༄༅། །གསར་དུ་རྙེད་པའི་བྲིས་དཔེ་བཀའ་བློན་ཟུར་ཁང་སྲིད་གཅོད་ཚེ་བརྟན་གྱི་རྣམ་ཐར་བཀའི་གུང་བློན་གྱི་འཁུར་འཛིན་པའི་རྟོགས་བརྗོད་བུང་བའི་མགྲིན་གླུ་ཞེས་པར་དཔྱད་པ།

༄༅། །གསར་དུ་རྙེད་པའི་བྲིས་དཔེ་བཀའ་བློན་ཟུར་ཁང་སྲིད་གཅོད་ཚེ་བརྟན་གྱི་རྣམ་ཐར་བཀའི་གུང་བློན་གྱི་འཁུར་འཛིན་པའི་རྟོགས་བརྗོད་བུང་བའི་མགྲིན་གླུ་ཞེས་པར་དཔྱད་པ།
༄༅། །གསར་དུ་རྙེད་པའི་བྲིས་དཔེ་བཀའ་བློན་ཟུར་ཁང་སྲིད་གཅོད་ཚེ་བརྟན་གྱི་རྣམ་ཐར་བཀའི་གུང་བློན་གྱི་འཁུར་འཛིན་པའི་རྟོགས་བརྗོད་བུང་བའི་མགྲིན་གླུ་ཞེས་པར་དཔྱད་པ།
ཅོག་རོ་གཡུང་དྲུང་འགྱུར་མེད།
ནང་དོན་གནད་བསྡུས། ཉེ་བའི་ལོ་ཤས་ནང་རྙེད་པའི་བྲིས་དཔེ་འདི་ནི་དུས་རབས་བཅོ་བརྒྱད་ནས་བཅུ་དགུ་བར་བོད་ས་གནས་སྲིད་གཞུང་གི་བཀའ་བློན་ཟུར་ཁང་སྲིད་གཅོད་ཚེ་བརྟན་གྱི་རང་རྣམ་འཁྲུལ་མེད་ཅིག་ཡིན་ཞིང་། འདིར་ཡིག་ཚང་ཞིབ་འཇུག་དང་ལོ་རྒྱུས་རིག་པའི་སྒོ་ནས་མ་དཔེའི་བྲིས་རྒྱུན་རྣམ་པ་དང་རྩོམ་རིག་ཁྱད་ཆོས། ལོ་རྒྱུས་རིན་ཐང་སོགས་ལ་དབྱེ་ཞིབ་བགྱིས་ཁུལ་དང་། རྣམ་ཐར་ལས་བསྟན་པའི་ཟུར་ཁང་ཁྱིམ་རྒྱུད་ཀྱི་ལོ་རྒྱུས་དང་བཀའ་བློན་གྱི་མི་ཚེ། དེ་མིན་འབྲེལ་ཡོད་ལོ་རྒྱུས་གནད་དོན་འགའ་དང་། སྐབས་དེའི་ཆོས་སྲིད་མི་སྣ་ཁག་དང་ཨམ་བན། ཁ་ཆེའི་ཆོས་དཔོན་སོགས་ཀྱི་གནས་ཚུལ་འཁོད་པར་ངོ་སྤྲོད་དང་དཔྱད་གླེང་ཞུས་ཡོད།

བརྡ་ཆད་གཙོ་བོ། བཀའ་བློན། ཟུར་ཁང་སྲིད་གཅོད་ཚེ་བརྟན། རྟོགས་བརྗོད།
༄༅། །༸རྒྱལ་མཆོག་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོ་དང་དགུ་པ་ལུང་རྟོགས་རྒྱ་མཚོའི་སྐབས་ལ། བོད་ས་གནས་སྲིད་གཞུང་གི་བཀའ་བློན་གྱི་གོ་ས་བཞེས་མྱོང་བའི་ཟུར་ཁང་སྲི་གཅོད་ཚེ་བརྟན་ (1766-1820) གྱི་རང་རྣམ་འཁྲུལ་མེད་ཅིག་མདོ་སྨད་ཁྲི་ཀའི་སྔགས་པ་ཞིག་གི་ལག་ན་ཉར་ཚགས་བྱས་ཡོད་ཅིང་། 2016 ལོར་བོད་རིག་པའི་ཞིབ་འཇུག་པ་ཚེ་རིང་བསམ་གྲུབ་དང་དཔལ་མགོན་ཐར་གཉིས་ཀྱིས་ཡུལ་དངོས་ནས་པར་བཤུ་བརྒྱབ་ཡོད། དེ་རྗེས་འབྲེལ་ཡོད་ཞིབ་འཇུག་པ་རེ་ཟུང་ལ་མཁོ་སྤྲོད་བྱས་ཡོད་ཀྱང་། དེ་ཙམ་གྱི་ཁྱབ་རྒྱ་མ་བྱུང་སྟེ་རྒྱ་ཆེའི་རིག་གཞུང་ཞིབ་འཇུག་པ་དང་བོད་ཡིག་འཛད་སྤྱོད་པ་རྣམས་ཀྱི་ལོངས་སྤྱོད་དུ་མ་གྱུར། 2017 ལོར་རིག་དགའ་ཤཱཀྱས་གློག་རྡུལ་རྣམ་ཐར་དེ་ཁོ་བོར་ཞིབ་འཇུག་གི་ཚུལ་དུ་མཁོ་སྤྲོད་བྱས་བྱུང་། དེ་རྗེས་ངེད་གཉིས་ཀྱིས་རྣམ་ཐར་འདིའི་རིན་ཐང་ཆེ་བར་མཐོང་ནས་ཞིབ་འཇུག་དང་གློག་ཀླད་དུ་ཕབ་པའི་སྟ་གོན་ཚུགས། ཕྱི་ལོ་ 2017 ནས་ 2018 བར་ཁོ་བོས་ཐེངས་མང་ཞུ་དག་བཏང་རྗེས། 2019 ལོའི་ཟླ་ 12 པར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་དངོས་སུ་པར་སྐྲུན་བྱས།
དང་པོ། རྣམ་ཐར་མ་དཔེ།
ཁྲི་ཀའི་སྔགས་པའི་ལག་ཏུ་ཡོད་པའི་མ་དཔེ་དེར་རྣམ་ཐར་སྟོད་སྨད་གཉིས་དང་། མཇུག་ཏུ་འཇམ་དབྱངས་བསྟོད་པ་བཅས་པའི་དོན་ཚན་གསུམ་ལས་གྲུབ་ཡོད། ཡིག་གཟུགས་ཁྱོན་ཡོངས་དཔེ་ཚུགས་ལམ་ནས་བྲིས་པ་དང་། སྣག་ཚའི་སྤྱོད་སྟངས་ཐད་གཞུང་ཡོངས་ཁ་མདོག་ནག་པོ་ཡིན་ཡང་། ཆོས་ཕྱོགས་ཐ་སྙད་གལ་འགངས་ཆེ་བ་དང་། ཞར་འདྲེན་ཡིག་སྐུར་ནང་དོན། ཡིག་མགོ །ཀ་བཤད་ཡིག་འབྲུ་བཅས་སྣག་ཚ་དམར་པོས་བྲིས་ཡོད། དེ་མིན་བོད་བརྒྱུད་ནང་བསྟན་དང་འབྲེལ་བའི་བླ་མ་མཁས་གྲུབ་དང་། སྐྱེས་ཆེན་དམ་པ། ཆོས་སྐྱོང་སྲུང་མ། དེ་བཞིན་ས་གནས་ཡུལ་མིང་དང་དགོན་སྡེ་ལྷ་ཁང་། ལས་ཁུངས་ཚན་པའི་མིང་སོགས་སྣག་ཚ་སེར་སྨུག་གིས་བྲིས་ཡོད། འོན་ཀྱང་སྐབས་རེ་སྣག་ཚ་སེར་དམར་གྱི་ནང་དོན་དང་འདྲ་ཤས་ཆེ། ཡིག་གཟུགས་ཆེ་ཆུང་ཐད་གཞུང་དངོས་གཅིག་མཚུངས་ཡིན་ཡང་། ཐོལ་བྱུང་ཚིག་བཅད་དང་ཞར་འདྲེན་ཡིག་སྐུར་གྱི་གསལ་བཤད་དང་། མཇུག་བསྡུའི་མཛད་བྱང་རྣམས་ཡིག་ཆུང་ཐོག་ནས་བྲིས་ཡོད།
རྣམ་ཐར་སྟོད་ཆ་《བཀའི་གུང་བློན་གྱི་འཁུར་འཛིན་པའི་རྟོགས་བརྗོད་བུང་བའི་མགྲིན་གླུ་》ལ་ལྡེབ་གྲངས་ 150 ཡོད། དཔེ་ཆའི་མཚན་བྱང་མཛེས་རིས་ཀྱིས་ལེགས་པར་བརྒྱན་ཡོད་ལ། མཆོད་བརྗོད་ཤོ་ལོ་ཀ་གཉིས་སཾ་བོད་རྒྱ་གསུམ་གྱི་ལམ་ནས་བྲིས་ཡོད་ཅིང། མཐའ་འཁོར་དུ་བཻ་ཌཱུརྱ་དང་ཙི་པ་ཊ་བཅས་པའི་དར་འཕན་དང་དོ་ཤལ་རི་མོས་བརྒྱན། ཞབས་བྱང་ལྷ་སྐུར་སྟོན་པ། ཇོ་བོ་རྗེ། རྗེ་བཙུན་མི་ལ། འཇིགས་མེད་གླིང་པ། ས་སྐྱ་ཀུན་དགའ་སྙིང་པོ། རྗེ་ཙོང་ཁ་པ། རྒྱལ་པཎ་གཉིས་བཅས་གྲུབ་མཐའ་རིས་སུ་མེད་པར་བཀོད་འདུག སྟོད་ཆ་ནི་ཟུར་ཁང་སྲི་གཅོད་ཚེ་བརྟན་རང་ཉིད་ཀྱིས་བརྩམས་པ་སྟེ། གཙོ་བོ་ཟུར་ཁང་ཁྱིམ་རྒྱུད་ཀྱི་འཕེལ་རིམ་དང་བཀའ་བློན་རང་ཉིད་ཀྱི་མི་ཚེའི་ལོ་རྒྱུས། དེ་བཞིན་སྐབས་དེའི་ཆོས་སྲིད་མི་སྣ་བར་བྱུང་བའི་ཡིག་སྐུར་འབྲེལ་འདྲིས་དང་། སྒེར་ངོས་ཀྱི་ཕྱག་མཆོད་ཉམས་ལེན་སོགས་ཡིན་ལ། མཇུག་ཏུ་ཤོག་ལྷེ་གཉིས་ཀྱི་ཞབས་བྱང་ལྷ་སྐུར་དཔལ་མགོན་བྲམ་ཟེ། དཔལ་ལྡན་ལྷ་མོ། དམ་ཅན། བཀྲ་ཤིས་ཚེ་རིང་མ་བཅས་འཁོད་འདུག འོན་ཀྱང་མཇུག་གི་ཤོག་ལྷེ་གཅིག་གི་ནང་དོན་གོང་དང་གཅིག་མཚུངས་ཡིན་ཡང་ལྡེབ་གྲངས་བཀོད་མེད་པར་རང་སོར་བཞག་འདུག གོང་འོག་ཡིག་གཟུགས་ལ་བརྟགས་ན་དེ་ནི་རྣམ་ཐར་གོང་དང་ཡིག་མཁན་གཅིག་ཡིན་འདུག་ཀྱང་། ཕྱིས་སུ་ཞབས་བྱང་ལྷ་སྐུ་གསར་སྣོན་བྱས་པའི་ཤོག་ལྷེ་དེས་བརྗེས་ཡོད་པར་རྟོགས་ཐུབ།
རྣམ་ཐར་སྨད་ཆ་《བཀའ་ཟུར་ཟུར་ཁང་པ་བློ་བཟང་ཆོས་འབྱོར་བསྟན་འཛིན་རྒྱ་མཚོའི་རྣམ་ཐར་སྨད་ཆ་སློབ་བུ་རྣམས་ནས་ཕྱོགས་སྡེབས་སུ་བགྱིས་པ་ཚངས་པའི་དྭངས་ཐིག་》ལ་ལྡེབ་གྲངས་ 21 ཡོད་ཅིང་། གཡས་གཡོན་དུ་བཀྲ་ཤིས་རྟགས་བརྒྱད་ཀྱིས་བརྒྱན་ཡོད། འདི་ནི་སྲི་གཅོད་ཚེ་བརྟན་སྐུ་ཚེའི་འཕེན་པ་རོགས་རྗེས་ཁོང་གི་སློབ་མ་རྩེ་ཆོས་དགེ་སློང་སྐལ་བཟང་རབ་རྒྱས་ནས་སྐུལ་མ་མཛད་དེ། སྲས་ཚེ་བརྟན་རྡོ་རྗེ་དང་གཡུ་རྒྱལ་རྡོ་རྗེ་རབ་བརྟན། གཟིམ་ཚེ་དབང་ཕུན་ཚོགས་བཅས་ནས་གང་དེ་བཀའ་བློན་ནས་དགོངས་པ་ཞུས་རྗེས་རབ་ཏུ་བྱུང་བའི་རྣམ་ཐར་མཇུག་འཕྲོ་རྣམས་ཕྱོགས་སྒྲིག་མཛད་པ་ཞིག་ཡིན་པ་དང་། བློ་བཟང་ཆོས་འབྱོར་ནི་སྲིད་གཅོད་ཚེ་བརྟན་གྱི་ཆོས་མིང་དང་། ཡི་གེ་པ་ནི་སྲས་ཚེ་བརྟན་རྡོ་རྗེ་ཡིན། [1]མཇུག་ཏུ་དུས་རབས་ཉི་ཤུའི་ནང་ཟུར་ཁང་མི་རྒྱུད་རྣམས་ཀྱིས་བྲིས་པའི་《རྗེ་བཙུན་འཇམ་དབྱངས་ལ་བསྟོད་པ་དད་པའི་གེ་གསར་མངོན་པར་འཛུམ་པའི་པད་དཀར་ཆུན་འཕྱངས་》ཞེས་པ་ཤོ་ལོ་ཀ་བཅུ་དྲུག་ཅན་གྱི་ཤོག་ལྷེ་གསུམ་ཞིག་བསྣན་ཡོད། དེའི་གོང་གི་ཤོ་ལོ་ཀ་བརྒྱད་ནི་ཟུར་སྲས་པདྨ་དབང་ཆེན་ (1917-1940) གྱིས་ 1940 ལོར་བྲིས་པ་དང་། ལོ་དེར་ཁོ་རང་གཤེགས་རྗེས་དབང་ཆེན་ཚེ་བརྟན་ (1891-1953) གྱིས་མཇུག་གི་ཤོ་ལོ་ཀ་བརྒྱད་དེ་ཁ་སྐོང་བྱས་ཡོད།
གཉིས་པ། ཟུར་ཁང་ཁྱིམ་རྒྱུད།
རྣམ་ཐར་འདིར་འཁོད་པར་གཞིགས་ན། ཟུར་ཁང་མི་རྒྱུད་ནི་ལྷ་བླ་མ་བྱང་ཆུབ་འོད་ནས་ཉེ་བར་བརྒྱུད་པའི་མངའ་རིས་གུ་གེ་ཆོས་རྒྱལ་གྱི་རིགས་ལས་ཟུར་དུ་ཆད་པས་ན་འཕྲེང་སྒོ་ཟུར་ཁང་པ་ཞེས་མིང་དུ་ཆགས་ཟེར་བ་དང་།[2] དེ་ནི་ཆེ་འདོད་ཀྱི་ཚུལ་དུ་སྨྲས་པ་ཡིན་ནམ། ཡང་ན་དངོས་སུ་དེའི་མཆེད་རྒྱུད་ཡིན་མིན་བཤད་པར་དཀའ། ཡང་བཤད་ཚུལ་གཞན་ཞིག་ལ་ལྷ་སའི་ཟུར་ཁང་གཟིམས་ཤག་ནི་བར་སྐོར་ཤར་ལྷོའི་མཚམས་སུ་ཡོད་པས་ན་ཟུར་ཁང་ཞེས་མིང་ཐོགས་སོ་ཟེར།
1993 ལོར་བར་སྐོར་གྱི་ཁང་པ་དེ་བཤིགས་ནས་གསེར་ཁང་ཁྲོམ་ར་(赛康商场)བརྒྱབ། གསེར་ཁང་ཞེས་པའི་མིང་ཡང་སྐབས་དེའི་ཟུར་ཁང་གི་སྒྲ་ཟུར་འཛིན་ཡོད་སྐད། དེའི་ཤར་ངོས་ཀྱི་བརྩིགས་པའི་མཚམས་སུ་ལྷ་མོ་ལོ་གྱོན་མའི་སཙྪ་ཁང་ཞིག་ཡོད་པ་དེ་ད་ལྟ་ཡང་མཇལ་རྒྱུ་ཡོད།
ལུའུ་སི་ཡི་ནོ་པཱ་ཐེ་ཁེ་(Luciano Petech, 1914-2010)ཡིས་ཟུར་ཁང་དབང་ཆེན་དགེ་ལེགས་ཀྱི་ཡི་གེའི་ནང་དུ་འཁོད་པ་ལྟར། ཟུར་ཁང་ཁྱིམ་རྒྱུད་ནི་༸རྒྱལ་མཆོག་སྐུ་ཕྲེང་བཞི་པའི་སྤུན་མཆེད་ཀྱི་རིགས་རྒྱུད་ཡིན་ཞེས་བཤད་ཡོད་ཀྱང་།[3] དེར་ཁུངས་དག་གི་དཔྱད་གཞི་གང་ཡང་བཀོད་མེད། འོན་ཀྱང་རྣམ་ཐར་འདིའི་ནང་འཁོད་པའི་ཟུར་ཁང་ཁྱིམ་རྒྱུད་ཀྱི་མི་སྣ་སྔ་ཤོས་ནི་༸རྒྱལ་མཆོག་སྐུ་ཕྲེང་ལྔ་པའི་སྐབས་སུ་བྱུང་བའི་ཟུར་ཁང་པ་གུ་ཡང་ཁ་ཤ་ཁ་ཟེར་བ་ཞིག་ཡིན་པ་དང་། གང་དེས་གཞུང་ས་ཆེན་པོའི་ཞབས་པད་བགྱིས་པ་དང་། ལྷོ་མོན་གཡུལ་འདྲེན་ནང་ཞུགས་ནས་རྫོང་ཁ་ཤས་ཚུར་བླངས་པའི་བྱས་རྗེས་བཞག་རྐྱེན། བསམ་གྲུབ་སྒང་དང་ཁུ་རིང་། སྣེའུ། སྤང་ཆུང་། དགོན་གསར་སོགས་འདོན་བཅུ་སྐོར་ཟུར་ཁང་པར་ཇི་སྲིད་བར་གཏན་འཇགས་སུ་གཟིགས་གཟོས་སྩལ་ཅེས་འཁོད།[4]
དེ་བཞིན་《མི་དབང་རྟོགས་བརྗོད་》ནང་གསལ་བར། ཟུར་ཁང་གུ་ཡང་ཁ་ཤ་ཁ་ཟེར་བ་ཞིག་ཕོ་ལྷ་ཐའི་ཇི་དང་བཱ་རིང་ཐའི་ཇི། མདོ་མཁར་བ། འབུམ་ཐང་པ་དང་མཉམ་དུ་རྒྱལ་པོ་ལྷ་བཟང་ཧན་གྱི་བཀའ་མངགས་འོག་བོད་འབྲུག་དམག་འཁྲུག་[5] ནང་ཞུགས་པ་འཁོད།[6] འོན་ཀྱང་《མི་དབང་རྟོགས་བརྗོད་》ནང་ཟུར་ཁང་གུ་ཡང་ཁ་ཤ་ཁའི་མིང་ཐེངས་གཅིག་ལས་མི་གསལ། དེར་བརྟེན། སྐབས་དེར་རིམ་པ་དམའ་བའི་འགོ་པ་ཞིག་ཡིན་ཤས་ཆེ། དེ་ཕུད་ཟུར་ཁང་པའི་རབ་བྱུང་བ་ཞིག་༸རྒྱལ་མཆོག་ལྔ་པ་ཆེན་མོའི་མགྲོན་གཉེར་ཆེན་མོའི་གོ་སར་ཞུགས་ཏེ་ཞབས་ཕྱི་ལེགས་པར་ཞུས་སྟབས། ཕྱིས་སུ་ཞོལ་མགྲོན་གཉེར་ཤག་ཅེས་གཙང་གྲས་སུ་སྩལ། དེ་ནས་རིམ་པར་བརྒྱུད་དེ་མེས་པོ་ལྷ་དབང་དར་རྒྱས་ཞུ་བའི་སྐབས་ནང་མའི་ལས་ཚན་དང་བཀའ་ཤག་མགྲོན་གཉེར་གྱི་ལས་ཁུར་མཛད་དེ་མཁར་ཐོག་སྲས་མོ་ཚེ་དབང་ལྷ་མོ་ཞེས་པ་ཁབ་ཏུ་བཞེས་ནས་སྲི་གཅོད་ཚེ་བརྟན་གྱི་ཡབ་ལྷ་རྒྱལ་རབ་བརྟན་འཁྲུངས།[7]
སྲི་གཅོད་ཚེ་བརྟན་གྱི་ཡུམ་གྱི་མཚན་ལ་བསོད་ནམས་དཔལ་འཛོམ་ཞུ་ཞིང་། ཡོང་ཁུངས་ནི་མཁས་པ་ཡེ་བཟང་རྩེ་པའི་[8]ཉེ་བརྒྱུད་རྩེ་མཆོད་མཆོད་དཔོན་ངག་དབང་ཤེས་རབ་བྱ་བ་ནས་༸རྒྱལ་མཆོག་ལྔ་པ་ཆེན་པོར་རང་ཉིད་སྐྱ་ཚ་འདུག་སའི་བསྟི་གནས་ཤིག་གསར་དུ་བསྐྲུན་འདོད་ཀྱི་རེ་ཞུ་ལྟར་བཀའ་འཁྲོལ་དང་རབ་གནས་ཐོབ་པའི་ཁེ་གསུམ་གཞིས་ཀ་ནས་ཡིན་པ་དང་།[9] རྣམ་ཐར་ནང་ཡུམ་གྱི་རྒྱུད་ལ་སོག་རིགས་འདྲེས་ཚུལ་འཁོད་ཡོད་ཅིང་། གོང་མ་ཁཱང་ཞི་སྐབས་སོག་པོའི་ཅང་ཇུན་ཆེན་མོ་ཨེ་བུས་པ་ལི་(额驸阿宝)[10]ཡར་ཀླུང་དུ་གནས་སྐོར་ལ་སྐྱོད་སྐབས་ཁེ་གསུམ་པའི་བུ་མོ་ཕུན་ཚོགས་སྒྲོལ་མ་དང་བཟའ་ཚོར་གྱུར་ནས་སྲས་མོ་རྡོ་རྗེ་རྒྱལ་མོ་འཁྲུངས། དེ་དང་ཕྱིས་སུ་རི་བོ་ཆོས་གླིང་གི་གྲྭ་པ་བློ་བཟང་འཕྲིན་ལས་མཐུན་རྗེས་སྲི་གཅོད་ཚེ་བརྟན་གྱི་ཡུམ་བསོད་ནམས་དཔལ་འཛོམས་སོགས་འཁྲུངས། འོན་ཀྱང་སྐབས་དེར་ཁེ་གསུམ་པར་གཞིས་འཛིན་སྐྱེས་པའི་རིགས་མེད་རྐྱེན་ཟུར་ཁང་པ་དང་གཉེན་སྒྲིག་རྗེས་གཞིས་ཀ་གཉིས་གཅིག་ལྕོགས་སུ་གཉེར།[11]
ཟུར་ཁང་གི་ཁྱིམ་གཞིས་འཕྲེང་སྒོ་དགའ་ལྡན་གླིང་གཞིས་ཀའི་ཆགས་ཡུལ་ནི། དེང་དུས་སྣེ་གདོང་རྫོང་འཕྲེང་སྒོ་ཤང་འཕྲེང་སྒོ་གྲོང་ཚོར་ཡིན། ད་ཆ་ཟུར་ཁང་གཞིས་ཀའི་ཤུལ་ཙམ་ཡང་བསྡད་མེད་ལ། ཡུལ་མི་རྣམས་ཀྱིས་ཕལ་ཆེར་ས་ཚོད་བྱེད་རྒྱུ་ལས་མ་འདས། ཁེ་གསུམ་གཞིས་ཀའི་ཆགས་ཡུལ་ནི། སྣེ་གདོང་རྫོང་ཁྲ་འབྲུག་གྲོང་བརྡལ་ཁེ་གསུམ་གྲོང་ཚོའི་མི་དམངས་ཐང་ཆེན་དུ་ཡིན། ཁེ་གསུམ་གྲོང་ཚོར་བོད་ཀྱི་དམངས་གཙོ་བཅོས་བསྒྱུར་གྲོང་ཚོ་དང་པོ་བྱ་བའི་འགྲེམས་སྟོན་ཁང་ཞིག་བཙུགས་ཡོད་པ་དང་། དེའི་རྒྱབ་ལོགས་སུ་སྔར་གྱི་གཞིས་ཀའི་གྱང་ཤུལ་ཁ་ཤས་ཀྱང་ད་ཆ་མཐོང་རྒྱུ་ཡོད།
༸རྒྱལ་མཆོག་ལྔ་པའི་སྐབས་ཀྱི་ཟུར་ཁང་གུ་ཡང་ཁ་ཤ་ཁ་ནས་ཟུར་ཁང་དབང་ཆེན་དགེ་ལེགས་བར་བརྩིས་པའི་ལོ་ངོ་ 245 ཡི་ནང་ཟུར་ཁང་ཁྱིམ་རྒྱུད་ཀྱིས་གཞུང་སའི་ཞབས་པད་ཤ་སྟག་བགྱིས་ཡོད་ལ། པཱ་ཐེ་ཁེ་ཡི་ཞིབ་འཇུག་ལྟར་གཞིགས་ན་ཁྱིམ་རྒྱུད་ནང་བཀའ་བློན་གྱི་གོ་ས་ཐོབ་པའི་མི་སྣ་བཞི་བྱུང་ཡོད། དེ་ནི་ཟུར་ཁང་སྲིད་གཅོད་ཚེ་བརྟན་ (1766-1820) དང་། ཟུར་ཁང་ཚེ་བརྟན་རྡོ་རྗེ། (?-1844)[12] ཟུར་ཁང་བསོད་ནམས་དབང་ཆེན། (?-1901)[13] ཟུར་ཁང་དབང་ཆེན་དགེ་ལེགས་ (1910-1977)[14] བཅས་ཡིན།
གསུམ་པ། ཟུར་ཁང་སྲི་གཅོད་ཚེ་བརྟན།
ལུའུ་སི་ཡི་ནོ་པཱ་ཐེ་ཁེ་(Luciano Petech, 1914-2010)ཡི་བོད་ཀྱི་སྐུ་དྲག་ཞིབ་འཇུག་ནང་སྲི་གཅོད་ཚེ་བརྟན་གྱི་ལོ་རྒྱུས་རབ་རིབ་ཙམ་ལས་འཁོད་མེད།[15] ད་དུང་ཁོང་གིས་སྲིད་གཅོད་ཚེ་བརྟན་གྱི་མིང་ནི་དབང་ཆེན་དགེ་ལེགས་ཀྱིས་སྤྲིངས་པའི་ཡི་གེའི་ནང་མ་གཏོགས་ད་ཡོད་དཔྱད་གཞིའི་ནང་མ་མཇལ་ཞེས་སྨྲས་ཡོད། འོན་ཀྱང་རྣམ་ཐར་འདིར་གསལ་བར། ཟུར་ཁང་སྲི་གཅོད་ཚེ་བརྟན་ནི་ 1766 ལོར་བལྟམས་པ་དང་། ལོ་བརྒྱད་དགུར་སོན་སྐབས་ལྷ་ལྡན་དུ་ཁེ་གསུམ་པའི་དྲུང་ཡིག་ཚེ་དབང་ཕུན་ཚོགས་དགེ་རྒན་ལ་བསྟེན། ལོ་བཅུ་བདུན་སྐབས་ཤག་བྱང་བུ་མོ་བརྒྱ་བྱིན་མདུན་ཐབས་སུ་བསུས། ཐོག་མར་གཞུང་སར་བཞུགས་རྗེས་རྫོང་ཁག་ལ་ཁྲལ་སྡུད་བཀར་རྒྱའི་ལས་ཀར་བསྐྱོད། ས་སྤྲེལ་ (1788) ལོར་འཕྱོངས་རྒྱས་འཕྱིང་བ་སྟག་རྩེའི་ཡོང་སྡུད་དུ་བསྐྱོད། ས་བྱ་ 1789 ལོའི་ཟླ་བཅུ་པའི་ནང་བོད་བཞུགས་ཨམ་བན་གྱི་བཀའ་བཞིན་བྲག་གཡབ་དུ་གོང་མའི་དངུལ་དོས་གཡོར་ཆེན་པོའི་གདོང་བསུར་བསྐྱོད། ལྕགས་ཁྱི་ལོར་ (1790) གྲི་གུར་ཡོང་སྡུད་དུ་བསྐྱོད།
དེ་རྗེས་རྫོང་སྡོད་ཀྱི་ལས་རིམ་འགོ་ཚུགས། ཤིང་སྟག་ལོར་ (1794) དར་མ་རྫོང་[16]དུ་གཞིས་སྡོད་བྱས། མེ་སྦྲུལ་ལོར་ (1796) རྒྱལ་རྩེ་དང་ལྷུན་རྩེར་རྫོང་སྡོད་བྱས། དེ་རྗེས་རྫོང་སྡོད་ནས་དགོངས་པ་ཞུས་རྗེས་ཨ་ཁུ་སྐལ་བཟང་རབ་བརྟན་མཆོག་ནས་བཀའ་ཤག་མགྲོན་གཉེར་གྱི་གོ་ས་ཞུ་རྩིས་བྱས་ཀྱང་། ཆོས་སྐྱོང་མདུན་དུ་མོ་ལུང་ཞུས་པ་ལྟར་དམག་གི་འགོ་བྱེད་ལས་སྣེར་ཞུགས། དེ་རྗེས་ལྕགས་སྤྲེལ་ལོར་ (1800) བརྒྱ་དཔོན་གྱི་གོ་སར་གནས་འཕར་བྱུང་། ལྕགས་བྱ་ལོར་ (1802) རུ་དཔོན་གྱི་གནས་འཕར་ཏེ་དྲུང་དྲག་གི་གྲས་སུ་ཚུད།
འདིར་ཞུ་དགོས་པ་ཞིག་ལ་སྲི་གཅོད་ཚེ་བརྟན་གྱི་ཨ་ཁུ་སྐལ་བཟང་རབ་བརྟན་ལ་ལྷ་སྐྱོང་ང་བརྒྱད་པར་ (1797) དབུས་མདའ་དཔོན་གྱི་གོ་ས་དང་རིམ་པ་བཞི་པའི་ཏོག་ཐོབ། དེ་རྗེས་ཨ་ཁུ་སྙུང་གཞིས་རྐྱེན་པས་དགོངས་ཞུ་བྱས། དེའི་ཕ་ཤུལ་བུ་འཇགས་ཚབ་ཏུ་སྲི་གཅོད་ཚེ་བརྟན་བཅཱ་ཆེན་ཁྲི་བཞུགས་བདུན་པའི་ཟླ་གཉིས་པའི་ (1802)[17] ནང་མདའ་དཔོན་དུ་བསྐོས།[18] བཅཱ་ཆེན་ཁྲི་བཞུགས་དགུ་པར་ (1804) བཀའ་བློན་གྱི་གོ་ས་ཐོབ། ལོ་དེའི་ཟླ་བ་བརྒྱད་པའི་ནང་བོད་བཞུགས་ཁིན་ཨམ་བན་ (成 林) དང་ལྷན་དུ་གཙང་ཁུལ་དུ་ས་མཚམས་སྐོར་གཡེང་ལ་བསྐྱོད། ལྕགས་རྟ་ (1810) ལོའི་ཟླ་བདུན་པའི་ནང་གཡང་ཨམ་བན་ (阳 春) གི་བཀའ་བཞིན་གཙང་ཁུལ་དུ་འཛུམ་ལི་ཁ་སའི་[19]མི་གསུམ་བྲོས་པ་དེ་འཛིན་བཟུང་དུ་སོང་། 1813 ལོར་༸རྒྱལ་དབང་གིས་གསེར་མཇལ་གནང་། ལོ་དེར་པཎ་ཆེན་ལྷ་སར་བྱོན་པ་དང་ཞབས་བཅར་ཞུས། 1814 ལོའི་ཟླ་བདུན་པར་ན་བའི་ཚུལ་གྱིས་བཀའ་ཤག་ལ་དགོངས་ཞུའི་སྙན་ཞུ་ཕུལ། 1815 ལོའི་ཟླ་དང་པོར་གོང་མའི་བཀའ་ལན་འབྱོར་ནས་དངོས་སུ་དགོངས་པ་ཞུས། 1815 ལོའི་ཟླ་བདུན་པའི་ཚེས་ཉེར་གཅིག་ཉིན་རྒྱལ་ཚབ་བློ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོའི་[20]དྲུང་ནས་རབ་བྱུང་སྡོམ་པ་བཞེས། ཆོས་མིང་ལ་བློ་བཟང་ཆོས་འབྱོར་བསྟན་འཛིན་རྒྱ་མཚོ་ཞེས་གསོལ། 1820 ལོའི་ཟླ་བཅུ་གཅིག་གི་ཚེས་ཉེར་གཅིག་ཉིན་དགོངས་པ་རྫོགས།
བཞི་པ། འབྲེལ་ཡོད་མི་སྣ་དང་ལོ་རྒྱུས་དོན་རྐྱེན་འགའ།
གཅིག རྣམ་ཐར་ནང་འཁོད་པའི་འབྲེལ་ཡོད་མི་སྣ།
རྣམ་ཐར་ནང་བཀའ་བློན་དང་གྲུབ་མཁའ་ཁག་གི་མི་སྣ་དགུ་ཙམ་དང་བྱུང་བའི་ཆོས་ཞུའི་ཡི་གེ་ཟིན་བྲིས་སུ་བཀོད་ཡོད། དེ་དག་ནི་ཞབས་དཀར་ཚོགས་དྲུག་རང་གྲོལ་དང་། ཀློང་རྡོལ་བླ་མ་ངག་དབང་བློ་བཟང་། སྐུ་ཞབས་ཁྲི་སྨོན་རིན་པོ་ཆེ། མཆོག་སྤྲུལ་རིན་པོ་ཆེ། སེམས་དཔའ་རིན་པོ་ཆེ་བློ་བཟང་བཤེས་གཉེན་གྲགས་པ། རྡོར་བྲག་རིག་འཛིན་ཆེན་མོ། དངོས་སྡིང་མཚམས་པ་ཀུན་དགའ་ཚེ་མགོན། ཚངས་སྤྱོད་དགེ་བསྙེན་རྡོ་རྗེ་རྣམ་རྒྱལ། འབྲུག་སྨྱོན་བསྟན་འཛིན་འབྲུག་རྒྱལ་སོགས་དང་། དེ་མིན་༸རྒྱལ་མཆོག་སྐུ་ཕྲེང་བརྒྱད་པ་དང་པཎ་ཆེན་སྐུ་ཕྲེང་དྲུག་པ། དེ་མོ་ཧོ་ཐོག་ཐུ་བཅས་ཀྱི་གམ་ནས་ཞར་ཞོར་ལ་ཆོས་ཀྱི་བཀའ་སློབ་ཞུས་ཡོད། དེའི་ནང་ནས་པཎ་ཆེན་སྐུ་ཕྲེང་དྲུག་པར་བསྟོད་བསྔགས་ཡང་ཡང་ཕུལ་ཡོད་དེ། “ཆོས་དང་འཇིག་རྟེན་གང་ལའང་སྤྱན་རས་ཀྱི་གཟིགས་པ་ཡངས་ཤིང་། སྐུ་འདྲ་དང་རོལ་ཆའི་རིགས། གོས་དར། དགྲ་ཆས། རྟ་དང་སྲོག་ཆགས་ཀྱི་རིགས་ཚང་མའི་དཔྱད་པ་ལ་ཤིན་ཏུ་ནས་ཐུགས་སུ་མངའ་བ་ཞིག་ཡིན་འདུག” ཅེས་པ་དང་།[21] ད་དུང་བཀའ་བློན་བཤད་སྒྲ་དང་རྡོ་རིང་ཕ་བུ་ལ་བསྐུར་བའི་ཡིག་སྐུར་ཡང་བཀོད་ཡོད། རྡོ་རིང་ཡབ་རྗེར་ཕུལ་བའི་གངྒཱའི་རྒྱུན་བཟང་ཞེས་པའི་ནང་འཁོད་པར།[22] “དཎྜིའི་གཞུང་ལུགས་རྒྱ་མཚོར་བཞུགས་པ་ལ། །དེང་སང་ཐེག་ཆེན་གྲུ་གཟིངས་ཁྱེད་ཙམ་དཀོན། །ནང་དོན་རིག་པའི་མཁའ་ལམ་བགྲོད་བྱེད་ན། །མཁས་དབང་རྡོ་རྗེའི་ར་ལྡན་ཁྱེད་ལས་སུ། །”[23] ཞེས་རྡོ་རིང་པཎྜི་ཏའི་ཟབ་ཡངས་ཡོན་ཏན་ལ་མངོན་པར་བསྟོད་ཡོད། ད་དུང་ཟུར་ཁང་གི་ཡི་གེ་གཅིག་ནང་རྡོ་རིང་ཞབས་པད་ནག་ཆུར་མི་གསོད་ཞིབ་དཔྱོད་དུ་བསྐྱོད་པའི་སྐབས། རྒྱ་སྡེ་ཕྱོགས་ལ་ཐལ་ཆེ་ན་མི་ལེགས་པའི་ཐུགས་ཁུར་དང་མངགས་ཆ་བྱས་ཡོད་པས། དེ་ནི་རྡོ་རིང་བསྟན་འཛིན་དཔལ་འབྱོར་གྱི་བུ་མི་འགྱུར་བསོད་ནམས་དཔལ་འབྱོར་ཡིན་དགོས། པྰ་ཐེ་ཁེ་ཡི་ཞིབ་འཇུག་ལྟར་ན་ཁོང་ནི་ 1809 ནས་ 1810 བར་ནག་ཆུར་བསྐོར་བསྐྱོད་དུ་ཕྱིན་ཡོད།[24]
གཉིས། སྐབས་དེའི་ལོ་རྒྱུས་དོན་རྐྱེན་གནད་འགག་ཆེ་བ་འགའ།
  1. ༸རྒྱལ་དབང་སྐུ་ཕྲེང་བརྒྱད་པ་ཞིང་ལ་ཕེབས་པའི་གནས་ཚུལ་དང་སྐུ་གདུང་གི་རྗེས་འཇུག་སྟེ། ཐོག་མར་༸རྒྱལ་དབང་ཉིད་ཆམ་ནད་ཕོག་སྟེ་བཀའ་བློན་ཟུར་ཁང་དང་བཅས་འཚམས་ཞུར་བསྐྱོད། དེ་རྗེས་ཤིང་བྱ་ལོ་སྟེ་ 1804 ལོའི་ཟླ་ 10 པའི་ཚེས་ 18 ཉིན་དངོས་སུ་དགོངས་པ་རྫོགས། དེ་ནས་རིམ་གྲོ་རྒྱ་ཆེར་སྒྲུབ་པ་ཕུད། སྐུ་གདུང་རིལ་པོར་བཞུགས་པའམ་ཞུགས་འབུལ་གྱི་ཐད་ཐག་མ་ཆོད་པར་གྲོས་གླེང་མང་ཙམ་བྱུང་བ་མ་ཟད། དཔལ་ལྡན་ལྷ་མོའི་མདུན་དུ་ཐུགས་རྟགས་ཞུ་རྩིས་བྱས་ཀྱང་། མཐར་སེ་འབྲས་ཀྱི་དགོངས་འདོད་ལྟར་སྐུ་གདུང་རིལ་པོར་བཞུགས། འདི་ནས་རྟོགས་ཐུབ་པ་ཞིག་ལ། སྐབས་དེར་༸རྒྱལ་དབང་མཆོག་གི་སྐུ་གདུང་རྗེས་འཇུག་ཐད་རིལ་པོར་བཞུགས་པའམ་ཞུགས་འབུལ་གྱི་ཐད་གཏན་འཇགས་ལམ་ལུགས་ཆགས་མེད་པར་སྣང་།
  2. རྒྱལ་ཚབ་སྲིད་སྐྱོང་ཐད་རྟ་ཚག་རིན་པོ་ཆེ་བསྐོས་ཡོད་པ་སྟེ། སྔར་དུས་ལོ་ངོ་བཅུ་བཞི་ཙམ་གྱི་སྲིད་སྐྱོང་ཉམས་མྱོང་ཡོད་རྐྱེན་བཀའ་བློན་རྣམས་ཀྱི་རེ་ཞུ་ལྟར། གོང་མའི་བཀའ་ལུང་འབྱོར་ནས་རྟ་ཚག་སྐུ་ཕྲེང་བརྒྱད་པ་ཡེ་ཤེས་བློ་བཟང་བསྟན་པའི་མགོན་པོར་ (1759-1810) ཆོས་སྲིད་ཀྱི་འགན་སྩལ། དེའི་རིང་གོས་ཥས་འབྲས་ལྗོངས་སུ་བཙན་འཛུལ་བྱས་པ་རྣམ་ཐར་ནང་ཅུང་ཙམ་གསལ། དེ་རྗེས་ 1810 ལོའི་ཟླ་ 12 པའི་ཚེས་ 30 ཉིན་རྟ་ཚག་རིན་པོ་ཆེ་དགོངས་པ་རྫོགས། དེ་ནས་ 1811 ལོའི་ཟླ་ 3 པའི་ཚེས་ 16 ཉིན་གོང་མའི་གསེར་ཡིག་འབྱོར་ནས་དེ་མོ་ཧོ་ཐོ་ཐུ་རྒྱལ་ཚབ་ཏུ་བསྐོས། ལོ་དེའི་ཟླ་ 4 པའི་ཚེས་ 11 ཉིན་ཁྲི་འདོན་བྱས།
  3. ཟུར་ཁང་བཀའ་བློན་༸རྒྱལ་མཆོག་སྐུ་ཕྲེང་དགུ་པའི་ (1805-1815) ཁྲི་འདོན་མཛད་སྒོར་ཞུགས་ཡོད་པ་དང་། དེར་ཞབས་བརྟན་མཎྜལ་གྱི་རྟེན་འབྲེལ་བཤད་པ་ཕུལ།
  4. ད་དུང་བོད་སྐྱོད་ཨམ་བན་གྱི་ཕུལ་བྱུང་མཛད་སྤྱོད་སྐོར་འཁོད་པ། དཔེར་ན། “ཁིས་ཨམ་བན་ཆེན་པོས་ཀྱང་ཕེབས་བྱམས་ཀྱི་འགྲམ་ནས་བཀའ་བློན་དང་ཚུགས་ཟིན་ཞིང་། མི་སེར་ལ་བྱམས་སྐྱོང་ཆེ་བ་ཡོད་འདུག་པས། ད་དུང་མི་སེར་ཐོག་རྒྱ་བོད་ནས་ཟ་གོའི་རིགས་བྱེད་མ་འཇུག །ངོས་ཀྱི་གཡོག་རྣམས་ལའང་གྲོ་ཆས་ཀྱི་མཐུན་རྐྱེན་མ་འཚེམས་པའི་ཐོག་ནས་ཕན་ཚུན་ཚང་མ་ཉེ་སྙོམས་དང་མ་གིས་ཞེས་ཡང་ཡང་བཀའ་ཕེབས”[25] ཞེས་པ་ལྟ་བུ་ལས། སྐབས་དེའི་ཨམ་བན་གྱི་དྲང་ཚུགས་དང་བྱམས་བརྩེའི་རང་བཞིན་གྱིས་བཀའ་བློན་གྱི་ཡིད་སེམས་འགུལ་བར་གྱུར་ཞིང་། དེ་ནི་ཆིང་རྒྱལ་རབས་སྐབས་ཀྲུང་དབང་སྲིད་གཞུང་གིས་བོད་སྐྱོང་གི་མཛད་ཇུས་ཐད་སྔོན་ཐོན་རང་བཞིན་གྱི་ཚབ་མཚོན་ལྟ་བུ་ཡིན་པ་སྨྲོས་མི་དགོས་སོ།།
ལྔ་པ། བཀའ་བློན་དང་ཁ་ཆེའི་ཆོས་དཔོན་བར་གྱི་གླེང་མོལ།
རྣམ་ཐར་འདིའི་ནང་ཟུར་ཁང་སྲི་གཅོད་ཚེ་བརྟན་དང་ལྷ་སའི་དབྱི་སི་ལན་ལྷ་ཁང་གི་བླ་མ་ཏ་ཁིན་གཉིས་བར་བྱུང་བའི་གླེང་མོལ་དུམ་བུ་ཞིག་འཁོད་ཡོད་དེ། སྐབས་དེར་ལྷ་སའི་ཁ་ཆེའི་དུས་སྟོན་སྐབས་བོད་རིགས་མཐོ་རིམ་མི་སྣ་གདན་འདྲེན་ཞུ་སྲོལ་ཡོད་པ་སྟེ། ལྷ་སའི་ཁ་ཆེ་འགོ་པ་རྣམས་ཀྱིས་ཁ་ཆེ་ལྷ་ཁང་དུ་ཞག་ཤས་སྡོད་དགོས་པའི་མགྲོན་འབོད་བྱས་པ་ལྟར། ཁ་ཆེའི་ལུགས་སྲོལ་གྱི་ཞིམ་ཟས་ལོངས་སུ་སྤྱད། དེ་ནས་ཁོ་ཚོ་ནི་བཟའ་བཏུང་དུས་ཚོད་ལ་བསྟུན་པ་ལས་རང་རེ་བོད་ལུགས་ལྟ་བུར་མངར་སྐྱུར་སྣ་ཚོགས་འཕོ་བར་མི་འཇུ་བར་ནན་ཏན་ཆེན་པོས་ཨུ་ཚུགས་བྱེད་པ་སོགས་གཏན་ནས་མེད་པས། ལུས་སེམས་དལ་སྡོད་ཀྱིས་སྐྱིད་ཚོར་ཆེ་བ་བྱུང་ཞེས་བརྗོད་ཡོད། [26]རྩོམ་པ་པོས་བཟའ་བཏུང་སྟོན་མོའི་ལུགས་སྲོལ་ཐད་རང་རེ་བོད་དང་བསྡུར་ནས་སྒེར་ངོས་ཀྱི་བག་ཆགས་རྣམས་ཇི་བཞིན་སྲོང་པོར་བྲིས་འདུག་སྟེ། དུས་ད་ལྟའང་ཕན་ལྟ་བུཪ་དེ་ནི་ཅི་མི་བདེན་ཨང་སྙམ་པའི་ཡིད་རྟོན་འཕེལ་བའི་གནས་སོ།།
ཁ་ཆེའི་མགྲོན་འབོད་སྐབས་སུ་འདི་ལྟར་འཁོད་འདུག་སྟེ། བཀའ་བློན་ཁོང་ཉིན་ལྟར་ཁ་ཆེའི་བླ་མའི་དྲུང་དུ་ཕྱིན་ཏེ་རྒྱ་གར་གྱི་ལོ་རྒྱུས་ཁྱད་མཚར་བའི་རིགས་ལ་ཉན་པ་དང་། ཉིན་ཅིག་ཁ་ཆེའི་བླ་མ་ཏ་ཁིན་ལག་པའི་གྲུ་མོ་བཙུགས་ཏེ་འབོལ་ལེར་བསད་འདུག་པ་དང་། བཀའ་བློན་ཡ་མཚན་སྐྱེས་ནས་ཁྱེད་རང་ཁ་འདོན་ཡང་མི་བྱེད། གཉིད་འདྲ་ཡང་མི་ལོག །གང་བྱེད་ཀྱི་ཡོད་ཅེས་དྲིས་པཪ། ཁ་ཆེའི་བླ་མས་མེ་ཏོག་ལ་ལྟད་མོ་ལྟ་ཡི་ཡོད་ཅེས་བཤད་པ་དང་། ཁ་ཆེའི་བླ་མས་འཁོར་བའི་ཆོས་ཐམས་ཅད་མེ་ཏོག་དང་འདྲ། སེམས་ཉིད་འདི་མེ་ཏོག་གི་དྲི་མ་དང་འདྲ་ཞེས་མི་རྟག་པའི་ཆོས་ཉིད་བཤད་པས། རང་རེའི་ནང་ཆོས་ཀྱི་ལྟ་བ་དང་མཚུངས་ཤས་ཆེ་བ་མཐོང་ནས་བཀའ་བློན་ལ་དད་སྣང་སྐྱེས་ཏེ། མུ་མཐུད་དུ་སེམས་ཞེས་པ་འདི་གནས་ཡུལ་དང་དངོས་ཡོད་དངོས་མེད་ཅི་ཞིག་ལ་ངོས་འཛིན་བྱེད་དགོས་པར་སྐད་ཆ་དྲིས། དེ་རྗེས་ཁ་ཆེའི་བླ་མས་ཆོས་ཟབ་པ་མང་པོ་ཁ་ནས་ཤོད་མི་ཤེས་ཀྱང་ང་ཚོར་སྒྲུང་འདི་འདྲ་ཞིག་ཡོད་ཅེས་ཚོང་པ་དང་ནེའུ་ཙོའི་སྒྲུང་ཞིག་བཤད་ཡོད། [27]དེ་ནི་པར་སིག་གི་སྙན་ངག་པ་གྲགས་ཅན་འཇཱ་ལར་ཨ་ཏ་ཏིང་རུའུ་སྨི་ (Jalāl ad-DīnRūmī , 1207-1273) གི་སྙན་ངག་སྒྲུང་རྩོམ་《མཱ་ས་ནཱ་ལི་》(Masnavi) ཞེས་པའི་ནང་གི་དུམ་བུ་གཅིག་ཡིན་ལ། སྙིང་དོན་ནི་སེམས་ཉིད་རྟོགས་པ་དང་རང་དབང་ལ་བརྩོན་པར་བྱ་དགོས་པའི་སྐུལ་མ་དང་། སྲོག་ཆགས་ནེའུ་ཙོ་ཡིན་ཡང་སེམས་ཀྱིས་མྱོང་བའི་ཚོར་སྣང་གཅིག་ཏུ་མཐུན་ནས། ཐབས་དང་ཤེས་རབ་ཀྱི་གོ་མཚོན་ཐོགས་ནས་ཐར་པའི་ཕྱོགས་སུ་འཕུར་ཐུབ་པའི་གནས་ལུགས་བསྟན་ཡོད། དེས་བཀའ་བློན་ལ་བག་ཆགས་ཟབ་མོ་བཞག་པ་དང་གནད་འགག་ཅན་དུ་གོ་ནས་ཡི་གེར་བཀོད། རུའུ་སྨི་ཡི་སྙན་ངག་སྒྲུང་འཛམ་གླིང་གི་སྐད་ཡིག་མང་པོར་སྔར་ནས་བསྒྱུར་ཡོད་ཀྱང་། བོད་ཡིག་སྟེང་འཁོད་པ་འདིར་ཐེངས་དང་པོ་ཡིན། དེ་བཞིན་སྐབས་དེར་ཡུལ་གཞན་ནས་ཡོང་བའི་ཁ་ཆེ་ཚོ་ནི་བོད་པ་ཚོས་འཛམ་གླིང་བལྟ་བའི་སྒེའུ་ཁུང་ལྟ་བུ་ཡིན་ཞེས་ཀྱང་ཆོག
ད་དུང་ལྷ་སའི་ཁ་ཆེ་ཚོས་བོད་པའི་བྱ་སྤྱོད་ཁག་གི་མཐོང་ཚུལ་ཡང་ཤར་མར་བཀོད་ཡོད་དེ། “བཀའ་བློན་སོགས་ཆོས་སྐྱོང་ཆེན་མོར་སྤགས་རིལ་གྱི་བཀའ་ལུང་ཞུ་བར་ཁ་ཆེ་བ་དགོད་བྲོ་ཞིང་ཧང་སངས་ཏེ། གནའ་དུས་འདི་འདྲ་བྱེད་སྲོལ་རྒྱ་བོད་ཀུན་ལ་ངག་གཏམ་དུ་ཡོད་པ་ལས་དེང་དུས་མིག་མཐོང་གཟུགས་གྲུབ་སུ་ལའང་མི་ཡོང་བས་སྐུ་རྩེད་མ་མཛད།”[28] ཅེས་པ་ལྟ་བུ་ནི། རང་རེའི་ནན་ཏན་གྱི་མོ་ལུང་ཞུ་འབུལ་བྱེད་པའི་ཚུལ་དེ་ཁ་ཆེའི་མིག་ནང་བྱིས་པའི་རྩེད་མོ་ལྟ་བུར་མཐོང་། འདིས་ཀྱང་སྐབས་དེའི་ཆོས་སྲིད་ཟུང་འབྲེལ་གྱི་སྤྱི་ཚོགས་འོག་བོད་རིགས་སྤྱི་ཡི་བསམ་བློའི་འདུ་ཤེས་དང་དམིགས་བསལ་གནས་སྟངས་དེ་མཚོན་ཐུབ།
དྲུག་པ། རྣམ་ཐར་གྱི་རྩོམ་རིག་ཁྱད་ཆོས།
རང་རེའི་བོད་ལ་རྒྱ་གར་གྱི་སྐྱེས་རབས་རྩོམ་རིག་དང་རྟོགས་བརྗོད་རྩོམ་རིག་གི་ཤན་ཞུགས་ཆེ་ཞིང་། སྤྱི་ལོའི་དུས་རབས་བཅུ་གཅིག་ཙམ་ནས་རྣམ་ཐར་འབྲི་བའི་རྒྱུན་དར་ཡོད་ལ། [29]དེ་ནས་དགའ་ལྡན་ཕོ་བྲང་སྐབས་སྐྱ་བོ་གཞུང་ཞབས་པའི་རྟོགས་བརྗོད་འབྲི་སྲོལ་དར་ཡོད། ད་ལམ་ཡོངས་གྲགས་སུ་མཇལ་རྒྱུ་ཡོད་པ་ནི་མདོ་མཁར་ཞབས་དྲུང་ཚེ་རིང་དབང་རྒྱལ་ (1697-1763) གྱི་《མི་དབང་རྟོགས་བརྗོད་》དང་།《བཀའ་བློན་རྟོགས་བརྗོད་》རྡོ་རིང་བསྟན་འཛིན་དཔལ་འབྱོར་ (1760-?) གྱི་《དགའ་བཞི་བའི་བྱུང་བ་བརྗོད་པ་ཟོལ་མེད་གཏམ་གྱི་རོལ་མོ་》ལས་མེད། མདོ་མཁར་གྱི་མི་དབང་རྟོགས་བརྗོད་ནི་སྐྱ་བོའི་རྟོགས་བརྗོད་ཀྱི་དང་པོར་གྱུར་ཡོད་ཅིང་། ཟུར་ཁང་དང་རྡོ་རིང་སོགས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ནས་རྣམ་ཐར་འབྲི་བའི་བློ་སྒོ་ཕྱེ་བ་ལྟ་བུར་སྣང་། གང་ལགས་ཤེ་ན། ཟུར་ཁང་སྲིད་གཅོད་ཚེ་བརྟན་གྱི་རྣམ་ཐར་ནང་འཁོད་པར་སྟག་ལུང་ག་ཟིའི་གདུང་རྒྱུད་ཀུན་གྱིས་ཚད་མར་འཛིན་པ་བཀའ་བློན་ཞབས་དྲུང་དེ་ཉིད་ཀྱི། ཕོ་རང་གི་སྐྱེ་རྒྱུད་མ་ཤེས་ན་ནགས་གསེབ་ཀྱི་སྤྲེའུ་འདྲ་ཞེས་པའི་སྐད་ཆ་དུམ་བུ་ཞིག་ལུང་དྲངས་ཡོད། དོན་དུ་དེ་ནི་དུས་རབས་བརྒྱད་པའི་ནང་རྗེ་འབངས་ཉེར་ལྔའི་གྲས་རླངས་དཔལ་གྱི་སེང་གེའི་གསུང་ཞིག་ཡིན།[30]
རྣམ་ཐར་ནང་ཟུར་ཁང་པས་བྱུང་བ་བརྗོད་པ་དང་རིགས་རུས་ཆོ་འབྲང་འབྲི་བའི་ཀུན་སློང་ནི་རང་གི་རིགས་ཀྱི་མྱུ་གུར་གྱུར་པ་རྣམས་ལ་འདི་དང་འདི་བགྱིས་སོ་ཞེས་ཕ་མེས་ཀྱི་བྱས་པ་བརྗོད་ན་སྤྱིར་མ་རབས་ངན་པའི་མིག་འགྲན་གྱིས་སླད་མི་ནུས་ཤིང་། ཁྱད་པར་དུའང་འདབ་ཆགས་ལྟུང་བར་སྤྱོདད་པའི་འདྲེན་བྱེད་ཡར་འདེགས་སུ་གྱུར་པ་ཞིག་མི་འགྱུར་རམ་སྙམ་ནས་རགས་བསྡུས་སུ་བཀོད་ཅེས་པ་དང་། གཞན་ཡང་།
རང་ཅག་འཁོར་བ་པ་ཡི་ཀུན་རྟོག་ནི། །ཡི་གེའི་ལམ་དུ་འགོད་པ་ག་ལ་ལང་། །
འོན་ཀྱང་བློ་གསར་འདབ་བརྒྱ་བཞད་པའི་ཆེད། །ལོ་རྒྱུས་རྟ་ལྗང་དབང་པོའི་འོད་སྣང་སྤྲོ། །
ཞེས་སོགས་ནས། འཇིག་རྟེན་གྱི་ཡོན་ཏན་ངེས་ཅན་ཞིག་རྒྱུ་མཚན་དུ་དྲངས་ཏེ། སྐྱེས་ཆེན་དམ་པ་རྣམས་ཀྱི་འགྲན་ཟླར་ནམ་ཡང་ལངས་སུ་མི་ཕོད་པར་ཕ་མེས་ཀྱི་ལོ་རྒྱུས་མ་བརྗེད་པ་དང་། ན་གཞོན་རྣམས་ལ་མིག་དཔེ་བཟང་པོ་ཡོང་བའི་ཆེད་དུ་ཁོ་ན་ཡིན་ཞེས་བག་ཡོད་འཛེམས་སྣང་གི་བརྟུལ་ཞུགས་བཟུང་ནས་བྲིས་ཡོད་ཅིང་། སེར་མོ་བའི་རིག་གནས་རྔམས་ཁ་མཐུག་པའི་ཁོར་ཡུག་དེར་བཀའ་བློན་གྱི་འཁུར་འཛིན་པའི་སྐྱ་བོ་རྣམས་ཀྱིས་རྣམ་ཐར་འབྲི་བར་ཟབ་ནན་ངང་བསྟུན་དགོས་པའི་ཆ་མང་པོ་ཡོད་པ་ཤེས་ཐུབ། རྣམ་ཐར་ཁྱོན་ཡོངས་བཅད་ལྷུག་སྤེལ་མའི་ཐོག་ནས་བྲིས་ཡོད། ལྷག་ཏུ་ཉམས་མགུར་དང་ཐོལ་བྱུང་འབོལ་རྩོམ། མཎྜལ་བཤད་པ། ཡིག་སྐུར་ནང་དོན་སོགས་འཁོད་པ་རྣམས་བརྗོད་བྱའི་དོན་ཟབ་ལ་རྗོད་བྱེད་ཚིག་སྦྱོར་བབ་ཆགས་པ་ཤ་སྟག་སྣང་། དེ་མིན་རྣམ་ཐར་ནང་གཞུང་ཆེན་མདོ་ལུང་ཕུད་《སྙན་ངག་མེ་ལོང་》《ས་སྐྱ་ལེགས་བཤད་》《བཀའ་གདམས་ཕ་ཆོས་བུ་ཆོས་》 《འབྲུག་སྨྱོན་ཀུན་དགའ་ལེགས་པའི་རྣམ་ཐར་》 《མི་དབང་རྟོགས་བརྗོད་》སོགས་ཀྱི་ནང་དོན་ལུང་འདྲེན་བྱས་ཡོད། དེ་ཐོག་ནས་བཀའ་བློན་ཉིད་གཞུང་ལུགས་མང་ལ་གསན་བསམ་ཡོད་པའི་རིག་གཞུང་རྒྱབ་ལྗོངས་མངོན་ཡོད་སྙམ།
ད་དུང་གེ་སར་རྟ་རྒྱུག་གི་དཔེ་ཆའི་མཇུག་འཕྲོ་ལུས་ཡོད་པ་ཞིག་བཀའ་བློན་རང་གིས་འཕྲོ་མཐུད་ནས་བརྩམས་པའི་སྐོར་འཁོད་ཡོད། དེ་ལས་བཀའ་བློན་གྱི་རྩོམ་རིག་སྤྲོ་སྣང་མཚོན་པར་མ་ཟད། དགུན་དུས་ཀྱི་བུང་བ་དང་ཟབ་མགུར་སྣ་ཚོགས་ལེན་པའི་རྟོག་བཟོའི་རྣམ་པས། འཆར་ཡན་གྱི་ཉམས་སྣང་མང་དུ་བརྗོད་པ་སོགས་རྩོམ་རིག་གི་སྒྱུ་རྩལ་ལ་མི་དམན་པའི་བྱང་པ་མཆིས།
བདུན་པ། མཇུག་བསྡུ།
རྣམ་ཐར་ཆ་ཚང་ཞིབ་པར་བཀླགས་གྲུབ་རྗེས་ཕྲན་ལ་མྱོང་བ་ཟབ་མོ་ཞིག་བྱུང་བ་ནི། དུས་རབས་བཅོ་བརྒྱད་ནས་བཅུ་དགུའི་གཡས་གཡོན་དུ་ཆོས་སྲིད་ཟུང་འབྲེལ་གྱི་དམིགས་བསལ་རྒྱབ་ལྗོངས་འོག་སྐྱ་བོ་གཞུང་ཞབས་པའི་མི་ཚེའི་ནང་ཆོས་ལུགས་ཉམས་ལེན་ནི་ཤིན་ཏུ་གལ་འགངས་ཆེ་བའི་གནས་བབ་ཟིན་ཡོད་ལ། དུས་དེར་སེར་མོ་བས་འཇིག་རྟེན་སྲིད་དོན་ལ་ཞུགས་པ་དང་། སྐྱ་བོ་གཞུང་ཞབས་པས་ཆོས་ཕྱོགས་སྲི་ཞུ་དང་ཉམས་ལེན་ལེགས་པར་སྒྲུབ་པ་སོགས་ཀྱི་ཁྱད་ཆོས་ཡང་ལྡན། ཐ་ན་ཟུར་ཁང་སྲིད་གཅོད་ཚེ་བརྟན་ལྟ་བུ་སྲིད་ནས་དགོངས་པ་ཞུས་ནས་རྩེ་གཅིག་རབ་བྱུང་སྒྲུབ་པ་ཡང་ཡོད་པས། དེ་ནི་གང་ཟག་སྒེར་ངོས་ཀྱི་གདམ་ཀ་ཞིག་ཡིན་པར་ཟད། སྐབས་དེའི་སྤྱི་ཚོགས་ཁོར་ཡུག་གིས་བསྐྲུན་པའི་སྐྱ་བོ་གཞུང་ཞབས་པའི་ནང་སེམས་ཀྱི་འགལ་ཟླ་ཡང་མཚོན་སྙམ།
དཔྱད་གཞིའི་ཡིག་ཆ།
[1] ཟུར་ཁང་སྲིད་གཅོད་ཚེ་བརྟན། བཀའི་གུང་བློན་གྱི་འཁུར་འཛིན་པའི་རྟོགས་བརྗོད་བུང་བའི་མགྲིན་གླུ། མ་དཔེ།
[2] གཞུང་དགའ་ལྡན་ཕོ་བྲང་པའི་ལས་མཚན་ཕྱི་ནང་ཏོག་གནས་ཀྱི་གོ་རིམ་དེབ་ཐེར་རིན་ཆེན་ཕྲེང་བ་ཞེས་བྱ་བ་བཞུགས་སོ། །བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2016(11)
[3] 毕戴克 著.沈卫荣、宋黎明 译.邓瑞玲 校. 1728-1959 西藏的贵族和政府.中国藏学出版社,
1990(12)
[4] མདོ་མཁར་ཞབས་དྲུང་ཚེ་རིང་རྣམ་རྒྱལ། མི་དབང་རྟོགས་བརྗོད། སི་ཁྲོན་མི་དམངས་དཔེ་བསྐྲུན་ཁང་། 2002(3)
[5] རྡོ་རིང་བསྟན་འཛིན་དཔལ་འབྱོར། དགའ་བཞི་བའི་བྱུང་བ་བརྗོད་པ་ཟོལ་མེད་གཏམ་གྱི་རོལ་མོ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2014(3)
[6] དབང་རྒྱལ། འཚོལ་ཞིབ་དང་གསར་གཏོད། མདོ་མཁར་ཞབས་དྲུང་ཚེ་རིང་དབང་རྒྱལ་དང་ཁོང་གི་གསར་རྩོམ་གྱི་ཕྱག་རྗེས་སྐོར་གླེང་བ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2018(10)
[7] ༸རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་རྣམ་ཐར།
[8] ཚེ་བརྟན་བཀྲ་ཤིས། བོད་ལྗོངས་ཁ་ཆེ་ལྷ་ཁང་གི་དཔྱད་བསྡུས། བོད་ལྗོངས་སློབ་ཆེན་རིག་གཞུང་དུས་དེབ། འདོན་ཐེངས་གསུམ་པ། 2014(5)
[9] སུང་ཀྲོའོ་ལིན། རུའུ་སྨི་ཡི་སྙན་ངག་འདམས་བསྒྱུར། མི་དམངས་རྩོམ་རིག་དཔེ་སྐྲུན་ཁང་། 1958 ལོར་པར་ཐེངས་དང་པོ།

 

ཞབས་མཆན།

[1] རྣམ་ཐར་མ་དཔེ་སྨད་ཆ། ཤ།21
[2] རྣམ་ཐར་མ་དཔེ་སྟོད་ཆ། ཤོག་ངོས། 5
[3] [意]毕戴克著,沈卫荣、宋黎明译,邓瑞玲校:《1728-1959 西藏的贵族和政府》,中国藏学出版社,1990(12), 第二章注释 608 条,152 。
[4] རྣམ་ཐར་མ་དཔེ་སྨད་ཆ། ཤོག་ངོས། 6
[5] 1714 ལོའི་བོད་འབྲུག་དམག་འཁྲུག
[6] མདོ་མཁར་ཞབས་དྲུང་ཚེ་རིང་དབང་རྒྱལ། མི་དབང་རྟོགས་བརྗོད། སི་ཁྲོན་མི་དམངས་དཔེ་བསྐྲུན་ཁང་། 2002 ལོ། ཤོག་ངོས། 168
[7] རྣམ་ཐར་མ་དཔེ་སྨད་ཆ། ཤོག་ངོས། 7
[8] (1392-1481) ཁོང་ནི་ལྷོ་ཁ་འཕྱོངས་རྒྱས་ཁུལ་རྒྱས་སྨན་ལྷ་ཁང་གི་མདའ་འམ་པ་རའི་གྲོང་ནག་མེ་དགུ་ཟེར་བའི་ཁྱིམ་དུ་ཡབ་འགོས་སྟོན་འབྱུང་གནས་རྡོ་རྗེ་དང་ཡུམ་སྲི་ཐར་སྐྱིད་གཉིས་ཀི་སྲས་སུ་སྐུ་འཁྲུངས། དགུང་ལོ་དགུའི་ཐོག་རབ་ཏུ་བྱུང་། དེ་ནས་ཆོས་ལུགས་གྲུབ་མཐའ་ཁག་གི་དགེ་བའི་བཤེས་གཉེན་མང་དུ་བསྟེན་ནས་རིག་གནས་ལྔ་ལ་མཁས་པའི་པཎྜི་ཏ་ཆེན་པོ་གྱུར་ཏེ་《དུས་འཁོར་འགྲེལ་ཆེན་》དང་《དེབ་ཐེར་སྔོན་པོ་》སོགས་གསུང་རྩོམ་པོད་བཅུ་ལྷག་ཙམ་ཡོད་ཀྱང་དཔེ་རྒྱུན་ཧ་ཅང་དཀོན། སྐུ་ཚེའི་སྨད་དུ་ཀུན་བཟང་རྩེའི་རི་ཁྲོད་དུ་བཞུགས་པས་ཡེ་བཟང་རྩེ་པ་ཡང་ཟེར།
[9] རྣམ་ཐར་མ་དཔེ་སྟོད་ཆ། ཤོག་ངོས། 8
[10] ཆིང་གོང་མ་ཆེན་མོ་ཁཱང་ཞི་མཆོག་ནས་ 1721 ལོའི་ཟླ་ 9 པར་གུང་ཅང་ཇུན་ཚེ་དབང་ནོར་བུ་(策旺诺尔布)དང་ཅང་ཇུན་ཆེན་མོ་ཨེ་བུས་པ་ལི་(额驸阿宝)སོགས་གཙོ་བོར་མངགས་ཏེ་གོང་མའི་དཔུང་ཚོགས་ལྷ་ལྡན་དུ་འབྱོར་ཏེ་ཇུན་གར་བའི་སྟོབས་ཤུགས་བོད་ནས་མཐའ་སྤྲོད་བཏང་།
[11] རྣམ་ཐར་མ་དཔེ། ཤོག་ངོས། 10,11
[12] སྲིད་གཅོད་ཚེ་བརྟན་གྱི་བུ། ཏའོ་ཀོང་ཁྲི་བཞུགས་དགུ་པ་ས་གླང་ལོ་སྟེ་ 1829 ལོར་བསྐོས། 1832 ལོའི་ཟླ་ 11 ལ་རིམ་པ་གཉིས་པའི་ཏོག་དང་རྨ་བྱའི་སྒྲོ་མདོངས་སྩལ། 《གཞུང་དགའ་ལྡན་ཕོ་བྲང་པའི་ལས་ཚན་ཕྱི་ནང་ཏོག་གནས་ཀྱི་གོ་རིམ་དེབ་ཐེར་རིན་ཆེན་ཕྲེང་བ་ཞེས་བྱ་བ་བཞུགས་སོ།།》 བོད་རང་སྐྱོང་ལྗོངས་ཡིག་ཚགས་ཁང་གིས་བསྒྲིགས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2016 ལོ། ཤོག་ངོས། 244
[13] 1893 ལོར་བཀའ་བློན་དུ་བསྐོས། ༸རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་རྣམ་ཐར། ཁ་པ། ཤོག་ངོས། 260
[14] 1943 ལོར་བཀའ་བློན་དུ་བསྐོས། 参见毕戴克著,沈卫荣、宋黎明译,邓瑞玲校 《1728-1959 西藏的贵族和政府》中国藏学出版 社 1990(12),第二章注释 608 条, 152 页。
[15] 毕戴克著,沈卫荣、宋黎明译,邓瑞玲校 《1728-1959 西藏的贵族和政府》中国藏学出版社 1990(12),第二章注 释 608 条, 255 页。
[16] མཚོ་སྨད་རྫོང་གི་ལྷོ་རྒྱུད།
[17] དེབ་ཐེར་རིན་ཆེན་ཕྲེང་བར་ཟླ་གཉིས་པར་འཁོད་ཡོད་ཀྱང་། སྲིད་གཅོད་ཚེ་བརྟན་རྣམ་ཐར་ནང་ཟླ་གསུམ་པར་འཁོད་ཡོད། དེ་ནི་རྒྱ་ནག་པེ་ཅིང་ནས་ལྷ་སར་གོང་མའི་བཀའ་ལུང་འབྱོར་གྱི་དུས་ཡུན་གྱི་ཁྱད།
[18] གཞུང་དགའ་ལྡན་ཕོ་བྲང་པའི་ལས་ཚན་ཕྱི་ནང་ཏོག་གནས་ཀྱི་གོ་རིམ་དེབ་ཐེར་རིན་ཆེན་ཕྲེང་བ་ཞེས་བྱ་བ་བཞུགས་སོ། །བོད་རང་སྐྱོང་ལྗོངས་ཡིག་ཚགས་ཁང་གིས་བསྒྲིགས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2016(11) ཤོག་ངོས། 2
[19] 查姆克什米尔 ལ་གོ་སྙམ།
[20] དེ་མོ་ཧོ་ཐོག་ཐུ་སྐུ་ཕྲེང་བདུན་པ་ངག་དབང་བློ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོ་ (177-18819) ཡིན། 1808 ལོར་གོང་མའི་བཀའ་ལྟར་༸རྒྱལ་དབང་སྐུ་ཕྲེང་དགུ་པའི་ཡོངས་འཛིན་མཛད། བཅའ་ཆིན་ཁྲི་ལོར་བཅུ་དྲུག་སྐབས་རྟ་ཚག་ཧོ་ཐོག་ཐུ་དགོངས་པ་རྫོགས་རྗེས་རྒྱལ་ཚབ་ཏུ་བསྐོས།
[21] རྣམ་ཐར་མ་དཔེ་སྨད་ཆ། ཤོག་ངོས། 82
[22] རྡོ་རིང་པཎྜི་ཏ་བསྟན་འཛིན་དཔའ་འབྱོར་ (1760-1806) ཡིན་དགོས། གང་ལགས་ཤེ་ན། 1808 ལོའི་སྐབས་རྡོ་རིང་བསྟན་འཛིན་དཔའ་འབྱོར་གྱི་བུ་མི་འགྱུར་བསོད་ནམས་དཔལ་འབྱོར་བཀའ་བློན་དུ་བསྐོས་ཡོད་པས། ཟུར་ཁང་རྣམ་ཐར་ནང་ཕ་བུ་གཉིས་མཉམ་བུ་ཡོད་རྐྱེན་རྡོ་རིང་ཡབ་རྗེ་དང་ཞབས་པད་རྡོ་རིང་ཞེས་ལོགས་སུ་འཁོད།
[23] རྣམ་ཐར་མ་དཔེའི་སྨད་ཆ། ཤོག་ངོས། 58-59
[24] [意] 毕戴克 著,沈卫荣、宋黎明译,邓瑞玲校 《1728-1959 西藏的贵族和政府》中国藏学出版社 1990(12), 49 页。引自《九世达赖传》,103b,107b 页。
[25] རྣམ་ཐར་མ་དཔེ་སྨད་ཆ། ཤོག་ངོས། 42
[26] རྣམ་ཐར་མ་དཔེ་སྨད་ཆ། ཤོག་ངོས། 114
[27] རྣམ་ཐར་མ་དཔེ་སྨད་ཆ། ཤོག་ངོས། 115
[28] རྣམ་ཐར་མ་དཔེ་སྨད་ཆ། ཤོག་ངོས། 64
[29] འཚོལ་ཞིབ་དང་གསར་གཏོད། མདོ་མཁར་ཞབས་དྲུང་ཚེ་རིང་དབང་རྒྱལ་དང་ཁོང་གི་གསར་རྩོམ་གྱི་ཕྱག་རྗེས་སྐོར་གླེང་བ། དབང་རྒྱལ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2018(10) ཤོག་ངོས། 138
[30] རླངས་ཀྱི་པུ་ཏི་བསེ་རུ་རྒྱས་པ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2013(2) ཤོག་ངོས། 7

བརྒྱུད་སྐུལ།

དེའི་ཐད་བསམ་ཚུལ། “༄༅། །གསར་དུ་རྙེད་པའི་བྲིས་དཔེ་བཀའ་བློན་ཟུར་ཁང་སྲིད་གཅོད་ཚེ་བརྟན་གྱི་རྣམ་ཐར་བཀའི་གུང་བློན་གྱི་འཁུར་འཛིན་པའི་རྟོགས་བརྗོད་བུང་བའི་མགྲིན་གླུ་ཞེས་པར་དཔྱད་པ།

  1. བོད་ས་གནས་སྲིད་གཞུང་ཟེར་བའི་ཐ་སྙད་དེ་ཅིའི་ཕྱིར་བེད་སྤྱོད་བྱས་སམ། དེ་ནི་རྒྱ་དམར་བཙན་འཛུལ་པས་གསར་བཟོ་བྱས་པ་ཞིག་ཡིན་པ་ལས་དོན་དངོས་ཐོག་སྐབས་དེར་བོད་དེ་བོད་གཞུང་དགའ་ཕོ་བྲང་གིས་འཛིན་སྐྱོང་བྱས་པའི་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན།

    ལན།

མཆན་སྤེལ།