ནག་ཆུ་རྫོང་གི་མིང་དང་ས་བབ་ཆགས་ཚུལ་དང་། རྫོང་གི་ལོ་རྒྱུས་སྐོར།

ནག་ཆུ་རྫོང་གི་མིང་དང་ས་བབ་ཆགས་ཚུལ་དང་། རྫོང་གི་ལོ་རྒྱུས་སྐོར།

 

ས་བཅད་གཉིས་པ། ནག་ཆུ་རྫོང་།

ལེ་ཚན་དང་པོ། རྫོང་གི་མིང་དང་ས་བབ་ཆགས་ཚུལ།

དང་པོ། ནག་ཆུ་རྫོང་གི་མིང་ཐོགས་ཚུལ།

ནག་ཆུ་ཞེས་པའི་ཚིག་དོན་ནི་ཆུ་བོ་ནག་པོ་ཞེས་པའི་དོན་ཡིན་ཅིང་ཁུལ་དེར་རྒྱུག་བཞིན་པའི་གཙང་པོའི་མིང་ཡུལ་ལམ་རྫོང་གི་མིང་དུ་ཐོགས་པ་གང་ཞིག  དུས་ཕྱིས་ཡུལ་སྡེའི་མིང་བྱེ་བྲག་པ་དེ་བཞིན་ས་ཁུལ་སྤྱིའི་མིང་དུ་ཐོགས་པ་ཞིག་ཡིན་འདུག  རྫོང་དེར་དེ་སྔ་བྱང་རིགས་ཞེས་ཀྱང་འབོད་སྲོལ་ཡོད་ཅིང་ནག་ཆུ་རྫོང་གི་ལྟེ་བའི་གྲོང་མིང་ལ་དབུ་སྒར་རམ། ཨོ་རྒོད། སེ་ཧྲུག་གྲོང་ཞེས་སོགས་འབོད་ཀྱི་ཡོད་པར་གསལ།

དབུ་སྒར་ནི་སྔར་གླིང་གེ་སར་གྱིས་གནས་འདིར་བཞུགས་སྒར་དབུ་གུར་ཕུབ་སར་གྲོང་པ་ཆགས་ཞེས་དང་། ཡང་སྔོན་ཁུལ་འདིར་སྡོད་གནས་ཁང་པ་གཏན་ནས་ཆགས་མེད་ཀྱང་། རྒྱ་སོག་འགྲུལ་བཞུད་འདུ་འཛོམས་ཆེ་ས་ཞིག་ཡིན་ཅིང་། དུས་སྐབས་དེའི་དཔོན་རིགས་རྣམས་སྦྲ་གུར་ལ་བརྟེན་ནས་གནས་སྡོད་བྱེད་ཀྱི་ཡོད་པས་ན། དེར་ཞེ་སའི་མིང་བསྣན་ནས་དབུ་གུར་སྒར་ཞེས་ཐོགས་པའི་ཤོད་ཚུལ་ཡང་འདུག  དེ་མིན་ཨོ་རྒོད་ཞེས་པ་ནི་སོག་པོའི་སྐད་ཡིན་ཅིང་ས་དེར་སོག་པོའི་མི་རིགས་མང་པོ་གནས་སྡོད་བྱས་རྐྱེན་དེ་ལྟར་ཐོགས་པར་སྨྲ་མཁན་ཡོད། སེ་ཧྲུག་གྲོང་ཟེར་དོན་གཙོ་བོ་ནི་ནག་ཆུ་རྫོང་དུ་ནང་སོ་དང་ཞབས་བརྟན་དགོན་འགྲོ་འདྲེན་བདེ་སྐྱིད་གླིང་ཆགས་རྗེས། འཁྲིས་སུ་སྦྲ་གུར་སེར་གུར་ཕུབ་ནས་གནས་སྡོད་བྱེད་མཁན་འགའ་ཞིག་ཡོད་འདུག་པར་སེར་ཧྲུག་ཅེས་མིང་འདོགས་ཆགས་པའི་བཤད་རྒྱུན་ཡང་འདུག[1] གང་ལྟར་ནག་ཆུ་ཞེས་པའི་ཆུ་མིང་ངམ་ཡུལ་མིང་དེ་མ་མཐར་ཡང་ཕྱི་ལོ་ ༡༣༡༩ གོང་ནས་ཡོད་འདུག་པ་ནི། 《བཀའ་བརྒྱུད་སེར་ཕྲེང་རྣམ་ཐར་ཟླ་བ་ཆུ་ཤེལ་གྱི་ཕྲེང་བ།》ལས། ཀརྨ་སྐུ་ཕྲེང་བཞི་པ་རོལ་པའི་རྡོ་རྗེའི་(ཕྱི་ལོ་ ༡༣༠༠ ནས་ ༡༣༨༣)རྣམ་ཐར་གསུང་སྐབས། ཀརྨ་རོལ་པའི་རྡོ་རྗེ་དགུང་ལོ་བཅུ་དགུར་རྒྱ་སོག་ཡུལ་གྲུར་ཕེབས་སྐབས། ཅོག་རྩེ་ལ་གོང་དུ་ཆར་ཆེས་པས་ནག་ཆུ་ལ་མི་ཐར་བ་ཟེར་ན་ཆུ་ཆུང་དུ་འགྲོ་གསུང་སྟེ།[2] ཞེས་བྱུང་ངོ་། །

 

གཉིས་པ། ནག་ཆུ་རྫོང་ཁུལ་གྱི་ས་བབ་ཆགས་ཚུལ།

ལྷ་ས་ནས་ཞག་བཅུ་ལེ་དབར་ ༧༠༠ སར་ཡོད་པའི་ནག་ཆུ་རྫོང་ནི།[3] གདང་ལ་རི་བོ་དང་གཉན་ཆེན་ཐང་ལྷའི་བར་བོད་ཀྱི་རྒྱལ་ས་ལྷ་ས་ནས་བྱང་ཕྱོགས་སུ་ལེ་དབར་ ༧༠༠[4] ས་གོ་ལའི་བྱང་གི་འཕྲེད་ཐིག་ ༣༠༚ ༤’ 〜 ༣༡ ༚ ༨’ དང་། ཤར་གྱི་གཞུང་ཐིག་ ༩༡༚ ༠ ‘ 〜 ༩༣ ༚ ༠’ བར་གནས་ཡོད། རྫོང་ཡོངས་རྫོགས་བོད་བྱང་ཕྱོགས་མཐོ་སྒང་གི་ཁོངས་སུ་གཏོགས་ཤིང་། ཆ་སྙོམས་རྒྱ་མཚོའི་ངོས་ནས་མཐོ་ཚད་མི་ཊལ་ ༤༥༠༠ ལྷག་དང་མཐོ་ཤོས་ལ་རྒྱ་མཚོའི་ངོས་ནས་མི་ཊལ་ ༦༥༠༠ ཡོད། མངའ་ཁོངས་ནང་རི་བོ་མང་ཡང་གཟར་པོ་མེད་པས་རི་མ་ཐང་གི་ས་དབྱིབས་ཤིག་ཡིན། མཐོ་སྒང་བར་གྲང་ཁུལ་ཕྱེད་ཐན་པའི་དུས་རླུང་གནམ་གཤིས་ཁུལ་དུ་གཏོགས་ཤིང་། ལོ་རེའི་ཆ་སྙོམས་དྲོད་ཚད་ཀླད་ཀོར་འོག་གི་ ༡.༩༚C ཡིན་ཅིང་ཟླ་དང་པོའི་ཆ་སྙོམས་དྲོད་ཚད་ཀླད་ཀོར་འོག་གི་ ༡༣.༨༚C དང་ཟླ་བདུན་པའི་ཆ་སྙོམས་དྲོད་ཚད་ ༨.༨༚C རེད། སྤྱིར་སད་མེད་པའི་དུས་ཡུན་ཐུང་ཞིང་རླུང་ཆེ་ལ་མང་བ། སེར་བ་དང་། སྐམ་ཤས། གྲང་ངར་ཆེ་ལ་དགུན་དཔྱིད་གཉིས་གངས་མང་ཞིང་དགུན་རིང་དབྱར་ཐུང་གི་ཁྱད་ཆོས་ལྡན།[5]

རྫོང་དེའི་ལོ་རེའི་ཆ་སྙོམས་དྲོད་ཚད་ཀླད་ཀོར་འོག་གི་ཨང་གྲངས་ ༢་༩ ནས་ཀླད་ཀོར་འོག་ཨང་གྲངས་ ༣་༤ བར་ཡིན་ཅིང་། ཉིན་མཚན་གྱི་དྲོད་ཚད་བར་ཁྱད་མངོན་གསལ་གྱི་འགྱུར་ལྡོག་ཡོད།[6] ལོའི་ཉི་ཕོག་དུས་ཡུན་ཆུ་ཚོད་ ༢༨༦༦.༢ དང་ལོའི་ཆར་ཆུ་འབབ་ཚད་བསྡོམས་འབོར་ནི་མི་ལི་མི་ཊལ་ ༤༢༨་༩ སེར་བ་འབབ་པའི་ཉིན་གྲངས་ ༣༤.༥ བཅས་ཡིན་འདུག  རང་བྱུང་གནོད་འཚེ་གཙོ་བོ་གངས་སྐྱོན་དང་། རླུང་སྐྱོན། ཐན་སྐྱོན་སོགས་ཡོད།[7]

 

ལེ་ཚན་གཉིས་པ། རྫོང་གི་ལོ་རྒྱུས།

དང་པོ། བོད་ཀྱི་སྲིད་འཛིན་འཕོ་འགྱུར་དང་ནག་ཆུ་རྫོང་།

གནའ་དུས་ནག་ཆུ་རྫོང་གི་མངའ་ཁོངས་དེ་བཞིན་ཞང་ཞུང་གི་སྲིད་འཛིན་ས་ཁུལ་ཞིག་ཡིན་ལ།[8] དུས་རབས་བདུན་པའི་ནང་སྤུར་རྒྱལ་བཙན་པོས་བོད་ལ་དབང་ལུང་སྒྱུར་སྐབས་སུམ་པའི་རུ་དང་སྟོང་སྡེ་བཅུ་གཅིག་གི་ཁོངས་ཡིན་འདུག[9] དུས་རབས་དགུ་པའི་ནང་བོད་སིལ་བུར་འཐོར་བའི་སྐབས་བཙན་པོའི་གདུང་རྒྱུད་སྐྱིད་ལྡེ་ཉི་མ་མགོན་གྱི་རིགས་བརྒྱུད་དང་།[10] དེ་བཞིན་ཧོར་སོགས་རུས་ཚོ་གཞན་དང་གཞན་གྱིས་དུས་ཐུང་དབང་སྒྱུར་བྱས་ཡོད་འདུག  དུས་རབས་བཅུ་གསུམ་པའི་ནང་དཔལ་ལྡན་ས་སྐྱ་པས་བོད་ལ་དབང་ལུང་སྒྱུར་སྐབས། ཁུལ་དེའི་ཆ་ཤས་འགའ་ཞིག་བྱང་འབྲོག་ཁྲི་སྐོར་གྱི་ཁོངས་དང་གཞན་འགའ་ཞིག་སོག་དམག་བཅའ་སྡོད་དང་སྟོད་སྨད་ཀྱི་ཚོང་པའི་རྟ་ཟམ་གྱི་བརྒྱུད་ལམ་ཡིན།[11] དུས་རབས་བཅུ་བཞི་པའི་ནང་སྡེ་སྲིད་ཕག་མོ་གྲུ་པ་དང་དུས་རབས་བཅུ་བདུན་པའི་ནང་སྡེ་པ་གཙང་པ་གཉིས་ཀྱི་དུས་སུ་སྤྱིར་ན་ས་སྐྱའི་སྐབས་དང་གཅིག་མཚུངས་ལྟ་བུ་དང་། སྤྱིའི་འགོ་པ་ནི་བར་ཐའི་ཇིང་གིར་དཔོན་ཆེན་ཡིན་འདུག་ཅིང་། དེ་ཡང་ཧོར་ཇིང་གིར་རྒྱལ་པོའི་མི་རྒྱུད་དང་བྱང་པགས་ཞྭ་ཅན་གྱི་རྒྱལ་པོའམ་བྱང་སྡེ་རེ་སྒོ་ཅན་གྱི་རྒྱལ་པོ་ཞེས་དམངས་ཁྲོད་དུ་འབོད་སྲོལ་ཡོད་འདུག དུས་སྐབས་དེར་ནག་ཆུ་རྒྱུད་ཀྱི་འགོ་པ་གཙོ་བོ་ནི་བར་ཐའི་ཇིང་གིར།[12] ཞེས་པ་ཞིག་བྱུང་འདུག་གོ།

དུས་རབས་བཅུ་བདུན་པའི་ལོ་རབས་བཞི་བཅུ་པ་ནས་གཞུང་ས་དགའ་ལྡན་ཕོ་བྲང་པས་བོད་ལ་དབང་ལུང་བསྒྱུར་སྐབས། ཐོག་མར་སོག་དམག་དང་སོག་པོའི་དཔོན་རིགས་ཁག་གིས་དབང་བསྒྱུར་བ་དང་། ཕྱི་ལོ་ ༡༧༥༡ ལོར་བཀའ་ཤག་གི་ལམ་ལུགས་དབུ་བརྙེས་པ་དང་སྦྲགས། བོད་བྱང་ཕྱོགས་མཐོ་སྒང་གི་རྫོང་འགོ་ཐོག་མ་ནག་ཆུ་མཁན་ནང་(མཁན་ནང་རྫོང་ཞེས་པའི་མཁན་ནི་མཁན་པོ་དང་ནང་ནི་ནང་སོ་ཞེས་པའི་དོན་ནོ།།)ཞེས་རིམ་ལྔའི་ཕྱོགས་མཐའི་རྫོང་གཞིས་གྲས་རྫོང་སྡོད་སེར་སྐྱ་ཟུང་གིས་སྐྱོང་བའི་རྫོང་དེ་གསར་འཛུགས་བྱས་འདུག[13]

ལོ་རྒྱུས་ཐོག་ནག་ཆུ་འགོ་བ་ནི་ཕྱི་ལོ་ ༡༧༩༦ ལོ་ནས་ནག་ཆུ་འགོ་བ་ཤོད་དྲུང་སྐྱ་བོ་དཔལ་ལྷུན་དང་། ཕྱི་ལོ་ ༡༧༩༩ ལོར་ཞོལ་ཁང་ཚེ་བརྟན་རྡོ་རྗེ། ཕྱི་ལོ་ ༡༨༠༠ བཀའ་བློན་མི་འགྱུར་བསོད་ནམས་དཔལ་འབྱོར་། ཕྱི་ལོ་ ༡༨༢༦ ལོར་བཀྲས་མཐོང་པ། བླ་ཕྱག་དགའ་བཞི་སྲས་དོན་གྲུབ་ཚེ་དབང་ཞེས་འཁོད་འདུག་ཀྱང་། ཕྱི་ལོ་ ༡༨༢༧ ལོར་བླ་ཕྱག་འཇམ་དབྱངས་ཕུན་ཚོགས་བསྐོ་གཞག་གནང་འདུག་པ་དེ་མིན་ནམ་སྙམ། བླ་ཕྱག་གྲགས་པ་ཀླུ་སྒྲུབ། བླ་ཕྱག་དོན་གྲུབ་ཚེ་དབང་། ཕྱི་ལོ་ ༡༨༣༡ ལོར་ལྕང་རྒྱབ་པ། ཕྱི་ལོ་ ༡༨༣༦ ལོར་ཇོ་གྲོང་པ། ཕྱི་ལོ་ ༡༨༤༠ ལོར་ཐང་སྨད་པ་དོན་གྲུབ་ཚེ་རིང་། ཕྱི་ལོ་ ༡༨༥༡ ལོར་དབང་འདུས་རྒྱལ་པོ། ཕྱི་ལོ་ ༡༨༥༤ ལོར་ནོར་རྒྱས་དཔལ་ལྡན་དབང་པོ། ཕྱི་ལོ་ ༡༨༦༠ ལོར་སྣེ་སྟོད་ཚེ་རིང་ཕུན་ཙོགས། ཕྱི་ལོ་ ༡༨༦༠ ལོར་ཐའི་ཇི་ཚེ་བརྟན་དཔལ་འབྱོར། ཕྱི་ལོ་ ༡༨༦༢ ལོར་ནུ་མ་ལྷ་དབང་བསྟན་འཛིན། ཕྱི་ལོ་ ༡༨༦༣ ལོར་ལྡུམ་ཁང་སྐལ་བཟང་དབང་འདུས། ཕྱི་ལོ་ ༡༨༦༨ ལོར་འབྲི་ལུང་ཚེ་བརྟན་དོན་གྲུབ། ཕྱི་ལོ་ ༡༩༡༨  ལོར་སྣང་དཀར་དབང་ཕྱུག་མཐར་ཕྱིན། ཕྱི་ལོ་ ༡༩༢༧ ལོར་སྒོ་མཁར་བ་སྐལ་བཟང་དོན་གྲུབ། ཕྱི་ལོ་ ༡༩༢༨ ལོར་སྣང་དཀར་བུ་བསོད་ནམས་དབང་ཕྱུག (མཁས་དབང་བྱ་རིགས་པ་བློ་བཟང་དབང་རྒྱལ་གྱི་ཕ།) ཕྱི་ལོ་ ༡༩༣༤ ལོར་ཁེ་སྨད་ཚེ་དབང་དོན་གྲུབ། ཕྱི་ལོ་ ༡༩༣༨ ལོར་སྣར་སྐྱིད་པ་བློ་བཟང་རྒྱལ་པོ། དེ་ནས་ཀེའུ་ཚང་སྤྲུལ་སྐུར་ལོ་གསུམ་རིང་གཟིགས་གསོས་སུ་སྩལ།[14]

ཕྱི་ལོ་ ༡༩༤༢ ལོར་བོད་གཞུང་གིས་བྱང་ཕྱོགས་སྤྱི་ཁྱབ་བཙུགས་པ་དང་། ནག་ཆུ་རྫོང་ཡང་བྱང་སྤྱི་སེར་སྐྱ་སྦྲེལ་པོས་སྲིད་དབང་བསྒྱུར་བའི་རྫོང་གི་གྲས་ཤིག་རེད།[15] ཕྱི་ལོ་ ༡༩༤༢ ལོར་རྡོ་དགོན་པ་བསོད་ནམས་སྟོབས་རྒྱས། ཕྱི་ལོ་ ༡༩༤༤ ལོར་གསུམ་མདོ་བ། ཕྱི་ལོ་ ༡༩༤༦ ལོར་ཞྭ་སྒབ་པ། ཕྱི་ལོ་ ༡༩༥༠ ལོར་ས་ར་རྒྱ་ཕུན་ཚོགས་དབང་རྒྱལ། ཕྱི་ལོ་ ༡༩༥༢ ལ?ོར་སྨོན་གླིང་པ་འཇམ་དབྱངས་ཆོས་རྒྱལ་བཅས་དང་། དེ་བཞིན་སེར་མོ་བ་ནི་ཕྱི་ལོ་ ༡༨༡༣ ལོར་རྩེ་དྲུང་འབུམ་ཐང་པ། ཕྱི་ལོ་ ༡༨༤༠ ལོར་རྩེ་དྲུང་སྐལ་བཟང་བསམ་གཏན། ཕྱི་ལོ་ ༡༨༤༢ ལོར་རྩེ་དྲུང་ཚུལ་ཁྲིམས་བཤད་གྲུབ། ཕྱི་ལོ་ ༡༨༥༩ ལོར་སྒོ་མང་བློ་བཟང་བཀྲ་ཤིས་སོགས་ནག་ཆུ་འགོ་བར་ཕེབས་འདུག[16]

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1].  (1)ནག་ཆུའི་བྱང་རིགས་ཚོ་བའི་རྒྱུ་ཆ་དཔྱད་གཞི་ཕྲ་རགས་བགྲེས་པོའི་ཚེ་སྒྲ། དེབ་གསུམ་པ། ཕྱི་ལོ་མི་གསལ། ཤོག ༡ ནས་ ༢། ནག་ཆུ་ས་གནས་སྲིད་གྲོས་ལོ་རྒྱུས་རིག་གནས་དཔྱད་གཞིའི་རྒྱུ་ཆ་རྩོམ་སྒྲིག་ཁང་ནས་བསྐྲུན། (2)བསྟན་འཛིན་ཆོས་དབྱིངས་ཀྱིས་མེས་པོའི་འབྱུང་བ། མི་རིགས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༠༧ ཤོག ༨༢།

[2].  བཀའ་བརྒྱུད་གསེར་ཕྲེང་རྣམ་ཐར་ཟླ་བ་ཆུ་ཤེལ་གྱི་ཕྲེང་བ། སྟོད་ཆ། ཝཱ་ཎ་བཛྲ་བིདྱཱ་དཔེ་མཛོད་ཁང་། ཕྱི་ལོ་ ༢༠༠༤། ཤོག ༥༣༧།

[3]. གཞུང་དགའ་ལྡན་ཕོ་བྲང་པའི་ལས་ཚན་ཕྱི་ནང་ཏོག་གནས་ཀྱི་གོ་རིམ་དེབ་ཐེར་རིན་ཆེན་ཕྲེང་བ། བོད་རང་སྐྱོང་ལྗོངས་ཡིག་ཚགས་ཁང་། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༡༦། ཤོག་ ༣༤༧།

[4].  བཀའ་དྲུང་ནོར་ནང་། དེབ་ཐེར་ལོང་བའི་དམིགས་བུ། དཔེ་གཟུགས། ལྕགས་པར། རྡི་ལི། ཕྱི་ལོ་ ༡༩༨༡། ཤོག ༢༣༨།

[5]. 西藏自治区土地册,西藏自治区测绘局,中国地图出版社出版.1996.Pg 37.

[6].  བོད་རང་སྐྱོང་ལྗོངས་ནག་ཆུ་ས་ཁུལ་གྱི་འབྲོག་ལས་གནམ་གཤིས་ཁུལ་དབྱེ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ། ༢༠༠༣། ཤོག ༢༠། ཡོད་པའི་རེའུ་མིག་༢-༢ལ་གཟིགས་མཚལ།

[7]. 西藏自治区土地册,西藏自治区测绘局,中国地图出版社出版.1996.Pg 37.

[8].  ནག་ཆུའི་བྱང་རིགས་ཚོ་བའི་རྒྱུ་ཆ་དཔྱད་གཞི་ཕྲ་རགས་བགྲེས་པོའི་ཚེ་སྒྲ། ནག་ཆུ་ས་གནས་སྲིད་གྲོས་ལོ་རྒྱུས་རིག་གནས་དཔྱད་གཞིའི་རྒྱུ་ཆ་རྩོམ་སྒྲིག་ཁང་ནས་སྐྲུན། དེབ་གསུམ་པ། ཕྱི་ལོ་མི་གསལ། ཤོག ༦-༧།

[9].  ཀྲུང་གོའི་བོད་ལྗོངས་ནག་ཆུ། གླིང་བརྡ་སྦྱོར་དཔེ་སྐྲུན་ཁང་། ཕྱི་ལོ། ༢༠༠༡། ཤོག ༨།

[10].  ནོར་བྲང་ཨོ་རྒྱན། བོད་སིལ་བུའི་བྱུང་བ་བརྗོད་པ་ཤེལ་དཀར་ཕྲེང་བ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ། ༡༩༩༡། ཤོག ༢༡༨།

[11].  ནག་ཆུའི་བྱང་རིགས་ཚོ་བའི་རྒྱུས་ཆ་དཔྱད་གཞི་ཕྲ་རག་བགྲེས་པོའི་ཚེ་སྒྲ། ནག་ཆུ་ས་གནས་སྲིད་གྲོས་ལོ་རྒྱུས་རིག་གནས་དཔྱད་གཞིའི་རྒྱུ་ཆ་རྩོམ་སྒྲིག་ཁང་ནས་སྐྲུན། དེབ་གསུམ་པ། ཕྱི་ལོ་མི་གསལ། ཤོག ༨།

[12].  བར་ཐའི་ཇིང་གེར་ནི་ཁུལ་དེའི་རྒན་རབས་ཚོའི་ཤོད་སྲོལ་ལ། དུས་རབས་བཅུ་གསུམ་པའི་ནང་ཇིང་གིར་རྒྱལ་རྒྱུད་རྒྱལ་པོ་གོ་དན་གྱིས་བོད་ལ་དམག་བཏང་ནས་བོད་ལྗོངས་ཡོངས་རྫོགས་གཅིག་གྱུར་སིལ་ཐོར་མཇུག་སྒྲིལ་རྗེས་ཀྱི་དུས་ཚོད་ནང་། ཇིང་གིར་གྱི་རྒྱལ་རྒྱུད་ནས་ཆས་པའི་དཔོན་རིགས་བོད་བྱང་གི་འགོ་པ་གཏན་འཇགས་བྱུང་བ་ཞིག་ཡིན་པར་རྩི་གི་འདུག

[13]. (1) བཀའ་དྲུང་ནོར་ནང་། དེབ་ཐེར་ལོང་བའི་དམིགས་བུ། དཔེ་གཟུགས། ལྕགས་པར། རྡི་ལི། ཕྱི་ལོ་ ༡༩༨༡། ཤོག ༢༣༨།

(2)多杰次仁,西藏封建农奴制社会形态,中国藏学出版社。2005.Pg 334.

[14]. གཞུང་དགའ་ལྡན་ཕོ་བྲང་པའི་ལས་ཚན་ཕྱི་ནང་ཏོག་གནས་ཀྱི་གོ་རིམ་དེབ་ཐེར་རིན་ཆེན་ཕྲེང་བ། བོད་རང་སྐྱོང་ལྗོངས་ཡིག་ཚགས་ཁང་། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༡༦། ཤོག་ ༧ ནས་ ༨༡༣།

[15]. 西藏自治区土地册,西藏自治区测绘局,中国地图出版社出版.1996.Pg 37.

[16]. གཞུང་དགའ་ལྡན་ཕོ་བྲང་པའི་ལས་ཚན་ཕྱི་ནང་ཏོག་གནས་ཀྱི་གོ་རིམ་དེབ་ཐེར་རིན་ཆེན་ཕྲེང་བ། བོད་རང་སྐྱོང་ལྗོངས་ཡིག་ཚགས་ཁང་། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༡༦། ཤོག་ ༧ ནས་ ༨༡༣།

 

དབུས་གཙང་ལོ་རྒྱུས་ཆེན་མོ་ལས་བཏུས་པའོ།།

བརྒྱུད་སྐུལ།

མཆན་སྤེལ།