གསོ་རིག་དང་ཟློས་གར་ལོ་རྒྱུས་སོགས་རྒྱས་ཙམ་བཀོད་ཡོད། ལེའུ་བཞི་པ་སྟོད་ལུང་གི་དགོན་གནས་དང་གནའ་ཤུལ་གྱི་ལོ་རྒྱུས་ནང། དགོན་གནས་ ༤༠ དང་གནའ་ཤུལ་ ༦ གི་ལོ་རྒྱུས། ལེའུ་ལྔ་པར་སྟོད་ལུང་གི་གནའ་དེང་གྲགས་ཅན་མི་སྣ་ ༥༢ དང། བྱེས་ཁོད་མི་སྣ་ ༩ བཅས་ཀྱི་ལོ་རྒྱུས། ལེའུ་དྲུག་པ་སྟོད་ལུང་གི་ཚོང་གཉེར་དང་ཁྲལ་འུལ་ཁྲིམས་གནོན་གྱི་ལོ་རྒྱུས་ནང། བཀའ་རྩ་དང། བཀའ་ཡིག བཀོད་རྒྱ། འབྱེད་ཁྲ་སོགས་དེ་སྔའི་རྫོང་གཞིས་ཁག་གི་ཁྲལ་འུལ་ཁྲིམས་གནོན་གྱི་ཡིག་ཚགས་གང་ལེགས་ཐོབ་སོན་བྱུང་བ་རྣམས་པར་རིས་དང་བཅས་ངོ་སྤྲོད་ཞུས་ཡོད། ལེའུ་བདུན་པར། ཡུལ་གྱི་ས་བབ་ཆགས་ཚུལ་དང། རི་ཆུ་མཚོ་གསུམ། ཡུལ་སྡེ་ཆེ་ཁག་སོགས་དང། སྟོད་ལུང་གི་ཡུལ་སྲོལ། དུས་སྟོན་དུས་དྲན། དམངས་སྲོལ་རིག་གནས། དམངས་གཞས་སོགས་ངོ་སྤྲོད་བྱས་ཡོད་ཅིང། ལེའུ་དེ་དག་ཀྱང་ས་བཅད་དང་ཚན་པ་སོགས་ནང་གསེས་རྒྱས་བསྡུས་རན་པར་ཕྱེ་སྟེ་བཀོད་ཡོད།
ཞིབ་འཇུག་རྩོམ་འབྲི་བྱེད་སྐབས་འབྲེལ་ཡོད་ཀྱི་དཔྱད་གཞི་བསྐྱར་འཚོལ་མི་དགོས་པའི་ཆེད་ལུང་འདྲེན་རྣམས་དཀྱུས་སུ་འགོད་གང་ཐུབ་ཞུས་ཡོད་ལ། དེ་སྔའི་བཀའ་ཡིག་དང་གཏན་ཚིགས་གཤེ་བམ་སོགས་ཀྱི་བརྗོད་ཚིག་ཇི་བཞིན་བཀོད་ཡོད་ཅིང། ཡིག་ནོར་ངེས་རྙེད་འགའ་རེ་མ་དག་རྒྱུན་འབྱམས་སུ་མི་འགྲོ་བའི་ཆེད་དག་བཅོས་ཀྱིས་[ཤད་གུག་]ནང་བཀོད་ཡོད། ལོ་ཟླ་རིམ་སོང་ནང་སྟོད་ལུང་གི་སྲིད་འཛིན་མངའ་ཁོངས་ལ་འཕོ་འགྱུར་གང་འཚམ་བྱུང་བ་དང། བོད་ལ་དུས་འགྱུར་བྱུང་རྗེས་རྒྱ་གཞུང་གིས་ཡུལ་སྡེ་བཅད་བཟུང་དང། ས་མིང་སྒྱུར་བཅོས་བསྟུད་མར་བྱས་དང་བྱེད་མུས་རྐྱེན་གྱིས་སྟོད་ལུང་གི་ཡུལ་སྡེ་གང་མང་གི་ཆགས་ཡུལ་དེང་སྐབས་ངོ་མི་འཕྲོད་པའི་ཚོད་དུ་བཟོས་འདུག་ཀྱང། ཕྱི་རབས་བུ་བརྒྱུད་རྣམས་ནས་དེ་སྔའི་ཡུལ་སྡེ་དང་དགོན་གནས་ཆེ་ཁག་རྣམས་ངོས་འཛིན་ཐུབ་ཆེད་ད་ལྟའི་ས་བཅད་ལ་གཞིར་བཅོལ་ཏེ་ས་ཁྲ་ཆེད་བཟོས་ཀྱིས་ངོ་སྤྲོད་ཞུས་ཡོད། གཞན་ཡང་ཡིག་ཐོག་ཏུ་མ་བརྙེད་པའི་གནས་ཚུལ་ཁག་གཅིག་མྱོང་རྒྱུས་ཅན་ལ་འདྲི་རྩད་ཀྱིས་རྩལ་འཚོལ་གང་ཐུབ་ཞུས་ཡོད་པས། རྒྱ་ཆེའི་ཀློག་པ་པོ་རྣམས་ལ་ཕན་ཐོགས་ཅུང་ཟད་ཡོང་ངེས་སྙམ། ཞེས་གསལ་འདུག
ཞིབ་འཇུག་རང་བཞིན་གྱི་དཔེ་དེབ་འདི་འདྲ་ཐོན་པར་ངོ་སོ་བསྟོད། དཔེ་སྐྲུན་ཁང་གང་ནས་བླུ་ཉོ་ཞུ་ཐུབ་བམ།
ཐུགས་རྗེ་ཆེ།
དེབ་འདི་ཞིབ་ཀློག་གཅིག་བྱས་ཡིན། ནང་དོན་དང་བརྗོད་བྱ་ཇུས་འགོད་སོགས་ཧ་ལས་པ་འདུག དཔར་བསྐྲུན་གྱི་ཚད་གཞི་ཡང་རྒྱལ་སྤྱིའི་ཚད་གཞིར་སླེབས་པའི་བོད་ཡིག་གི་དེབ་གཅིག་རེད་འདུག དེ་མིན་བོད་ཡིག་གི་དཔེ་ཆ་ནང་དོན་ལེགས་ནའང་དཔར་བསྐྲུན་ཚད་གཞི་ཅུང་དམའ་བོ་རེད།
དེབ་འདི་དྲ་ཐོག་ནས་མངགས་ཉོ་བྱ་རྒྱུ་ཡོད་དམ། དཔེ་ཚོང་ཁང་ཁག་ནས་རག་མ་བྱུང་།
རྒྱ་གར་དྷ་ས། 8219425307 ཞལ་པར་ཨང་གྲངས་འདི་ལ་འབྲེལ་བ་གནང་ན་ཐོབ་ཐུབ་ལགས།
དཔེ་དེབ་དེ་ཉོ་འདོད་ཡོད། དེའི་རྒྱལ་སྤྱིའི་དེབ་ཨང་། ངམ་ISBN ག་རེ་རེད་གཅིག་གསུངས་རོགས་གནང་།
ཐུགས་རྗེ་ཆེ།