ད) རིགས་པའི་རྒྱལ་པོ་རྟེན་འབྲེལ་གྱི་གཏན་ཚིགས།
རང་ངོས་ནས་གྲུབ་པ་དང་རང་བཞིན་གྱིས་གྲུབ་ཡོད་ན། མེ་ལོང་ལ་རང་གིས་བལྟས་མིན་ལ་མ་ལྟོས་པར་གཟུགས་བརྙན་དེ་ཡོད་དགོས་ཀྱང་དེ་མེད། མེ་ལོང་ལ་རང་གིས་བལྟས་ན་མ་གཏོགས་གཟུགས་བརྙན་དེ་མི་འཆར་བ་དང་། ཡང་གཟུགས་བརྙན་དེ་མེ་ལོང་གི་ངོས་སུ་འཆར་བ་ལའང་རྒྱུ་རྐྱེན་མང་པོ་ཞིག་ཚང་དགོས། རྒྱུ་རྐྱེན་རྟེན་འབྲེལ་ཏེ་རྒྱུ་རྐྱེན་ཚོགས་ན་གཟུགས་བརྙན་འཆར་བ་དེ་རྟེན་འབྲེལ་ཡིན། རྟེན་འབྲེལ་ཞེས་པ་ནི་བརྟེན་ནས་བྱུང་བའམ་དེ་དང་ཕན་ཚུན་འབྲེལ་བ་ཡོད་པ་ཞིག་སྟེ། གཟུགས་བརྙན་དེ་ཡང་རྒྱུ་རྐྱེན་རྟེན་འབྲེལ་འཛོམས་པ་ལ་བརྟེན་ནས་མེ་ལོང་གི་ངོས་སུ་འཆར་བ་ལས་མེ་ལོང་རང་ཉིད་ཀྱི་ངོས་ནས་ཚུར་གྲུབ་པ་ཞིག་མིན།
ང་རང་ཚོས་རང་ངོས་ནས་མ་གྲུབ་པ་དང་། རང་བཞིན་གྱིས་མ་གྲུབ་པ་ཞེས་བརྗོད་སྐབས། སྐབས་འགར་རང་བཞིན་གྱིས་མ་གྲུབ་པ་ཞེས་བརྗོད་ན་གོ་བདེ་བ་དང་། ཁ་ཤས་ལ་རང་ངོས་ནས་མ་གྲུབ་པ་ཞེས་བརྗོད་ན་གོ་བདེ་བ་ཡོང་གི་ཡོད། དོན་ལ་རང་ངོས་ནས་མ་གྲུབ་པ་དང་། རང་བཞིན་གྱིས་མ་གྲུབ་པ་གཉིས་དོན་གཅིག་པ་ཡིན། གཏན་ཚིགས་འགོད་སྐབས། རང་བཞིན་གྱིས་མ་གྲུབ་སྟེ། རྟེན་འབྲེལ་ཡིན་པའི་ཕྱིར། ཞེས་བརྗོད་ཅིང་། མ་གྲུབ་དང་། ཕྱིར་ཞེས་མ་བརྗོད་ནའང་དོན་ལ་རང་ངོས་ནས་མ་གྲུབ་པའི་རྒྱུ་མཚན་གང་ཡིན་ཞེ་ན། རྟེན་འབྲེལ་ཡིན་ཞིང་། རྒྱུ་དང་རྐྱེན་འཛོམས་པ་ལ་བརྟེན་དགོས་ཞེས་པ་དེ་ཡིན།
དེ་ནི་མཚན་ཉིད་རིག་པའི་ཐོག་ནས་གཏན་ཚིགས་རེ་འགོད་སྐབས། རང་ངོས་ནས་མ་གྲུབ་སྟེ། རྟེན་འབྲེལ་ཡིན་པའི་ཕྱིར། ཞེས་བརྗོད་ཀྱི་ཡོད། ད་དུང་དེའི་ཐོག་རང་ངོས་ནས་མ་གྲུབ་པའི་རྟེན་འབྲེལ་དེ་ཅུང་ཟད་གཏིང་ཟབ་ཏུ་བཏང་ན། མེ་ལོང་ནང་གི་བྱད་བཞིན་གྱི་གཟུགས་བརྙན་དེ་ཉིད་གཟུགས་བརྙན་གྱི་མིང་ཙམ་དེ་ལས་ཕར་བརྒལ་ནས་བརྟག་དཔྱད་བྱས་ན། གཟུགས་བརྙན་དེ་ཤེལ་སྒོའི་རྒྱབ་མདུན་དང་སྟེང་འོག་གང་དུ་ཡོད་མེད་བརྟག་དཔྱད་བྱས་ན་རྙེད་རྒྱུ་མེད། གཟུགས་བརྙན་དེ་ཉིད་རྒྱུ་རྐྱེན་རྟེན་འབྲེལ་འཛོམས་པའི་ཐོག་ཏུ་མེ་ལོང་ནང་གི་གཟུགས་བརྙན་ཞེས་མིང་བཏགས་ཙམ་ཞིག་བྱུང་ན་དེས་འགྲིག་པ་ཡིན།
དེར་བརྟེན། ངས་ཁ་སྔོན་མིང་ཙམ་གྱི་རྟེན་འབྲེལ་གྱི་ཐོག་ལ་དཔེ་མང་པོ་ཞིག་ཞུས་ཡོད། མིང་ཙམ་གྱི་ཐོག་ནས་དངོས་པོ་དེ་ཡོད་པའི་ཡོད་གོ་ཆོད་པ་དང་། དེ་ལྟར་གོ་ཆོད་པ་དེ་ལ་ཐ་སྙད་ཚད་མས་གྲུབ་པ་ཞེས་བརྗོད། དགེ་འདུན་ཆོས་འཕེལ་གྱིས། ཐ་སྙད་ཚད་གྲུབ་འཇོག་ལ་བློ་མ་བདེ། །ཞེས་གསུངས་པ་དེ་རེད། དེ་ནི་ངག་ནས་བརྗོད་སྐབས་ལས་སླ་ཡང་། བསམ་བློ་གཏོང་སྐབས་བསམ་བློའི་ཐོག་ནས་ཐ་སྙད་ཚད་མ་ཡག་པོ་ཞིག་འཇོག་རྒྱུ་ཧ་ཅང་ཁག་པོ་ཡོད། དེ་འདྲ་ཞིག་བཞག་ན་ང་རང་ཚོའི་བསམ་བློའི་ཐོག་ཏུ་བདེ་པོ་ཞིག་གཏན་ནས་མེད། མིང་ཙམ་མེད་པའི་དངོས་པོ་ཞིག་འཇོག་རྒྱུ་བྱུང་ན་བློ་བདེ་པོ་ཞིག་ཡོད། མིང་ཙམ་གྱི་ཐོག་ནས་དངོས་པོ་ཞིག་འཇོག་དགོས་བྱུང་ན། སེམས་ལ་བདེ་པོ་ཞིག་གཏན་ནས་མེད། གང་འཚམ་ནས་རང་ཉིད་ཀྱང་མིང་ཙམ་ལས་མི་འདུག ང་གཅིག་བྱས་སོང་། ང་བརླགས་སོང་སྙམ་པ་སོགས་ཡོང་གི་ཡོད། དངོས་པོ་དེ་ཉིད་མིང་ཙམ་ཞིག་ལས་མེད་པ་ཆགས་སྐབས། དངོས་པོ་རང་ཉིད་ཡོད་པ་དེ་འཇོག་མ་ཐུབ་པ་ཆགས་ཡོང་གི་ཡོད། དེ་ལྟར་ཆགས་པར་བརྟེན་དགེ་འདུན་ཆོས་འཕེལ་གྱིས་ཕྱོགས་འགའ་ཞིག་གི་ཐོག་ནས་ཡོད་པ་ལྟ་བུ་དང་། ཕྱོགས་འགའ་ཞིག་གི་ཆ་ནས་མེད་པ་ལྟ་བུ་སྟེ་མདོར་ན་ཐ་སྙད་ཚད་མས་གྲུབ་པ་ཞེས་པ་ཧ་ཅང་འཇོག་དཀའ་བར་གསུངས་པའི་དོན་འདི་ལྟར་རེད།
ང་རང་ཚོའི་བསམ་བློའི་ཐོག་ཏུ་འཇོག་རྒྱུ་དེ་ཁག་པོ་ཡོད། ཁ་ནས་བཤད་རྒྱུ་ཁག་པོ་ཡོད་པའི་དོན་ཞིག་མིན། དེས་ན་མིང་ཙམ་གྱི་རྟེན་འབྲེལ་དེ་ནམ་ཡང་བསླུ་བ་མེད་པར་ལས་བཟང་པོ་བྱས་ན་འབྲས་བུ་བཟང་པོ་ཡོང་རྒྱུ་ཡོད་པ་དེ་མིང་ཙམ་ཞིག་དང་། ལས་ངན་པ་བྱས་ན་འབྲས་བུ་ངན་པ་སྨིན་རྒྱུ་ཡོད་པ་དེ་ཡང་མིང་ཙམ་ཞིག་ཡིན། དེ་ལྟར་མིང་གི་ཐོག་ནས་ལེགས་ཉེས་སོགས་གང་ཞིག་ཡིན་ནའང་འཇོག་ཆོག་པ་དང་། ཐ་སྙད་གང་འདྲ་ཞིག་ཡིན་ནའང་འཇོག་ཐུབ་པ་ཞིག་ཡིན།
རིགས་པའི་རྒྱལ་པོ་རྟེན་འབྲེལ་གྱི་གཏན་ཚིགས་ཞེས་པ་དེ་རིགས་པའི་རྒྱལ་པོའང་ཡིན་ལ་ལས་སླ་པོ་ཞིག་ཀྱང་མེད། དེར་བརྟེན། ང་ཚོའི་སེམས་ནང་མིང་ཙམ་གྱིས་ཡོད་པ་དེ་དང་རང་བཞིན་གྱིས་གྲུབ་པའི་ཡོད་པ་གཉིས་དབྱེ་བ་འབྱེད་རྒྱུ་ཧ་ཅང་ཁག་པོ་ཡོད། ཡོད་ན་མིང་ཙམ་མིན་པ་ཞིག་གི་སྒོ་ནས་ཡོད་དགོས་སྙམ་པ་དེ་ང་ཚོའི་བསམ་བློའི་ནང་གོམས་གཤིས་སུ་འཇགས་ཡོད། མིང་ཙམ་གྱི་ཐོག་ཏུ་བཞག་ན་མི་འདུག་སྙམ་པ་ཞིག་བློ་ངོར་འཆར་གྱི་ཡོད། གནད་འགག་གཙོ་བོ་དེར་ཐུག་པར་བརྟེན། དེའི་སྒྲུབ་བྱེད་དེར་རིགས་པའི་རྒྱལ་པོ་རྟེན་འབྲེལ་གྱི་གཏན་ཚིགས་ཞེས་གནད་འགག་གཙོ་བོ་འདིའི་ཐོག་ལ་ཐུག་ཡོད། དངོས་པོ་གང་དང་གང་ཞིག་ཡིན་ནའང་དེའི་རྒྱུ་དང་། དེའི་འབྲས་བུར་བརྟག་དཔྱད་བྱས་པ་ཞིག་མིན་པར། དངོས་པོ་དེ་ཉིད་ཀྱི་ངོ་བོ་ལ་བརྟག་དཔྱད་བྱས་པ་ཞིག་ཡིན། དེས་ན་ངོ་བོ་ལ་བརྟག་དཔྱད་བྱེད་པ་རྟེན་འབྲེལ་གྱི་གཏན་ཚིགས་ཞེས་བཞག་པ་རེད།
དེར་མཚན་གཞི་འཇོག་ཐུབ་ཀྱི་མི་འདུག་ན། དངོས་པོ་གཅིག་ལ་མི་རིགས་མི་འདྲ་བ་གསུམ་གྱིས་མིང་མི་འདྲ་བ་གསུམ་བཏགས་པ་དེ་དཔེར་བཞག་ནས་མིང་ཙམ་ཞིག་གི་གྲུབ་སྟངས་ཤིག་ཡོད་པ་དེར་ཐོག་མར་གོ་བ་ལེན་པ་དང་། དེ་ལ་གོ་བ་ལོན་ནས་མིང་ཙམ་ལ་གོ་བ་རགས་ཙམ་ཆགས་ན། དེའི་ཐོག་རང་ངོས་ནས་མ་གྲུབ་པའི་མིང་ཞིག་ཡོད་པ་དེའི་ཐོག་གཏིང་ཇེ་ཟབ་ཏུ་བཏང་ནས་རྟེན་འབྲེལ་གྱི་གཏན་ཚིགས་ལ་བསམ་བློ་གཏོང་དགོས། དེ་ནས་གོ་བ་གང་འཚམ་ཆགས་ན། རང་ཉིད་ཀྱི་ང་ཞེས་པ་དེ་ཡང་མིང་ཙམ་ཞིག་ལས་མེད་པ་དེར་བསམ་བློ་གཏོང་དགོས།
དཔེར་ན། ང་རང་ལ་ཆ་མཚོན་ན། ཆུང་དུས་ཕ་མས་བཏགས་པའི་མིང་ཟླ་བ་ཡིན་ལ། སྤུན་མཆེད་རྣམས་ཐུག་འཕྲད་བྱུང་སྐབས་སུ་གཅེན་པོ་ཟླ་བ་ཐུག་བྱུང་ཞེས་བརྗོད་པ་ལས་དུང་དཀར་རིན་པོ་ཆེ་ཞེས་གཏན་ནས་བརྗོད་ཀྱི་མེད། སྤུན་མཆེད་ཀྱི་ནང་ནས་གྲྭ་པ་ཡིན་པ་རྣམས་ཀྱིས་དུང་དཀར་རིན་པོ་ཆེ་ཞེས་འབོད་ཀྱི་ཡོད། དེ་དག་གི་ཐོག་ཏུ་ང་ལ་མིང་གསར་པ་གང་ཞིག་བཏགས་སམ་ཞེ་ན། བློ་བཟང་འཕྲིན་ལས་ཞེས་པ་དེ་ཡིན། བློ་བཟང་འཕྲིན་ལས་ཞེས་བརྗོད་སྐབས་ཡང་ང་ཡིན་སྙམ་པ་ཞིག་ཡོང་གི་ཡོད་པ་ལས་ཟླ་བ་ཞེས་བརྗོད་སྐབས་ང་ཡིན་སྙམ་པ་ཞིག་གཏན་ནས་མེད། གང་ཡིན་ཞེ་ན། ངའི་འདུ་ཤེས་འཇོག་ས་དེ་ཉིད་བརྗེ་པོ་བརྒྱབ་ཟིན་པས་ཡིན། སྔར་ངའི་ཆུང་དུས་ཀྱི་མིང་ལ་ཟླ་བ་ཞེས་བཏགས་ཡོད་ལ། སྤུན་མཆེད་ཚོས་ཀྱང་ང་ལ་ཟླ་བ་ཞེས་འབོད་ཀྱི་ཡོད་ཀྱང་། གཞན་གྱིས་ཟླ་བ་ཞེས་འབོད་སྐབས་ང་ལ་འབོད་ཀྱི་འདུག་སྙམ་པ་གཏན་ནས་མེད། འོན་ཀྱང་། ང་ལ་དུང་དཀར་རིན་པོ་ཆེ་རེད་ཅེས་མིང་མ་བཏགས་པའི་གོང་དུ་ཕ་མས་མིང་ཟླ་བ་ཞེས་བཏགས་པ་ལྟར་མི་སུས་ཟླ་བ་ཞེས་བརྗོད་ཀྱང་ང་ཡིན་སྙམ་པ་ཞིག་འཆར་གྱི་ཡོད། མིང་བརྗེ་པོ་རྒྱག་སྐབས་ཐ་སྙད་ཀྱང་བརྗེ་པོ་ཐེབས་ཀྱི་ཡོད། དེ་ནི་མིང་ཙམ་ཡིན་པའི་རྟགས་མཚན་རེད།
ན) རྩ་རླུང་དང་ལུས་སེམས་ཀྱི་རྣམ་གཞག
མདོ་ལུགས་ལ་འཁོར་བའི་རྩ་བ་བདག་འཛིན་མ་རིག་པ་ཡིན་པ་དང་། གསང་སྔགས་ཀྱི་སྐབས་སུ་འཁོར་བའི་རྩ་བ་བདག་འཛིན་མ་རིག་པ་ཡིན་པའི་ཐོག་ཏུ་བདག་འཛིན་གྱི་བཞོན་པར་གྱུར་པའི་རླུང་དེ་ཡིན། འོ་ན་འཁོར་བའི་རྩ་བར་གཉིས་འཇོག་གི་ཡོད་དམ་ཞེ་ན། འཁོར་བའི་རྩ་བ་གཅིག་ལས་གཉིས་མེད། གཅིག་དེ་ཉེར་ལེན་གྱི་རྒྱུ་དང་། ཅིག་ཤོས་དེ་ལྷན་ཅིག་བྱེད་རྐྱེན་ཡིན། ཉེར་ལེན་གྱི་རྒྱུ་ནི་བདག་འཛིན་མ་རིག་པ་དེ་ཡིན་ལ། ལྷན་ཅིག་བྱེད་རྐྱེན་ནི་རླུང་གིས་བྱེད། དཔེར་ན། སྣམ་བུར་ཆ་མཚོན་ན། བལ་དེ་ཉེར་ལེན་གྱི་རྒྱུ་དང་། བལ་འབྱུང་སའི་ལུག་དང་། འཐག་མཁན། སྣམ་བུ་ཚོས་རྒྱག་མཁན་སོགས་མང་དུ་ཡོད་པ་རྣམས་ལྷན་ཅིག་བྱེད་རྐྱེན་ཡིན། ལྷན་ཅིག་བྱེད་རྐྱེན་ཞེས་པ་ནི། ལྷན་ཅིག་ཏུ་འཛོམས་དགོས་པའི་རྐྱེན་ལ་ལྷན་ཅིག་བྱེད་རྐྱེན་ཞེས་བརྗོད་ཀྱི་ཡོད།
དེ་ལྟར་འཁོར་བའི་རྩ་བ་བདག་འཛིན་མ་རིག་པ་དེ་ལའང་ལྷན་ཅིག་བྱེད་རྐྱེན་གྱི་རླུང་མེད་ན་འཁོར་བའི་རྩ་བ་བདག་འཛིན་མ་རིག་པའི་ནུས་པ་ཐོན་གྱི་མེད། ནུས་པ་ཐོན་པ་ལ་རླུང་དེ་དགོས་ཤིང་། རླུང་དེས་སེམས་ལ་གྲོགས་བྱས་ནས་འདོད་ཆགས་དང་། ཞེ་སྡང་། གཏི་མུག་སོགས་སྐྱེ་བཞིན་ཡོད། དཔེར་ན། མིག་ལོང་བ་རྐང་པ་ཐང་ཐང་ཡོད་པ་ཞིག་དང་། ཞ་རིལ་མིག་ཐང་ཐང་ཡིན་པའི་མི་ཞིག་བཅས་ཡོད་པ་ཁོང་གཉིས་གྲོགས་པོ་ཡིན། མིག་ལོང་བ་རྐང་པ་ཐང་ཐང་ཡོད་པ་དེས་མིག་ལྡན་ཞ་རིལ་དེ་སྒལ་པར་འཁུར་ནས་ལྟོ་ཆས་སློང་བར་ཕྱིན་ན་ལྟོ་ཆས་རག་གི་ཡོད། ཁོང་གཉིས་ཁ་བྲལ་ན་སུ་ལའང་ལྟོ་ཆས་རག་ཐབས་མེད།
ལོང་བ་རྐང་པ་ཐང་ཐང་ཡོད་པ་དེས་མིག་ལྡན་ཞ་རིལ་དེ་སྒལ་པར་ཁྱེར་ནས་ཕྱིན་ན་ལྟོ་ཆས་རག་པ་ལྟར། འཁོར་བའི་རྩ་བ་བདག་འཛིན་མ་རིག་པ་དེ་ཕྱི་རོལ་ཡུལ་ལ་ཕར་འདི་ཡིན་དེ་མིན་གྱི་ངོས་འཛིན་བྱེད་པའི་ནུས་པ་ཡོད། འོན་ཀྱང་ཕྱི་རོལ་ཡུལ་དུ་ཕར་འགྲོ་བའི་ནུས་པ་མེད། འགྲོ་བའི་ནུས་པ་དེ་སུ་ལ་ཡོད་ཅེ་ན། བདག་འཛིན་དེའི་བཞོན་པའི་རླུང་ཞིག་ཡོད་པ་དེས་བྱེད་ཀྱི་ཡོད། སེམས་གང་དུ་ཡོད་ས་དེར་རླུང་དེ་ཡོད་ལ། སེམས་མེད་སར་སེམས་ཀྱི་བཞོན་པའི་རླུང་དེ་ཡང་མེད། སེམས་གང་དུ་ཡོད་ས་དེར་གཟུགས་པོའི་རླུང་རྣམས་རུབ་རུབ་ཆགས་བཞིན་ཡོད།
དཔེར་ན། སྙིང་ལ་གཤག་བཅོས་བྱེད་སྐབས་སྙིང་གི་གཡས་གཡོན་དུ་ཁབ་བརྒྱབ་སྟེ་གཤག་བཅོས་བྱེད་སའི་སྙིང་གི་གནས་དེའི་སྲོག་དབང་གནས་གཞན་དུ་སྤོས་ཟིན་པ་དང་། དེ་རྗེས་སྙིང་ལ་དྲས་བཏུབ་བྱེད་པ་དང་། གཞན་གྱི་སྙིང་དང་བརྗེ་པོ་རྒྱག་པ་གང་ཞིག་བྱས་ཀྱང་མི་ཚོར། སྐབས་དེར་དབང་རྩ་གནས་གཞན་དུ་སྤོས་ཟིན་པར་བརྟེན་དེར་རླུང་ཡང་མེད། རླུང་མེད་སྟབས་ཚོར་བ་མེད་ལ། ཚོར་བ་མེད་སྟབས་ན་ཟུག་ཀྱང་མེད།
གསང་སྔགས་ཀྱི་གཞུང་ནས་སེམས་དང་རླུང་གཉིས་དུས་ནམ་དུ་ཡང་ཁ་བྲལ་ཐབས་མེད་པར་གསུངས་ཡོད། མ་གཞི་གསང་སྔགས་ཀྱི་ཆོས་ཞུ་མ་མྱོང་བར་འདི་བཤད་ཆོག་པ་ཞིག་མིན། ཆོས་ཀྱི་ནང་བཤད་པ་ལྟར་ན་དབང་ཞུ་མ་མྱོང་བར་བཤད་མི་ཆོག་པ་རེད། འོན་ཀྱང་། འདིར་དངོས་པོའི་གནས་ལུགས་བཤད་པར་བརྟེན་མི་འགྲིག་པ་མེད་སྙམ། གསང་སྔགས་ཀྱི་གཞུང་ནས་དངོས་པོའི་གནས་ལུགས་གང་ཞིག་གསུངས་ཡོད་ཅེ་ན། ལུས་པོ་དང་གཅིག སེམས་དང་གཉིས། རླུང་དང་གསུམ། རྩ་བཅས་བཞི་པོ་དེ་རྣམས་ཕན་ཚུན་འབྲེལ་བ་ཡོད་པ་ཞིག་དང་། དེ་བཞི་མ་འཛོམས་ན་སེམས་ཀྱི་བྱ་བ་བྱེད་མི་ཐུབ། སེམས་ཀྱིས་བྱ་བྱེད་པ་ལ་རླུང་དགོས་ཤིང་། རླུང་དེ་ཡང་རང་ཉིད་འགྲོ་སའི་རྩའི་སྦུ་གུ་ཞིག་དགོས་པ་དང་། རྩའི་སྦུ་གུ་དེའི་ནང་ནས་རླུང་མིག་ལ་ཕྱིན་ན་མིག་གི་གཟུགས་མཐོང་བ་དང་། རྣ་བར་ཕྱིན་ན་རྣས་སྒྲ་ཐོས་པ། ལྕེ་ལ་ཕྱིན་ན་ལྕེས་རོ་མྱོང་བ། ལུས་ཀྱི་ཐོག་ཏུ་ཕྱིན་ན་ཚ་གྲང་དང་བདེ་སྡུག་ཤེས་རྟོགས་ཐུབ་ཀྱི་ཡོད།
མིག་གི་རྩ་ལ་སྐྱོན་ཤོར་ན་དེའི་རླུང་འགྲོ་ས་མེད་ལ། རླུང་འགྲོ་ས་མེད་སྟབས་མིག་གིས་གཟུགས་མི་མཐོང་བ་ཡིན། མིག་གི་རྩའི་ནང་དུ་རླུང་ཡོད་པ་དང་། རླུང་དེས་ཕྱི་རོལ་ཡུལ་དང་འབྲེལ་བ་བྱས་ནས་མིག་གིས་གཟུགས་མཐོང་བ་དང་། གཟུགས་མཛེས་དང་མི་མཛེས་ཀྱི་དབྱེ་བ་འབྱེད་པ་བྱུང་བ་རེད། ད་གང་བྱེད་དགོས་སམ་ཞེ་ན། ང་ཚོའི་གཟུགས་པོར་ཡོད་པའི་རླུང་དེར་རང་ཉིད་རང་དབང་འཐོབ་དགོས་པ་ཡིན། རླུང་ལ་རང་དབང་འཐོབ་པར་བྱེད་པ་ལ་དེ་ལ་བཀོད་པ་གཏོང་ཐུབ་པ་ཞིག་དང་། དེ་ལ་བཀོད་འདོམས་བྱེད་ཐུབ་པ་ཞིག་དགོས་ན། རང་གི་བསམ་བློ་གཏོང་ས་དེ་གཏན་འཁེལ་བ་ཞིག་ལ་བཞག་ནས་རླུང་དེ་རྣམས་དེ་ལ་འདུ་ཐུབ་པ་བྱེད་དགོས།
འདི་ནི་དམག་རྒྱག་པ་དང་གཅིག་མཚུངས་ཡིན། ཐོག་མར་དམག་རྒྱག་སྐབས་གྲོང་ཁྱེར་གྱི་མཐའ་སྐོར་དུ་ཆགས་པའི་གྲོང་གསེབ་ནས་དམག་བརྒྱབ་སྟེ་དེ་དག་ལས་རྒྱལ་ཁ་ཐོབ་ན་དེ་རྗེས་གཞི་ནས་གྲོང་ཁྱེར་ནང་དམག་བརྒྱབ་ན་རྒྱལ་ཁ་འཐོབ་པའི་དཔེ་ལྟར། ང་རང་ཚོའི་སེམས་ཀྱི་རྩ་བ་གནས་ས་དེ་སྙིང་ཡིན། དེ་ལ་དམག་ཆེན་མ་བརྒྱབ་པའི་སྔོན་ཏེ་སྙིང་གི་རྩ་དེ་དག་ལ་རང་དབང་འཐོབ་པ་ཞིག་དང་། དེའི་ནང་ཡོད་པའི་རླུང་དེ་དག་ལ་རང་དབང་འཐོབ་པ་ཞིག་བྱེད་པ་ལ་ཐོག་མར་སྤྱི་བོ་དང་། མགྲིན་པ། སྙིང་ག ལྟེ་བ། གསང་གནས་བཅས་གནས་དེ་དག་ལ་རྒྱུ་བའི་རླུང་རྣམས་འདུ་བར་བྱས་ནས་གནས་གཅིག་ཏུ་བཀོད་འདོམས་བྱེད་ཐུབ་པ་ཞིག་བཟོ་དགོས། དེ་དག་བཟོས་ཟིན་ན་གཞན་རྣམས་ལས་སླ་པོ་ཡིན། དམག་དོན་གྱི་བཀོད་འདོམས་ཁང་གཙོ་བོ་ལྟ་བུ་དེ་འདིར་གནས་ཡོད། འདི་ནས་སྟེང་འོག་དང་གཡས་གཡོན་ཚང་མར་བཀོད་འདོམས་བྱེད་བཞིན་ཡོད། དེ་ཡང་ལས་ཁུངས་ཚུགས་པ་ལྟར་ང་རང་ཚོའི་གཟུགས་པོའི་ནང་གི་རྩ་དང་། རླུང་། མིག་སོགས་ཀྱིས་མ་ཤི་བར་དུ་བྱ་བ་བྱེད་པ་དེ་ཀུན་གྱི་བཀོད་འདོམས་འདི་ནས་བྱེད་བཞིན་ཡོད། རླུང་འགྲོ་ས་ནི་ཁ་པར་གྱི་སྐུད་པ་ལྟར་གཟུགས་པོའི་སྟོད་སྨད་བར་གསུམ་དུ་དྲ་བ་ལྟར་ཁྱབ་ནས་ཡོད། གང་འཚམ་ནས་སེམས་དང་རླུང་ལ་རང་དབང་ཐོབ་པ་སོགས་ཀྱི་འབྲས་བུར་མ་ཤི་གོང་ནས་རང་གི་ད་ལྟའི་ལུས་པོ་འདི་དང་སེམས་གཉིས་ཁ་བྲལ་ཐུབ་ཀྱི་ཡོད།
དེས་ན་འཁོར་བའི་རྩ་བ་ང་རང་ཚོར་ཁོང་ཁྲོ་ཟ་བ་དང་། འདོད་ཆགས་དང་ཞེ་སྡང་སྐྱེ་བ། གཏི་མུག་དང་ང་རྒྱལ་ཕྲ་དོག་སོགས་ཚང་མ་ཡོང་བའི་རྒྱལ་པོ་ལྟ་བུ་ནི་བདག་འཛིན་མ་རིག་པ་དེ་ཆགས་ཡོད། བདག་འཛིན་མ་རིག་པ་ལ་འགུལ་སྐྱོད་གཏོང་མཁན་ནི་རླུང་གིས་བྱེད་བཞིན་ཡོད། རྒྱལ་པོ་དེ་ཡག་པོ་ཞིག་གཅུན་ཐུབ་ན། དེ་ལ་ཤུགས་རྒྱག་མཁན་རྣམས་རང་ཤུགས་ཀྱིས་འདུ་ཐུབ་པ་ལྟ་བུ་རེད། མདོ་སྔགས་གཉིས་ཀ་ནས་འཁོར་བའི་རྩ་བ་གཅིག་ལས་མེད། དེ་ནི་བདག་འཛིན་མ་རིག་པ་དེ་ཆགས་ཡོད། མདོ་ཕྱོགས་ནས་འཁོར་བའི་རྩ་བ་བདག་འཛིན་མ་རིག་པ་ཡིན་ཞེས་གསུངས་པ་ལས། དེ་ལ་རྐྱེན་གཞན་བཞོན་པའི་རླུང་ཡོད་པ་དེ་གསང་སྔགས་ཀྱི་སྐབས་ནས་མ་གཏོགས་གསུངས་མེད།
དེང་སང་རླུང་བསྒོམས་ནས་མིའི་གཟུགས་པོ་ཐང་པོ་དང་སེམས་སྐྱིད་པོ་ཆགས་པ་དེ་ཡོང་གི་ཡོད། དེ་དངོས་ཡོད་རེད། གསང་སྔགས་ཀྱི་སྐབས་ནས་དམིགས་ཡུལ་དེ་གཅིག་པུ་མིན་པར་གཙོ་བོ་དེ་རླུང་དང་སེམས་ལ་རང་དབང་ཐོབ་ནས་མ་ཤི་གོང་ནས་རང་གི་ལུས་པོ་དང་སེམས་གཉིས་ཁ་བྲལ་ཏེ་ལུས་དེ་སེམས་ཀྱི་གནས་ཚང་ལྟ་བུ་ཞིག་ཏུ་འགྱུར་བར་བྱེད། དཔེར་ན། ལྷ་སར་འགྲོ་སྐབས་ལྷ་སར་སྡོད་སའི་གནས་ཚང་ཡོད་པ་དང་། རྒྱ་ནག་ཏུ་འགྲོ་སྐབས་རྒྱ་ནག་ཏུ་སྡོད་སའི་གནས་ཚང་ཞིག་ཡོད་པ་ལྟར་ཡིན། སྡོད་ས་གཅིག་ལས་མེད་ན་དེ་ལ་རང་དབང་དེ་ཙམ་མེད་པ་དང་། སྡོད་ས་མང་པོ་ཡོད་པ་དེའི་ཚོད་ཀྱིས་རང་དབང་ཆེ་བ་ཡོད། དེར་བརྟེན། སེམས་དེ་མི་གཞན་གྱི་ལུས་དང་། སེམས་ཅན་གཞན་བྱ་དང་བྱིའུ་དང་། གཅན་གཟན་སོགས་ཀྱི་ལུས་ལ་རྣམ་ཤེས་ཞུགས་ནས་རང་གི་ལུས་དང་སེམས་གཉིས་ཁ་བྲལ་ནས་གང་ཞིག་བྱེད་དགོས་པ་རྣམས་བྱས། དེ་དག་ཚར་ནས་སླར་ཡང་རང་གི་ལུས་ལ་ཚུར་རྣམ་ཤེས་ཞུགས་པ་སོགས་དེ་ལྟ་བུའི་རང་དབང་ཆེན་པོ་འཐོབ་རྒྱུ་ཡོད།
དེང་སྐབས་མཐོང་རྒྱུ་མེད་པ་གང་ཡིན་ཞེ་ན། ཆོས་ལུགས་ཀྱི་ཐོག་ནས་བཤད་ན་ང་རང་ཚོར་རྨང་གཞི་ཡག་པོ་ཞིག་མེད་སྟབས་འབྲས་བུ་མི་ཐོན་པ་ཡིན་པ་ལས། དེ་དངོས་གནས་ཡོང་རྒྱུ་ཡོད། དཔེར་ན། སྲས་དར་མ་མདོ་སྡེ་ལྟ་བུ་སྟེ། སྲས་དར་མ་མདོ་སྡེ་རྟས་གཡུགས་ཏེ་ཀླད་ཁྲག་འདྲེས་ནས་གཟུགས་པོ་འཕྲོ་བརླག་ཏུ་སོང་རྗེས་ཁོང་ཉིད་རླུང་ལ་རང་དབང་ཐོབ་ཟིན་པ་ཞིག་ཡིན་སྟབས། རང་ཉིད་ཀྱི་དབུགས་མ་ཆད་པའི་སྔོན་དུ་ལམ་སེང་མི་གཞན་གྱི་ལུས་པོ་རྨ་ལ་སོགས་པའི་སྐྱོན་མེད་གཙང་མའི་རིགས་འཚོལ་སྐབས་གཏན་ནས་མ་རྙེད་ཅིང་། མཐར་ཕུག་རོན་ཤི་བའི་རོ་ཞིག་ལས་མ་རྙེད་པར་བརྟེན། ཕུག་རོན་ཤི་བའི་རོ་ལ་ཁོང་གི་རྣམ་ཤེས་ཞུགས་ནས་རྒྱ་གར་དུ་ཕེབས་པ་དང་། གང་འཚམ་ནས་ལམ་ནོར་ཐེབས་ནས་ཚུར་རང་འཇགས་ལོག་སྟེ་མར་པའི་དྲུང་དུ་ཉིན་བདུན་རིང་བཞུགས་རིང་མར་པས་ལམ་ངོ་ཞིབ་གསལ་བསྟན་པ་ལྟར་སླར་ཡང་རྒྱ་གར་དུ་ཕེབས་ནས་དུར་ཁྲོད་ཅིག་གི་སྟེང་དུ་བབས། དུར་ཁྲོད་དེའི་སྟེང་དུ་བུ་ལོ་ན་བཅུ་གསུམ་བཅུ་བཞིར་སོན་པའི་རོ་ཞིག་གི་ཐོག་ཏུ་ཕུག་རོན་དེ་བབས་ནས་གང་འཚམ་ནས་ཕུག་རོན་ཤི་བ་དང་། ཕྲུ་གུ་དེ་ཡར་ལངས་ནས་བླ་མ་མང་པོ་བསྟེན་ནས་ཆོས་ཞུས་པ་སོགས་ཁོང་གིས་སྐྱེ་བ་གཅིག་ལ་ལུས་གཉིས་བླངས་པ་རེད། དེ་འདྲ་མང་པོ་ཡོད། འདི་ནི་ད་ལྟའི་བརྗོད་གཞི་དང་འབྲེལ་བ་ཡོད་སྟབས་བརྗོད་པ་ལས། དེ་མིན་སློབ་གྲྭ་གཞན་དུ་འདི་ལྟར་བཤད་ན་དུག་བཏང་བ་དང་། རྨོངས་དད་རེད་ཅེས་བརྗོད་ངེས་ཡིན།
ང་ཚོས་འདི་དག་གི་ཐོག་ཞིབ་འཇུག་བྱེད་དགོས་པ་ཡིན། ཞིབ་འཇུག་བྱེད་དགོས་ན་ཐོག་མར་ཤེས་དགོས་པ་ཡིན། མ་ཤེས་ན་ཞིབ་འཇུག་བྱེད་ཐབས་མེད། ཤེས་པ་ལ་ཐོག་མར་ཐོས་དགོས་པ་ཡིན། འདི་དག་གི་ཐད་ཞིབ་འཇུག་བྱེད་རྒྱུ་དེ་ལས་སླ་པོ་མིན། འདི་དག་སྐོར་ལ་ཞིབ་འཇུག་བྱེད་དགོས་ན་ངས་ཁ་སྔོན་ཞུས་པ་ལྟར་སེམས་ཁམས་རིག་པ་དང་། གསོ་བ་རིག་པ། དེ་བཞིན་ཀྲུང་གོའི་ལོ་རྒྱུས་ནང་བྱུང་བའི་ཁབ་བརྒྱབ་ནས་མི་གཤག་བཅོས་བྱེད་པ་དེའི་འགྲོ་སྟངས། གསང་སྔགས་ནང་གསུངས་པའི་མིའི་གཟུགས་པོ་དང་སེམས་ཆགས་སྟངས་ཀྱི་གཞུང་སོགས་མང་པོ་དང་འབྲེལ་ཏེ་མཁས་པ་མང་པོ་ཞིག་འཛོམས་པ་དང་། དེ་ལ་འཕྲུལ་ཆས་ཀྱང་མང་པོ་ཞིག་དགོས་པར་མ་ཟད། མི་སྣ་ཡང་མང་པོ་ཞིག་འཛོམས་དགོས་པ། རླུང་སྒོམ་མཁན་མཁས་པ་ཡང་འཛོམས་པ་སོགས་མང་པོ་ཞིག་གི་ཐོག་ནས་བརྟག་དཔྱད་བྱེད་དགོས་པའི་དོན་དག་ཆེན་པོ་ཞིག་ཆགས་ཡོད།
འོན་ཀྱང་། ང་ཚོར་ད་ལྟ་དེ་འདྲའི་ཆ་རྐྱེན་འཛོམས་ཁག་པོ་ཡིན། ང་རང་ཚོར་ཡང་ཆ་རྐྱེན་དེ་ཙམ་མེད་པའི་ཁར། གཞན་དག་ལ་བྱེད་པར་ཡང་སྔོན་ལ་གོང་རིམ་ལ་ཆོག་མཆན་ཞུ་དགོས། ལས་ཀ་འདི་གཞི་རྒྱ་ཆེན་པོ་ཡིན་སྟབས། འདིར་ཞིབ་འཇུག་བྱེད་རྒྱུ་ཁག་པོ་ཡིན། ང་རང་ཚོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཁང་གཅིག་པུས་ཞིབ་འཇུག་གི་ལས་ཀ་འདི་བྱེད་ཐུབ་རྒྱུ་ཁག་པོ་རེད། འདིའི་ཐད་མཁས་པ་མང་པོ་ཞིག་འཛོམས་ནས་བྱེད་དགོས་པ་དང་། དེ་ཡང་གང་ཟག་སོ་སོ་སྒེར་གྱིས་ཞིབ་འཇུག་དང་། ཡང་མཉམ་དུ་ཞིབ་འཇུག་བྱེད་པ། འདི་ལྟར་ལོ་མང་པོ་སྒེར་དང་མཉམ་འབྲེལ་གྱིས་ཞིབ་འཇུག་བྱས་པའི་མཐར་མཇུག་སྡོམ་ཞིག་རག་གི་རེད།
པ) སེམས་ཕྲ་རགས་ཀྱི་རྣམ་གཞག
གསང་སྔགས་གི་སྐབས་སུ་གསུངས་པའི་འཁོར་བའི་རྩ་བར་གྱུར་པའི་རླུང་དེ་ཡིན་ན་སྤང་བྱ་ཡིན་པས་ཁྱབ་བམ། རླུང་ཞེས་པ་དེ་གང་འདྲ་ཞིག་རེད་ཅེ་ན། རླུང་དེ་བེད་སྤྱོད་བཏང་ཤེས་ན་འཁོར་བ་ལས་གྲོལ་ཐུབ་པ་ཞིག་དང་། བེད་སྤྱོད་བཏང་མ་ཤེས་ན་འཁོར་བར་འཁོར་བ་ཞིག་ཡིན། རླུང་དེ་ལེགས་པའི་ཕྱོགས་སུ་བེད་སྤྱོད་བཏང་ན་ལེགས་པའི་ནུས་པ་ཐོན་ལ། ཉེས་པའི་ཕྱོགས་སུ་བེད་སྤྱོད་བཏང་ན་ཉེས་པའི་ནུས་པ་ཐོན་ཐུབ་པ་ཞིག་ཡིན། བདག་འཛིན་མ་རིག་པ་ནི་སྡུག་པ་ལས་ལེགས་པའི་ནུས་པ་འཐོན་རྒྱུ་མེད། འོན་ཀྱང་། རླུང་དེས་སེམས་ལ་གྲོགས་བྱས་ཏེ་ལེགས་པའི་ནུས་པ་ཐོན་ཐུབ་པ་ཞིག་ཡིན།
སེམས་ཕྲ་མོ་ཞེས་པ་ནི། དཔེར་ན། རྨི་ལམ་རྨིས་པའི་སྐབས་ཀྱི་སེམས་ཕྲ་མོ་ཞིག་ཡོད་ལ། དེ་ལྟར་སེམས་ཕྲ་མོས་ལས་ཀ་བྱེད་སྐབས་སེམས་རགས་པས་ལས་ཀ་མི་བྱེད་ཅིང་། ཡང་སེམས་རགས་པས་ལས་ཀ་བྱེད་སྐབས་སེམས་ཕྲ་མོས་ལས་ཀ་མི་བྱེད་པ་ཡིན། སེམས་ཕྲ་རགས་གཉིས་ཀར་རླུང་གིས་གྲོགས་བྱས་ནས་ལས་ཀ་བྱེད་བཞིན་ཡོད། རླུང་རྣམས་ཆད་པ་ན་སེམས་ཀྱིས་ལས་ཀ་བྱེད་ཀྱི་མེད། དབུགས་ཆད་པ་ན་མིག་གིས་གཟུགས་མཐོང་བ་དང་། རྣ་བས་སྒྲ་ཐོས་པ་སོགས་ཡོང་གི་མེད། སྐབས་དེར་སེམས་ཕྲ་མོ་གཅིག་པུས་ལས་ཀ་བྱེད་བཞིན་ཡོད། སྐབས་དེའི་གཟུགས་པོ་ནི་རླུང་ལས་གྲུབ་པའི་གཟུགས་སྟེ་རླུང་གཟུགས་ལྟ་བུ་ཞིག་ལས་མེད། དེ་ནི་རྨི་ལམ་གྱི་གཟུགས་ལྟར་རླུང་ལས་གྲུབ་པའི་གཟུགས་ཤིག་ཡིན་པ་དང་། རླུང་ལས་གྲུབ་པའི་གཟུགས་ཤིག་ཆགས་ཐུབ་ན། ང་ཚོ་ད་ལྟའི་གཟུགས་འདིར་ངེས་པར་དུ་གནས་ཚང་གཡར་ནས་སྡོད་མི་དགོས་པར་གཞན་དུ་འགྲོ་ནའང་ཆོག ཡང་ན་ད་ལྟའི་ལུས་འདི་བཞག་ནས་ལུས་གཞན་གྱི་ནང་དུ་ཕྱིན་ཀྱང་ཆོག་པ་བཅས་གང་བྱེད་བྱེད་ལྟ་བུ་ཞིག་ཡོད། དེར་བརྟེན། རླུང་དེ་ལ་སྤང་བྱ་ཡིན་པའི་ཆ་ཞིག་དང་བེད་སྤྱོད་གཏོང་རྒྱུའི་ཆ་ཞིག་སྟེ་གཉིས་ཡོད།
སེམས་ལ་ཕྲ་རགས་གཉིས་ལས་སེམས་ཕྲ་མོ་རྒྱུན་ཆད་རྒྱུ་མེད་པ་ཞིག་ཡོད་པ་དེ་དང་། ང་རང་ཚོ་ཤི་བའི་གནས་སྐབས་སུ་མེད་པ་ཆགས་རྒྱུའི་སེམས་གཉིས་ལས་གཅིག་ནི་སེམས་ཕྲ་མོ་དང་། ཅིག་ཤོས་ནི་སེམས་རགས་པ་ཡིན། སེམས་རགས་པ་ཞེས་པ་གང་འདྲ་ཞིག་ལ་བརྗོད་ཅེ་ན། མཐོང་བའམ་ཡང་ན་ཐོས་པ་སོགས་རྩ་གཅིག་ལ་བརྟེན་པ་སྟེ། རྩའི་ནང་དུ་རླུང་རྒྱུ་ནས་དེས་གྲོགས་བྱས་ཏེ་ལས་ཀ་བྱེད་དགོས་པའི་སེམས་གཅིག་ཡོད་པ་དེ་ལ་སེམས་རགས་པ་ཞེས་བརྗོད་ཀྱི་ཡོད། སེམས་རགས་པའི་བརྟེན་ས་དེ་ངེས་པར་དུ་རྩ་ཞིག་དང་རྩ་དེའི་ནང་དུ་རྒྱུ་བའི་རླུང་གཉིས་མཉམ་དུ་མེད་ན་སེམས་རགས་པ་དེས་ལས་ཀ་བྱེད་མི་ཐུབ་པ་ཡིན། ང་ཚོས་མི་འདི་ལ་སེམས་མི་འདུག་ཅེས་བརྗོད་པ་དེ་ཡིན།
སེམས་ཕྲ་མོ་དེ་ལ་རྩ་ཞིག་དང་། དེའི་ནང་དུ་རྒྱུ་བའི་རླུང་གཅིག་བཅས་དགོས་དོན་མེད། རླུང་ཕྲ་མོ་དང་སེམས་ཕྲ་མོ། རླུང་རགས་པ་དང་སེམས་རགས་པ། ལུས་རགས་དང་ལུས་ཕྲ་མོ་ཞེས་བརྗོད་ཀྱི་ཡོད། དེ་ཡང་ལུས་རགས་པ་ཞེས་པ་ནི། ང་རང་ཚོའི་ལུས་ཀྱི་ཤ་དང་པགས་པ་དང་། རུས་པ་དང་རྒྱུ་མ་སོགས་ཡིན། འདི་ཚོ་དངོས་གནས་ཡོད་མེད་དེ་ང་ཚོས་ཞིབ་འཇུག་བྱེད་དགོས་པ་ཡིན། འགའ་ཞིག་གིས་གློག་ཀླད་ཀྱི་འཕྲུལ་འཁོར་བཏང་ནས་མིའི་བསམ་བློའི་ཀླད་པའི་འགུལ་སྐྱོད་དང་། སྙིང་གིས་འགུལ་སྐྱོད་རྒྱག་སྐབས་སེམས་ཀྱིས་འགུལ་སྐྱོད་ཇི་ལྟར་རྒྱག་མིན་ནི་སེམས་རགས་པའི་གནས་ཚུལ་ལས། སེམས་ཕྲ་མོའི་གནས་ཚུལ་མཐོང་ཐུབ་ཀྱི་མེད། རླུང་སེམས་ཕྲ་མོ་དེའི་རྒྱུན་ཆད་རྒྱུ་མེད་ཅིང་། རླུང་ལ་སྤང་བྱ་ཡིན་པའི་ཆ་གཅིག་དང་། བེད་སྤྱོད་གཏོང་རྒྱུའི་ཆ་གཅིག་བཅས་གཉིས་ཡོད།
སེམས་རགས་པ་ལ་སྤང་བྱ་ལས་བེད་སྤྱོད་གཏོང་རྒྱུའི་ཆ་མེད། འོན་ཀྱང་། སེམས་ཕྲ་མོར་རང་དབང་མ་ཐོབ་བར་དུ་སེམས་རགས་པ་དེ་བེད་སྤྱོད་གཏོང་དགོས་པ་ཡིན། སེམས་ཕྲ་མོར་རང་དབང་ཐོབ་ན། སེམས་རགས་པ་དེ་ཉིད་དགོས་དོན་མེད། དཔེར་ན། རྒྱ་མཚོར་འགྲོ་བ་ལ་གྲུ་གཟིངས་བཏང་ནས་འགྲོ་དགོས་མོད། འོན་ཀྱང་། རྒྱ་མཚོའི་ཕ་རོལ་དུ་སླེབས་རྗེས་གྲུ་གཟིངས་དགོས་དོན་མེད་པ་ལྟ་བུ་ཡིན། རླུང་ལ་རང་དབང་ཐོབ་ཅིང་སེམས་ལ་རང་དབང་མ་ཐོབ་ཀྱི་བར་དུ་ལུས་རགས་པ་དང་། སེམས་རགས་པ། རླུང་རགས་པ་བཅས་བེད་སྤྱོད་གཏོང་དགོས་པ་ཡིན། དེ་དག་ལ་རང་དབང་ཐོབ་མཚམས་རགས་པའི་རིགས་རྣམས་བེད་སྤྱོད་བཏང་ན་འགྲིག་ལ། བེད་སྤྱོད་མ་བྱས་པར་བཞག་ནའང་འགྲིག ངེས་པར་དུ་དེ་ལ་བརྟེན་དགོས་པའི་གཞན་དབང་གང་ཡང་མེད། མཚན་ཉིད་རིག་པའི་ནང་རང་དབང་ཅན་དང་། གཞན་དབང་ཅན་ཞེས་གསུངས་པ་དང་གཅིག་པ་ཡིན།
རླུང་སེམས་ཀྱི་སྐོར་འདི་ད་ལྟ་རགས་ཙམ་ཡིན་པ་ལས། ཞིབ་ཕྲ་ཞུས་ན་ཐོག་མར་གཟུགས་པོའི་ཆགས་སྟངས་ཆ་ཚང་སློབ་དགོས་པ་དང་། དེ་དག་ཤེས་རྗེས་གཟུགས་པོའི་ནང་གི་རྩའི་ཆགས་སྟངས། དེ་ཡང་རྩ་ཇི་ཙམ་ཡོད་པ་དང་། དེ་དག་གི་བྱེད་ལས་གང་དང་གང་ཡིན་མིན། ལུས་ཀྱི་གནད་གང་དང་གང་དུ་འགྲོ་མིན། མིག་ཏུ་འགྲོ་མཁན་གྱི་རྩ་དང་། རྣ་བའི་ནང་དུ་འགྲོ་མཁན་གྱི་རྩ་སོགས་གང་དང་གང་ཡིན་པ། དེ་དག་གི་རྩ་བ་གང་དུ་ཡོད་པ་བཅས་ཆ་ཚང་ལེགས་པར་ཤེས་པར་བྱེད་དགོས། དེ་དག་ཆ་ཚང་ཤེས་རྗེས་རྩ་དེ་དག་གི་ནང་ནས་ཁྲག་རྒྱུ་སའི་རྩ་གང་ཡིན་མིན་དང་། ཁུ་བ་འགྲོ་སའི་རྩ་གང་ཡིན་མིན། རླུང་རྒྱུ་སའི་རྩ་གང་ཡིན་མིན། རྩ་དེ་དག་ལུས་ཀྱི་གནད་དང་ཕྱོགས་གང་དུ་ཡོད་མེད། རྩའི་གནད་ཆེ་ས་གང་དུ་ཡོད་མེད་ལ་སོགས་ཆ་ཚང་སློབ་དགོས།
དེ་རྗེས་དེ་དག་གི་ནུས་པ་གང་དག་ཐོན་མིན་དང་། ཟླ་བ་རེ་རེའི་ཚེས་པ་གཅིག་དང་། ཚེས་གཉིས། ཚེས་གསུམ། ཡང་ཚེས་པ་གཅིག་ནས་བཅོ་ལྔའི་བར་ཚེས་པ་སོ་སོར་ནུས་པ་གང་དང་གང་ཐོན་མིན། དེ་མིན་ཚེས་བཅུ་དྲུག་ནས་སུམ་ཅུའི་བར་དུ་ནུས་པ་གང་དང་གང་ཐོན་མིན། དེ་ཡང་རྣ་ཁུང་གཡས་གཡོན་སོགས་ནས་ཇི་ལྟར་རྒྱུ་མིན། གཟུགས་གཞི་བདེ་ཐང་ཡིན་ན་ཇི་ལྟར་རྒྱུ་བ་དང་། ནད་ཅན་གྱི་ལུས་ལ་ཇི་ལྟར་རྒྱུ་བ་བཅས་ཆ་ཚང་ཞིབ་ཕྲ་སློབ་དགོས།
དེ་དག་ཞིབ་ཕྲ་ཤེས་རྗེས་རྩ་བའི་ཆོས་ཉིད་རྣམས་ཤེས་ཟིན་སྟབས། དེ་རྗེས་ཆོས་ཉིད་དེ་དག་བེད་སྤྱོད་གཏོང་ཚུལ་སློབ་བཞིན་ཡོད། གསང་སྔགས་ཀྱི་རྣམ་གཞག་འདི་ལྟར་ཡིན་ལ། ཞིབ་ཕྲ་འདིར་བཤད་མི་ཆོག་པ་ཡིན། དེར་བརྟེན། ཆོས་ལུགས་ལ་ཞིབ་འཇུག་བྱེད་མཁན་ཡིན་ན། གསང་སྔགས་ཀྱི་གཞུང་ལ་ཞིབ་འཇུག་བྱེད་དགོས་པ་ཞིག་ཆགས་ཡོད། གསང་སྔགས་ཀྱི་གཞུང་ལ་ཞིབ་འཇུག་བྱས་ན། དབང་མ་ཞུས་པར་གསང་སྔགས་ཀྱི་གཞུང་ལ་ཞིབ་འཇུག་བྱེད་མི་ཆོག་པ་ཡིན། དབང་ནི་ཁྱེད་རང་ཚོས་མི་ཞུ་བས་འདི་ཙམ་གྱིས་འགྲིག། འདི་རྩ་བའི་རྨང་གཞིའི་ཤེས་ཡོན་ཙམ་ཞིག་ཡིན།
ཕ) མཚན་ཉིད་རིག་པའི་རྣམ་གཞག
ཆོས་ལུགས་ཀྱི་མཚན་ཉིད་རིག་པ་ནི་ཧ་ཅང་རྒྱ་ཆེན་པོ་ཡིན། ཁ་སྔོན་ཐོག་མར་ཞུས་པ་བཞིན། མཚན་ཉིད་རིག་པ་ཞེས་བརྗོད་སྐབས་ཞིབ་འཇུག་བྱ་རྒྱུའི་གནད་དོན་ཞིག་ཤོད་ཀྱི་ཡོད། ཕྱིའི་སྣང་ཚུལ་སྣ་ཚོགས་ཤིག་ཡོད། ཕྱིའི་སྣང་ཚུལ་སྣ་ཚོགས་པ་ཞིག་ཡོད་པ་དེ་དག་ནི་ཞིབ་འཇུག་བྱེད་སའི་ཡུལ་ཡིན་ལ། དེ་ལ་མཚན་མ་སྣ་ཚོགས་དང་། རྟགས་མཚན་སྣ་ཚོགས། ཁྱད་ཆོས་སྣ་ཚོགས། སྣང་ཚུལ་སྣ་ཚོགས་ཡོད་པ་རྣམས་ནི་མཚན་ཉིད་ཅེས་པའི་མཚན་མ་དེ་ཡིན།
མཚན་མ་དེས་ངོ་བོ་ངོ་མ་མཚོན་ཐུབ་པ་ཞིག་དང་། ངོ་བོ་ངོ་མ་མཚོན་མི་ཐུབ་པ་བཅས་གཉིས་ཡོད། སྣང་ཚུལ་རྫུན་མས་ངོ་བོ་ངོ་མ་དེ་བསྒྲིབས་ནས་མ་ཤེས་པ་ཆགས་རྒྱུ་ཡང་ཡོད། སྣང་ཚུལ་དེ་ང་ཚོས་ཞིབ་འཇུག་བྱེད་སའི་ཡུལ་ལ་བཞག་ནས་སྣང་ཚུལ་དེ་དག་གི་ངོ་བོ་གང་ཞིག་ཡིན་པ་དང་། མཚན་ཉིད་ཅེས་པའི་ཉིད་དེ་ངོ་བོ་ལ་བརྗོད་ཀྱི་ཡོད། དེའི་དེ་ཁོ་ན་ཉིད་དམ་དེའི་ངོ་བོ་ངོ་མ་གང་ཡིན་མིན་ལ་ཞིབ་འཇུག་བྱེད་དགོས་པ་ཡིན། སྣང་ཚུལ་དེ་མེད་ན་ངོ་བོ་ལ་བརྟག་དཔྱད་བྱེད་རྒྱུ་མེད་པས། སྣང་ཚུལ་དེ་གཞི་འཛིན་ས་ཞིག་ཆགས་ཡོད། འོན་ཀྱང་། སྣང་ཚུལ་མེད་པར་ཞིབ་འཇུག་བྱེད་མི་ཐུབ། སྣང་ཚུལ་དེ་དངོས་པོ་དེའི་ངོ་བོ་ངོ་མ་མཚོན་པའི་སྣང་ཚུལ་ཡིན་ནམ། ཡང་ན་ངོ་བོ་ངོ་མ་མཚོན་མི་ཐུབ་པར་ངོ་བོ་ངོ་མ་བསྒྲིབས་པའི་སྣང་ཚུལ་གང་ཡིན་ལའང་ཞིབ་འཇུག་བྱེད་དགོས་པ་ཡིན།
དེར་བརྟེན། མཚན་ཉིད་རིག་པ་ཞེས་པ་ནི་ཧ་ཅང་རྒྱ་ཆེན་པོ་རེད། གཏན་ཚིགས་རིགས་པ་ཞེས་པ་ནི། ཞིབ་འཇུག་བྱས་པའི་མཇུག་ལ་འདི་རེད་ཅེས་གཏན་འཁེལ་བའི་མཇུག་སྡོམ་ཞིག་ཡོང་གི་ཡོད་པ་དེ་གཏན་ཚིགས་རིགས་པ་ཆགས་ཡོད། དེ་ཡང་རྒྱུ་མཚན་ཞིག་བཤད་ནས་མཇུག་བསྡོམས་ཤིག་བྱུང་བ་རེད། ནམ་རྒྱུན་ང་ཚོས་གདུང་འདེགས་ཀྱི་དོན་བྱེད་ནུས་པ་ཀ་བའི་མཚན་ཉིད་དང་། ལྟོ་ལྡིར་ཞབས་ཞུམ་ཆུ་སྐྱོར་གྱི་དོན་བྱེད་ནུས་པ་བུམ་པའི་མཚན་ཉིད། བློའི་ཡུལ་དུ་བྱ་རུང་བ་ཤེས་བྱའི་མཚན་ཉིད་ཅེས་སྟབས་བདེ་པོ་ཞིག་བཤད་ཡོད། ཡིན་ནའང་། གདུང་འདེགས་ཀྱི་དོན་བྱེད་ནུས་པ་དེ་སྣང་ཚུལ་ཞིག་ཡིན་པ་དང་། ཀ་བ་ཡིན་པ་ཤེས་རྟོགས་ཐུབ་རྒྱུའི་སྣང་ཚུལ་ཞིག་ཆགས་ཡོད། དེས་ན་མཚན་ཉིད་དང་། མཚོན་བྱ་ཞེས་པ་ནི་དཔེ་མཚོན་ཡིན། འདི་ལྟར་གོ་བ་བླངས་ན་མཚན་ཉིད་རིག་པ་ཞེས་པ་ནི་ཧ་ཅང་རྒྱ་ཆེན་པོ་ཞིག་རེད།
དཔེར་ན། ནམ་རྒྱུན་ང་ཚོས་དུ་ལྡན་ལ་ལ་ཆོས་ལྡན། མེ་ཡོད་དེ། དུ་བ་ཡོད་པའི་ཕྱིར། ཞེས་དུ་བ་ཡོད་པའི་རྟགས་ལས་མེ་ཡོད་པ་ཤེས་རྟོགས་ཐུབ་ཀྱི་ཡོད། དེ་ནི་འབྲས་བུའི་རྟགས་ཡང་དག་རེད། རྒྱུ་འདི་ལ་བརྟེན་ནས་འབྲས་བུ་འདི་ཞེས་བྱ་བའམ་འབྲས་བུ་དུ་བ་ཡོད་པས་རྒྱུ་མེ་ཡོད་པ་གཏན་འཁེལ་བ་རེད། འདི་ནི་གཏན་ཚིགས་རིག་པ་རེད་ཅེས་བརྗོད་ན་སྙིང་པོ་མི་འདུག་ཅེས་བརྗོད་ཉེན་ཡོད། དེ་དག་ནི་དཔེ་མཚོན་ཙམ་ཞིག་ཡིན། དུ་ལྡན་ལ་ལ་ཆོས་ཅན། མེ་ཡོད་དེ། དུ་བ་ཡོད་པའི་ཕྱིར། ཞེས་པ་ནི་འབྲས་རྟགས་ཡང་དག་གི་དཔེ་མཚོན་ཙམ་བཤད་པ་ལས། འབྲས་རྟགས་ཀྱི་དོན་དཔེ་དེས་ཡོངས་སུ་རྫོགས་པ་ཞིག་མིན།
དེ་མིན་མ་དམིགས་པའི་རྟགས་འགོད་སྐབས། གྲང་འབྲས་སྤུ་ལོང་བྱེད་དང་རྒྱུན་ཆགས་སུ་གནས་པ་མེད་དེ། ཞེས་གནོད་པ་བྱེད་མཁན་དེའི་སྟོབས་ཆེ་ཆུང་དང་། གནོད་པ་བྱེད་ཡུལ་དེའི་སྟོབས་ཆེ་ཆུང་གཉིས་བཤད་ནས་གནོད་པ་སྐྱེལ་མཁན་དེ་སྟོབས་ཆེན་པོ་ཡོད་ན། གནོད་པ་སྐྱེལ་ས་དེ་ཉིད་སྟོབས་དེ་ལས་ཆུང་བ་ཡོད་པ་གཏན་འཁེལ་བ་ཡིན། དཔེ་དེ་བཞིན་བསམ་བློ་ཡང་དག་པ་དེ་སྟོབས་ཆེན་པོ་ཞིག་ཡིན་ན། བསམ་བློ་ཡང་མ་དག་པ་དེ་སྟོབས་ཆུང་ཆུང་ཡིན་སྟབས་བསམ་བློ་ཡང་དག་པ་དེས་བསམ་བློ་ཡང་མ་དག་པ་མེད་པར་བཟོ་ཐུབ་ལ། བསམ་བློ་ཡང་མ་དག་པ་བདེན་དོན་མིན་ཞིང་། བསམ་བློ་ཡང་དག་པ་དེ་བདེན་དོན་རེད། བདེན་དོན་ཡིན་པའི་སྟོབས་ཆེན་པོ་དེས་བདེན་དོན་མིན་པའི་སྟོབས་ཤུགས་ཆུང་ཆུང་དེ་མེད་པར་བཟོ་ངེས་ཡིན།
དེ་ལྟར་དཔེ་བཤད་པ་ལས་དོན་དག་གོ་བ་ལེན་དགོས་པ་དེ་གལ་གནད་ཆེན་པོ་རེད། དེས་ན་མཚན་ཉིད་རིག་པ་ཞེས་བརྗོད་སྐབས། མ་དམིགས་པའི་རྟགས་ཀྱི་དཔེ་གཅིག་པུ་བཤད་པ་དང་། དུ་ལྡན་ལ་ཆོས་ཅན་ཞེས་སོགས་བཤད་ནས་འབྲས་རྟགས་འདི་ལྟར་རེད་ཅེས་བཤད་ན་འབྲས་རྟགས་དེ་གས་རྫོགས་ཏེ་འབྲས་རྟགས་ཀྱི་སྙིང་དོན་གང་ཡང་མེད། དེར་བརྟེན། གཏན་ཚིགས་རིག་པའི་སྙིང་དོན་ནི། དཔེར་བཤད་པའི་གཏན་ཚིགས་རིག་པ་དེའི་སྙིང་དོན་ངོ་མ་དེ་གང་དུ་འགྲོ་བ་དང་། བསམ་བློ་གཏོང་སའི་རྩ་བ་ཐུག་ས་གང་གི་སྟེང་དུ་འགྲོ་དགོས་པ་དེ་ཧ་ཅང་གལ་གནད་ཆེན་པོ་རེད། འདི་ནི་ཧ་ཅང་རྒྱ་ཆེན་པོ་ཞིག་རེད།
དེ་ནས་གོང་དུ་ལུས་ཀྱི་ཆགས་སྟངས་དང་། རྩ་རླུང་དང་སེམས་ཀྱི་རྣམ་གཞག་སྐོར་མང་དུ་བཤད་པ་དེ་དག་གི་སྙིང་དོན་གང་ཞིག་བརྗོད་ཀྱི་ཡོད་ཅེ་ན། དེ་ནི་འབྲས་རྟགས་ཏེ་རྒྱུ་དང་འབྲས་བུའི་འབྲས་རྟགས་དང་། དེ་བཞིན་རྒྱུ་ཆོས་རྗེས་དཔོག་གི་འབྲས་རྟགས་བརྗོད་ཀྱི་ཡོད། དེ་ཡང་བུ་རམ་གྱི་རོའི་སྟེང་དུ་ཆོས་ཅན། བུ་རོ་སྔ་མས་བུར་གཟུགས་ཕྱི་མ་སྐྱེ་བའི་ནུས་པ་ཡོད་དེ། བུ་རོ་ད་ལྟ་བ་ཡོད་པའི་ཕྱིར། ཞེས་བརྗོད་པའི་དཔེ་བཞིན་བདག་འཛིན་མ་རིག་པ་ཆོས་ཅན། ཞེས་པ་ནི་དོན་དག་གཙོ་བོ་དེ་ཆགས་ཡོད། འཁོར་བའི་རྩ་བར་གྱུར་པའི་བདག་འཛིན་མ་རིག་པ་དང་དེའི་བཞོན་པའི་རླུང་དེ་ཆོས་ཅན། དེའི་རིགས་རྒྱུན་སྔ་མས་རིགས་རྒྱུན་ཕྱི་མ་སྐྱེ་བའི་ནུས་པ་ཡོད་དེ། དེའི་རིགས་འདྲ་ད་ལྟ་བ་ཡོད་པའི་ཕྱིར། ཞེས་བརྗོད་པ་དེའི་རིགས་འདྲ་རྗེས་མ་དེ་གང་དུ་འགྲོ་མིན་དང་། དེའི་རིགས་འདྲ་ཕྱི་མ་དེ་རང་དབང་ཡོད་པའི་ཐོག་ནས་འགྲོ་བ་དང་། རང་དབང་མེད་པའི་ཐོག་ནས་འགྲོ་བ། དེ་རང་དབང་དང་གཞན་དབང་ཅན་གང་ཡིན་པ་བཅས་འདི་ལྟར་དུ་འགྲོ་བཞིན་ཡོད།
ངས་འདི་ལྟར་སྡོམ་རྒྱག་པའི་ཚེ་གཏན་ཚིགས་རིག་པའམ་མཚན་ཉིད་རིག་པ་ཞེས་པ་འདི་ནི་ཧ་ཅང་རྒྱ་ཆེན་པོ་ཞིག་ཡིན། དེར་བརྟེན། ང་ཚོས་ནང་བསྟན་ལ་ཞིབ་འཇུག་བྱེད་པར་གཏན་ཚིགས་རིག་པ་དེ་ཡག་པོ་མ་ཤེས་ན། ཞིབ་འཇུག་གཏན་ནས་བྱེད་མི་ཐུབ། དེ་ནི་ཧ་ཅང་གཏིང་ཟབ་པ་དང་། ཤེས་ན་གཏིང་ཟབ་པ་དང་རྒྱ་ཆེ་བའི་ཞིབ་འཇུག་བྱ་རྒྱུ་ཡོད། འདིར་མཚམས་འཇོག་ཞུའོ།། །།
བཀའ་དྲིན་ཆེ།