དུང་དཀར་འཆད་ཁྲིད། ལེའུ་དགུ་པའི་འཕྲོས།

དུང་དཀར་འཆད་ཁྲིད། ལེའུ་དགུ་པའི་འཕྲོས།

༡) དབུ་མའི་ལྟ་བས་མཐའ་གཉིས་སྤོང་ཚུང་དང་། མཚན་ཉིད་རིག་པའི་ངེས་ཚིག

དགེ་ལུགས་པའི་གཞུང་དུ་སྣང་བས་ཡོད་མཐའ་སེལ་བ་དང་། སྟོང་པས་མེད་མཐའ་སེལ། ཞེས་གསུངས་པ་ཞིག་ཡོད། ཁ་སང་ཁ་ཉིན་ཁྱེད་རང་ཚོར་གྲུབ་མཐའ་ཁྲིད་སྐབས་གསུངས་ཡོད་ཤས་ཆེ། སྣང་བས་ཡོད་པའི་མཐའ་སེལ་བ་དང་། སྟོང་པས་མེད་པའི་མཐའ་སེལ། ཞེས་པའི་ཡོད་པའི་མཐའ་དེ་གང་རེད་ཅེ་ན། རང་བཞིན་གྱིས་གྲུབ་པ་དེ་རེད། མེད་པའི་མཐའ་དེ་རྩ་བ་ནས་མེད་པ་དེ་རེད། མེད་པའི་མཐའ་དེ་སྣང་བ་ཀུན་རྫོབ་ཅིག་ཡོད་པ་དེས་སེལ་བ་དང་། རང་བཞིན་གྱིས་མ་གྲུབ་པ་དེས་ཡོད་པའི་མཐའ་སེལ་གྱི་ཡོད་ལ། ཡོད་པའི་ཡོད་ལུགས་ཡོད་སྟངས་ཤིག་ཡོད། ཡོད་ལུགས་དངོས་གནས་པ་མ་ཡིན་པར་ཡོད་པའི་མཐའ་ཞིག་ཡོད། 

མཐའ་ལ་སླེབས་ན་མར་ལྷུང་བ་བཞིན་རང་བཞིན་གྱིས་གྲུབ་པར་ངོས་འཛིན་བྱས་ན་ཡོད་པའི་མཐའ་ལ་ལྷུང་བ་དང་། རྩ་བ་ནས་མེད་པར་ངོས་འཛིན་བྱས་ན་མེད་པའི་མཐའ་ལ་ལྷུང་གི་ཡོད། དེ་ཉིད་གང་ཡང་མ་ཡིན་པ་དེ་གང་ཡིན་ཞེ་ན། དཔེར་ན། གཟུགས་འདི་རང་བཞིན་གྱིས་གྲུབ་པ་མིན། རང་བཞིན་གྱིས་མ་གྲུབ་པ་ཡིན་ནའང་འཆར་སྣང་ཞིག་ཡོད་པ་དེ་རང་བཞིན་གྱིས་མ་གྲུབ་པ་ཉིད་ཀྱི་ཐོག་ནས་བྱུང་བ་ལས་རང་བཞིན་གྲུབ་པ་ཡིན་ན་འཆར་སྣང་ཡོང་རྒྱུ་མེད། དེར་བརྟེན། གཟུགས་སྟོང་པའོ། །སྟོང་པ་ཉིད་གཟུགས་སོ། །ཞེས་གསུངས་པ་འདིའི་ནང་བདེན་པ་གཉིས་ཀ་ཡོད། གཟུགས་སྟོང་པའོ། །ཞེས་པ་འདིའི་ནང་བདེན་པ་གཉིས་ཀ་ཡོད་ལ་སྟོང་པ་ཉིད་གཟུགས་སོ། །ཞེས་པ་འདིའི་ནང་དུའང་བདེན་པ་གཉིས་ཀ་ཡོད། གཟུགས་ཞེས་བརྗོད་སྐབས་ཀུན་རྫོབ་བདེན་པ་དང་། སྟོང་པའོ་ཞེས་པས་དོན་དམ་བདེན་པ་རེད། སྟོང་པ་ཉིད་ཅེས་བརྗོད་སྐབས་དོན་དམ་བདེན་པ་དང་། གཟུགས་སོ་ཞེས་པས་ཀུན་རྫོབ་བདེན་པ་རེད། བདེན་པ་གཉིས་ཞེས་བརྗོད་སྐབས་སྣང་ཚུལ་དང་གནས་ཚོད་ངོ་མ་གཉིས་མཉམ་དུ་ཡོང་གི་ཡོད།

དེས་ན་མཚན་ཉིད་རིག་པ་ཞེས་པ་འདི་ལྟ་བུ་ཞིག་རེད། མཚན་ཉིད་རིག་པ་ཞེས་པའི་མཚན་ཉིད་ཟེར་ན་གང་ཟེར་རམ་ཞེ་ན། མཚན་ཞེས་པ་ནི་སྣང་ཚུལ་དང་། ཉིད་ཅེས་པ་གནས་ཚུལ་དེ་རེད། སྣང་ཚུལ་དང་གནས་ཚུལ་ལ་བརྟག་དཔྱད་བྱེད་པའི་རིག་པའི་གཞུང་ལུགས་ཤིག་ཡོད་པ་དེར་མཚན་ཉིད་རིག་པ་ཟེར་བ་ཡིན། ང་རང་ཚོ་མར་ལེ་རིང་ལུགས་ནས་བཟུང་སྟེ་མུ་སྟེགས་པའི་ལྟ་བ་དང་། ནང་པ་སངས་རྒྱས་པའི་ལྟ་བ་སོགས་ཚང་མས་བདེན་པ་གཉིས་ལ་བརྟག་དཔྱད་བྱེད་ཀྱི་ཡོད། སྣང་ཚུལ་ལ་བརྟག་དཔྱད་བྱེད་པར་མ་ཟད། གནས་ཚུལ་ལའང་བརྟག་དཔྱད་བྱས་ཏེ་སྣང་ཚུལ་འདི་འདྲ་ཞིག་ཡོད་པ་རེད། སྣང་ཚུལ་འདི་བརྒྱུད་ནས་ངོ་བོ་ལ་བརྟག་དཔྱད་བྱེད་དགོས། སྣང་ཚུལ་དེ་མ་བརྒྱུད་པར་ངོ་བོ་ལ་བརྟག་དཔྱད་བྱེད་རྒྱུ་མེད། དེ་བཞིན་ཀུན་རྫོབ་མ་བརྒྱུད་པར་དོན་དམ་ལ་བརྟག་དཔྱད་བྱེད་རྒྱུ་མེད། ཀུན་རྫོབ་བདེན་པ་བརྒྱུད་ནས་དོན་དམ་བདེན་པར་བརྟག་དཔྱད་བྱེད་ཀྱི་ཡོད། དེར་བརྟེན། ཕྱིའི་སྣང་ཚུལ་དེ་བརྒྱུད་ནས་དངོས་ཡོད་གནས་ཚུལ་ཐོག་སྐྱོད་དགོས། དཔེར་ན། ཤིང་སྡོང་ཞིག་ལ་ཆ་མཚོན་ན། ཐོག་མར་ཡལ་གར་འཇུས་ནས་དེ་རྗེས་སྡོང་པོར་སླེབས་ཀྱི་རེད།

ཐ) སེམས་ཀྱི་རྣམ་གཞག

ངུ་མཁན་གྱི་སྐྱེས་མ་ཐག་པའི་ཕྲུ་གུ་ཆུང་ཆུང་དེར་ཚོར་བ་ཞིག་ཡོད་པར་མ་ཟད་ཁོ་ལ་སེམས་ཤིག་ཀྱང་ཡོད། སེམས་དེར་རང་གི་རིགས་མཐུན་པའི་རྒྱུ་ཡོད་ལ། རིགས་མཐུན་པའི་རྒྱུ་ཞིག་ངེས་པར་དུ་དགོས་པས་ལུས་གློ་བུར་ལས་སེམས་གློ་བུར་ཆགས་ཐུབ་ཐབས་རྩ་བ་ནས་མེད། སྐྱེ་བ་སྔ་མ་དང་སྐྱེ་བ་ཕྱི་མ་ཁས་མི་ལེན་མཁན་གྱི་རིག་པའི་གཞུང་ལུགས་དེ་ལ་སྐྱེ་བ་སྔ་ཕྱི་ཁས་ལེན་མཁན་གྱི་རིག་པའི་གཞུང་ལུགས་དེས་གནོད་ཀྱི་རེད། དེ་བཞིན་གྲུབ་མཐའ་ཤེས་མཁན་ཞིག་ལ་ཆ་བཞག་ནའང་བྱེ་བྲག་སྨྲ་བའི་རིག་པའི་གཞུང་ལུགས་དེར་མདོ་སྡེ་པའི་རིག་པའི་གཞུང་ལུགས་ཀྱིས་གནོད་པ་དང་། མདོ་སྡེ་པའི་རིག་པའི་གཞུང་ལུགས་ལ་སེམས་ཙམ་པའི་རིག་པའི་གཞུང་ལུགས་ཀྱིས་གནོད་པ། སེམས་ཙམ་པའི་རིག་པའི་གཞུང་ལུགས་ལ་དབུ་མ་པའི་རིག་པའི་གཞུང་ལུགས་ཀྱིས་གནོད་ཀྱི་ཡོད། དེ་ལྟར་གནོད་དོན་གང་ཡིན་ཞེ་ན། རིག་པའི་གཞུང་ལུགས་ཡང་དག་པ་ཞིག་ཡིན་ན་བདེན་དོན་ཡིན་པ་དང་། རིག་པའི་གཞུང་ལུགས་ཡང་མ་དག་པ་ཞིག་ཡིན་ན་བདེན་དོན་མིན། བདེན་དོན་ཡིན་པ་དེས་བདེན་དོན་མིན་པ་དེ་ཕར་མེད་པར་བཟོ་བ་ལས་བདེན་དོན་མིན་པ་དེས་བདེན་དོན་ཡིན་པ་དེ་ཚུར་མེད་པར་བཟོ་མི་ཐུབ།

སྟོང་ཉིད་ཀྱི་ལྟ་བ་ཟེར་བ་དེ་དངོས་པོའི་ཆོས་ཉིད་དངོས་གནས་དེ་རེད། དེ་ཉིད་གཏན་ལ་འབེབས་བྱེད་ཀྱི་རིགས་པ་ཞིག་ཡིན་སྟབས་འཇིག་རྟེན་པ་དང་། གྲུབ་མཐའ་ཤེས་མཁན་དང་མི་ཤེས་མཁན་སུས་རིགས་པ་གང་འདྲ་ཞིག་བཏང་ནའང་དེར་གནོད་མི་ཐུབ། སྐྱེ་བ་སྔ་ཕྱི་ཡོད་མེད་ཟེར་བ་དེ་དག་སྔར་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་སྐུ་ན་ཆུང་དུས་བོད་ལ་སྐྱེ་བ་སྔ་ཕྱི་ཡོད་མེད་ཀྱི་སྐོར་ལ་ཆོས་ལུགས་ཁག་གཉིས་ཀྱི་རྩོད་པ་ཤུགས་ཆེ་བྱུང་ཞིང་། ཆོས་ལུགས་ཐོག་ནས་ཁས་ལེན་ནའང་ཚན་རིག་གི་ཐོག་ནས་ཁས་མི་ལེན་པ་དཔེར་ན་བུ་ཞིག་ཤི་བ་དེའི་ཁའི་ནང་མུ་ཏིག་ཅིག་བླུགས་ནས་ཕྲུ་གུའི་རོ་དེ་ཨ་མའི་མལ་ཁྲིའི་འོག་ཏུ་སྦས་པ་རེད། ཨ་མ་དེར་ཕྲུ་གུ་རྗེས་མ་དེ་སྐྱེ་སྐབས་ཕྲུ་གུ་སྔོན་མའི་རྣམ་ཤེས་ཞུགས་ཡོད་པས་སྐྱེ་བ་སྔ་མ་ཡོད་པ་མངོན་སུམ་དུ་མཐོང་ཡོད་ཅེས་ཟེར་གྱི་ཡོད་པ་རེད། མར་ལེའི་རིང་ལུགས་ནང་མངོན་སུམ་དུ་མཐོང་བ་དེ་ཁས་ལེན་པ་ལས་མངོན་སུམ་དུ་མ་མཐོང་བ་དེ་མེད་པར་འདོད།

དེ་ནས་ཉན་ཐོས་ཀྱི་རྩོད་པ་སྤོང་བ་ཟེར་བ་དེ། སེམས་ཟེར་བ་དེར་སྐད་ཅིག་སྔ་ཕྱི་ཡོད་པ་དང་། སྐད་ཅིག་སྔ་ཕྱི་མང་པོ་བརྒྱུད་ནས་ཡོང་བ་རེད་ཟེར། སྐད་ཅིག་སྔ་ཕྱི་དུ་མ་བརྒྱུད་ནས་ཡོང་བ་ལས་སྐད་ཅིག་སྔ་ཕྱི་མེད་པ་མིན། དཔེར་ན། ཁ་སང་གི་སེམས་དང་དེ་རིང་གི་སེམས་གཅིག་པ་མིན་ལ། ཞོགས་པའི་སེམས་དང་ད་ལྟའི་སེམས་གཅིག་པ་མིན། འོན་ཀྱང་། གཅིག་ནས་གཅིག་མར་མཐུད་ནས་ཡོང་གི་ཡོད། མཐུད་ནས་ཡོང་གི་ཡོད་སྟབས་སྐད་ཅིག་སྔ་ཕྱིའི་ཆ་ཤས་མང་པོ་ཡོད་པ་དང་། གལ་ཏེ་ཆ་ཤས་མང་པོ་མེད་ན་སེམས་དེ་དངོས་པོ་མིན་པར་རྟག་པ་ཡིན་པར་ཁས་ལེན་དགོས།

དཔེར་ན། དེ་རིང་ཞོགས་པ་རང་གིས་སློབ་སྦྱོང་མ་བྱས་གོང་གི་སེམས་དང་། སློབ་སྦྱོང་བྱས་རྗེས་ཀྱི་སེམས་གཉིས་ལ་འབྲེལ་བ་ཡོད་པ་དེས། རྒྱུན་དེ་མར་འབྲེལ་ནས་འགྲོ་བཞིན་ཡོད། རྒྱུན་མར་རིམ་བཞིན་དེད་ནས་ཡོང་གི་ཡོད་སྟབས་ཞོགས་པ་ང་ཚོར་གང་བྱུང་བ་དེ་དག་ད་ལྟ་དྲན་པ་གསོས་ཡོང་གི་ཡོད། དྲན་པའི་ཡུལ་དེ་སེམས་རང་གིས་ཤེས་སམ་ཞེ་ན་ཤེས་ཀྱི་མེད་པར་རང་རིག་ཅེས་པ་ཞིག་ཡོད། སེམས་ཙམ་པས་རང་རིག་ཁས་ལེན་གྱི་ཡོད། རང་རིག་མེད་ན་སྔ་དྲོ་གང་ཞིག་བྱས་པ་དེ་དག་ད་ལྟ་དྲན་མི་ཐུབ། སྔ་དྲོ་གང་ཞིག་བྱས་པ་རྣམས་ད་ལྟ་དྲན་ཐུབ་ཀྱི་ཡོད་པ་དེ་རང་རིག་གི་ནུས་པ་རེད་ཅེས་ཟེར།

དེས་ན་རྨི་ལམ་གྱི་ནང་རྟ་དང་གླང་པོ་ཆེ་ལ་སོགས་པའི་སྣང་བ་མང་པོ་ཞིག་འཆར་བ་དང་། གཉིད་སད་པའི་སྐབས་རྨི་ལམ་ནང་བྱུང་བའི་རྟ་དང་གླང་ཆེན་དེ་དག་དྲན་རྒྱུ་ཡོད། དྲན་གསོ་རྒྱུ་ཡོད་པ་དེ་རྨི་ལམ་ནང་གི་སེམས་དེ་དག་ད་ལྟའི་ང་རང་ཚོའི་དྲན་གསོས་པའི་སེམས་དེ་གཉིས་གཅིག་རེད་དམ་ཟེར་ན་གཅིག་མིན་པར་སེམས་ཐ་དད་རེད། ཡིན་ནའང་། སེམས་སྔ་མའི་རྒྱུན་དེད་ཡོང་གི་ཡོད། སེམས་ཀྱི་རྒྱུན་གྱི་ནང་ལ་འགྱུར་བ་མང་པོ་ཡོད། གཉིད་སད་དུས་རྨི་ལམ་ཡིན་པ་ཤེས་ཀྱི་ཡོད། གཉིད་མ་སད་པའི་སྐབས་ལ་རྨི་ལམ་ནང་གི་རྟ་དང་གླང་པོ་ཆེ་དེ་དག་དངོས་གནས་ཡིན་པའི་སྣང་བ་ཞིག་འཆར་གྱི་ཡོད། གཉིད་སད་རྗེས་དེ་རྨི་ལམ་རང་ཡིན་པ་ལས་རྟ་དང་གླང་ཆེན་དེ་དག་དངོས་གནས་མི་འདུག་སྙམ་པའི་བསམ་བློ་ཞིག་ཡོད། བསམ་བློ་གཉིས་ཀ་ང་ཚོའི་སེམས་གཅིག་གི་རྒྱུན་ནས་བྱུང་ཞིང་། སེམས་ལ་རྒྱུན་མེད་ན་ང་ཚོས་ཁ་སང་བསླབས་པ་དེ་རིང་བརྗེད་འགྲོ་བ་དང་། དེ་རིང་བསླབས་པ་སང་ཉིན་བརྗེད་པ་ལས་གནས་མི་ཐུབ། ང་རང་ཚོས་སློབ་སྦྱོང་བྱས་ནས་ཤེས་ཀྱི་ཡོད། བརྗེད་རྒྱུ་ཡོད་ལ་དྲན་རྒྱུ་ཡང་ཡོད།

དཔེར་ན། ལོ་ཁ་ཤས་རིང་དེབ་འདི་མ་བལྟས་པར་བཞག་ན་བརྗེད་ཅིང་། དེ་ནས་ཉིན་ཞིག་དེབ་དེ་བཀླགས་ནས་བསམ་བློ་ཞིག་གཏོང་སྐབས་སྔར་བསླབས་པ་དེ་དག་ཚུར་དྲན་རྒྱུ་ཡོད། ད་ལྟ་དྲན་པ་དང་བར་སྐབས་བརྗེད་པ་རེད། སྔོན་མ་བསླབས་མྱོང་བའི་སེམས་དེ་དང་། བར་དུ་བརྗེད་པའི་སེམས། ད་ལྟ་དྲན་གསོས་པའི་སེམས་གསུམ་རྒྱུན་གཅིག་གི་ཐོག་ཏུ་འགྲོ་བཞིན་ཡོད། སེམས་གཅིག་མིན་ནའང་སེམས་ཀྱི་རྒྱུན་དེ་མར་ཡོང་གི་ཡོད། དེས་ན་རང་རིག་ཅེས་པ་མི་དགོས་པར་གསུངས། འདི་ལྟར་རྡོག་རྡོག་ཅིག་བཤད་ན་འགྲིག །མང་པོ་བཤད་ན་ཚར་གྱི་མ་རེད། ཉིན་མ་བཞི་ལས་མེད་ལ། དེའི་ནང་ནས་ཉིན་གཉིས་ཕྱིན་ཟིན་པ་རེད།

༡) བདེན་རྫུན་གྱི་ངོས་འཛིན།

ཡང་འདི་འདྲ་ཞིག་བརྗོད་ཀྱི་ཡོད། སེམས་ཀྱི་ངོས་འཛིན་ཟེར་བ་དེར་ཆ་གཞག་རྒྱུ་མེད། དཔེར་ན། གཅིག་གིས་གཙང་མར་ངོས་འཛིན་བྱས་པ་དེ་ཅིག་ཤོས་ཀྱིས་གཙང་མ་མིན་པར་ངོས་འཛིན་མི་བྱེད་པ་དང་། ང་ཚོས་གཙང་མ་མིན་པར་ངོས་འཛིན་བྱས་པ་དེར་ཕག་པས་གཙང་མར་ངོས་འཛིན་བྱེད་ཀྱི་ཡོད། ཕག་པས་མི་གཙང་བ་ཟ་བ་དང་ཕག་ཚང་དེ་དག་བཙོག་པ་ཡིན་ནའང་། ཕག་པ་ཁོ་རང་ཚོས་སྐྱིད་པོ་ཡིན་བསམ་གྱི་ཡོད། དེར་བརྟེན། གཅིག་གིས་བདེན་པ་ཡིན་པར་ངོས་འཛིན་བྱས་པ་དེ་ཅིག་ཤོས་ཀྱིས་རྫུན་པར་ངོས་འཛིན་བྱེད་ཀྱི་ཡོད། གཅིག་གིས་ཡག་པོ་ཡིན་པར་ངོས་འཛིན་བྱས་པ་དེ་ཅིག་ཤོས་ཀྱིས་ཡག་པོ་མིན་པར་ངོས་འཛིན་བྱེད་ཀྱི་ཡོད། བདེན་དོན་ཞེས་པ་ཞིག་མི་འདུག་ཅེས་བརྗོད་མཁན་ཁ་ཤས་ཡོད།

དེ་འདྲ་ཞིག་དགེ་འདུན་ཆོས་འཕེལ་གྱི་ཀླུ་སྒྲུབ་དགོངས་རྒྱན་ནང་དུའང་ཡོད། མི་བརྒྱ་ཐམ་པས་ཡིན་པར་ངོས་འཛིན་བྱས་པ་དེ་མི་སྟོང་ཐམ་པས་མིན་པར་ངོས་འཛིན་བྱས་པ་ཡོད། མི་སྟོང་ཐམ་པས་ཡིན་པར་ངོས་འཛིན་བྱས་པ་དེ་མི་བརྒྱ་ཐམ་པས་མིན་པར་ངོས་འཛིན་བྱས་པ་ཡོད། དེ་དག་ཚང་མ་སོ་སོའི་བསམ་བློའི་སྟེང་ནས་བཞག་པ་ལས་འདི་བདེན་པ་དང་དེ་བདེན་པ་མ་རེད། འདི་བདེན་དོན་རེད། དེ་བདེན་དོན་མ་རེད་ཅེས་བརྗོད་རྒྱུ་མི་འདུག་ཟེར། དེ་ནི་དོགས་པ་བསླངས་པ་ཡིན་པ་ལས་ཁོང་རང་ཉིད་ཀྱི་བསམ་ཚུལ་མ་རེད། བསམ་བློ་ལེགས་པར་མ་བཏང་ན་དེ་ལྟར་དྲན་གྱི་རེད།

དཔེར་ན། སྤྱི་ཚོགས་ཀྱི་ཐོག་ལ་བསམ་བློ་བཏང་ན། ང་རང་ཚོ་སྤྱི་ཚོགས་རིང་ལུགས་པ་ཚོས་སྤྱི་ཚོགས་རིང་ལུགས་བདེན་པ་ཡིན་བསམ་གྱི་ཡོད་ལ། མ་རྩ་རིང་ལུགས་པ་དག་གིས་མ་རྩ་རིང་ལུགས་བདེན་པ་ཡིན་བསམ་གྱི་ཡོད། སོ་སོར་བདེན་དོན་རེ་ཡོད། དགེ་འདུན་ཆོས་འཕེལ་གྱིས་བརྗོད་པ་འདི་རེད། མི་སོ་སོར་བདེན་དོན་རེ་ཡོད་པ་ལས། མཐའ་གཅིག་ཏུ་འདི་བདེན་པ་རེད་ཅེས་པ་ཞིག་མེད། ཁོང་རང་ལ་བཀའ་འདྲི་ཞིག་ཞུས་ནས་ད་ལྟ་ཁྱེད་རང་གིས་གསུངས་པ་དེ་བདེན་དོན་ཡིན་ནམ་མིན་ཞུས་ན། གང་ཞིག་གསུང་རྒྱུ་ཡིན་ནམ། དེ་རྟོགས་རྒྱུ་ཁག་པོ་རེད། ཁོང་རང་གི་སློབ་མ་དེ་དག་གིས་དེ་བདེན་དོན་ཡིན་པར་ངོས་འཛིན་བྱེད་ཀྱི་རེད། ཁོང་ཁས་མི་ལེན་མཁན་དེ་དག་གིས་དེ་བདེན་དོན་མིན་པར་ངོས་འཛིན་བྱེད་ཀྱི་རེད།

སོ་སོ་རང་གིས་གང་ཞིག་ངོས་འཛིན་བྱེད་ཀྱི་རེད་དམ། སོ་སོས་བཤད་པ་དེ་བདེན་དོན་ཡིན་པར་ངོས་འཛིན་བྱེད་ཀྱི་རེད་དམ་ཡང་ན་བདེན་དོན་མིན་པར་ངོས་འཛིན་བྱེད། སོ་སོར་བདེན་དོན་གྱི་ཚད་འཛིན་ས་ཞིག་དགོས། དེ་ཡོད་དམ་མེད། ཆ་གཞག་ས་ཞིག་ཡོད་དམ་མེད། རིག་པའི་གཞུང་ལུགས་འདི་ལྟར་བཤད་ན། ང་རང་ཚོ་འཇིག་རྟེན་ཁམས་ཀྱི་མི་མང་པོ་ཞིག་རང་མོས་རིང་ལུགས་པ་ཆགས་འགྲོ་གི་རེད། སྒྲིག་ལམ་མེད་པ། སྒྲིག་འཛུགས་མེད་པ། བསམ་བློ་ཕྱོགས་གཅིག་ཏུ་སྒྲིལ་མ་ཐུབ་པ་དེ་འདྲ་ཆགས་འགྲོ་གི་ཡོད།

དཔེར་ན། རྐུན་མ་ཟེར་བ་ཡག་པོ་རེད་དམ་མ་རེད་ཟེར་ན། རྐུ་མ་རྐུ་བ་དེ་ཡག་པོ་མ་རེད། སྔ་མ་སྤྱི་ཚོགས་རྙིང་པའི་ནང་ལའང་ཡག་པོ་མིན་ལ། དེང་སྐབས་ཀྱང་ཡག་པོ་མ་རེད། མ་འོངས་པར་ཡང་ཡག་པོ་མ་རེད། སྤྱི་ཚོགས་གང་འདྲ་ཞིག་གི་ནང་དུ་ཡིན་ནའང་རྐུ་མ་རྐུ་མཁན་དེ་ཡག་པོ་མ་རེད། རྐུ་མ་རྐུ་མཁན་གྱི་སྤྱོད་པ་ཡག་པོ་མིན་པ་དེ་བདེན་དོན་རེད་དམ་མ་རེད། སྐད་ཆ་དྲང་པོ་བཤད་པ་དང་རྫུན་བཤད་པ་དེ་གཉིས་གང་ཞིག་བདེན་དོན་རེད་དམ། སྐབས་རེ་རྫུན་བཤད་པ་བདེན་དོན་ཆགས་ཀྱི་ཡོད། དངོས་གནས་བདེན་དོན་ངོ་མ་དེ་ནི་གང་ཡིན་དང་མིན་གྱི་སྐད་ཆ་བདེན་པ་བཤད་པ་དེ་རེད།

ཡིན་ནའང་། ཡིན་པ་དེ་མིན་པ་དང་། མིན་པ་དེ་ཡིན་པར་ཤོད་དགོས་པའི་དུས་སྐབས་ཡོད། མིན་པ་དེ་མ་རེད་ཅེས་དང་། ཡིན་པ་དེ་མིན་པར་ཤོད་མི་ཆོག་པ་དེ་རིགས་ཀྱང་ཡོད། དེ་ལྟ་བུའི་སྤྱི་ཚོགས་ཤིག་གི་ནང་དུ་སླེབས་ན། ཡིན་པ་དེ་མ་རེད་ཟེར་དགོས་པ་ལས་རེད་ཅེས་བརྗོད་ན་མི་འགྲིག མིན་པ་དེ་མིན་ཞེས་བརྗོད་ས་མེད་པར་རེད་ཅེས་བརྗོད་དགོས། དེར་བརྟེན། ཡིན་མིན་གྱི་མཚམས་དེ་སོ་སོའི་བསམ་བློའི་ཐོག་ནས་འཇོག་དགོས་པ་རེད་དམ། སྤྱི་ཚོགས་ནང་གི་མི་མང་ཆེ་བས་ཆ་བཞག་པ་དེའི་ཐོག་ནས་འཇོག་དགོས་པ་རེད། ཡང་སྙིང་དེ་ལ་ཚད་གཞི་ཞིག་ཡོད་པ་རེད་དམ། ཚད་གཞི་མི་འདུག་ཅེས་བརྗོད་ཀྱི་ཡོད། བདེན་དོན་ཡོད་དང་མེད་ཀྱི་རྩོད་པ་རེད། དེ་དག་ནི་རྩོད་པ་ཧ་ཅང་ཆེན་པོ་རེད།

ང་རང་གིས་ངོས་འཛིན་ལྟར་ན་མཐར་ཐུག་གི་བདེན་དོན་ཡོད་ཅིང་། དེ་ནི་ལམ་ལུགས་གང་འདྲ་ཞིག་གི་འོག་ཏུའང་ཡག་པོ་མིན་པ་དེ་བདེན་དོན་ཡིན་པའི་རྟགས་རེད། ལམ་ལུགས་གཅིག་གི་ནང་དུ་བདེན་དོན་ཡིན་ལ། ལམ་ལུགས་གཞན་ཞིག་གི་ནང་ལ་བདེན་དོན་མིན་པ་དེ་ད་དུང་བདེན་དོན་ཡིན་མིན་གཏན་འཁེལ་མེད། དེར་བརྟེན། ངས་མཐར་ཐུག་གི་བདེན་དོན་ཡོད་ཟེར་བ་དེ་རེད། ང་རང་ཚོའི་རིག་པའི་གཞུང་ལུགས་ཀྱི་ཐོག་ནས་བཤད་ན། བདེན་དོན་ལ་ལྟོས་བཅས་མ་གཏོགས་ལྟོས་མེད་ཀྱི་བདེན་དོན་མེད། མའོ་ཀྲུའུ་ཞིའི་དགོངས་པ་ལྟར་ན་དེ་ལྟར་རེད།

ངས་བྱས་ན་ལྟོས་བཅས་ཀྱི་བདེན་དོན་ཡོད་ལ། མཐར་ཐུག་གི་བདེན་དོན་ཡང་ཡོད། དེ་བཞིན་ལྟོས་མེད་ཀྱི་བདེན་དོན་ཡང་ཡོད། ལྟོས་མེད་ཀྱི་བདེན་དོན་དེ་དུས་ནམ་ཡང་བསླུ་བ་མེད་པ་ཞིག་རེད། ལྟོས་བཅས་ཀྱི་བདེན་དོན་དེ་དུས་སྐབས་འགའ་ཤས་ལ་འགྲིག་པ་དང་འགའ་ཤས་ལ་མ་འགྲིག་པ་ཡོད། དེ་འདྲ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། ང་རང་ཚོ་མཚན་ཉིད་རིག་པ་ཞིབ་འཇུག་གནང་མཁན་ཡིན་སྟབས་འདིར་ཞིབ་འཇུག་གནང་ཆོག

ཡང་རྒྱུ་ཡང་མེད་ལ་རྐྱེན་ཡང་མེད་ཅེས་ཤོད་མཁན་ཞིག་ཀྱང་ཡོད། རྒྱུ་རྐྱེན་མེད་ཅེས་བརྗོད་པ་དེ་མུ་སྟེགས་པས་བཤད་པ་རེད། འཇིག་རྟེན་ཁམས་ཀྱི་རང་བྱུང་ཁམས་ཀྱི་དངོས་པོ་གང་འདྲ་ཞིག་ཡིན་ནའང་རྒྱུ་རྐྱེན་རྩ་བ་ནས་མེད་ཅེས་ཟེར། དེ་དག་གློ་བུར་དུ་བྱུང་བ་རེད། དཔེར་ན། སྲན་མ་རིལ་རིལ་དང་། ཚེར་མ་རྣོ་པོ་ཡོད་པ། རྨ་བྱའི་སྒྲོ་གདོངས་དེར་ལྗང་གུ་དང་སྔོན་པོ་སེར་པོ་དམར་པོ་སོགས་རི་མོ་ཧ་ཅང་སྙིང་རྗེ་པོ་ཡོད་པ་དེ་དག་ལ་ཚོན་གཏོང་མཁན་སུ་གཅིག་ཀྱང་མེད། དེ་དག་ནི་རང་བཞིན་གྱིས་ཆགས་པ་རེད། དེ་ལྟར་ཆགས་པའི་རྒྱུ་དང་རྐྱེན་གང་ཡང་མེད། དེ་ལྟར་སྲན་མ་དང་ཚེར་མ་ཡང་དེ་ལྟར་ཆགས་པའི་རྒྱུ་དང་རྐྱེན་གང་ཡང་མེད། དེ་ལྟར་འཇིག་རྟེན་འདིའི་ཐོག་ཏུ་དངོས་པོ་གང་ཞིག་ཡོད་ཀྱང་རང་བཞིན་གྱིས་ཆགས་ཡོང་བ་ལས་རྒྱུ་དང་རྐྱེན་གང་ཡང་མེད་ཅེས་ཟེར། འདི་ལྟར་བརྗོད་སྐབས་འདྲ་པོ་ཞིག་ཡོད།

ཕ་མ་གཅིག་ནས་སྐྱེས་པའི་ཕྲུ་གུ་ཡིན་ནའང་ཁ་ཤས་རིག་པ་ཡག་པོ་ཡོད་ལ་ཁ་ཤས་རིག་པ་ཡག་པོ་མེད། དེ་དག་ཀྱང་རང་བཞིན་གྱིས་ཆགས་པ་ལས་རྒྱུ་རྐྱེན་གང་ཡང་མེད་ཟེར། དེར་བརྟེན། རྒྱུ་དང་རྐྱེན་དེ་དག་མེད་པར་བརྟེན་རང་ཉིད་ལས་རང་ཉིད་བྱུང་བ་སྟེ་བདག་ལས་སྐྱེས་པ་དང་། ང་རང་ཚོས་དེ་དག་ལ་རྒྱུ་ཡོད་ལ་རྐྱེན་ཡང་ཡོད་པར་འདོད། དཔེར་ན། སྲན་མ་རིལ་བུ་ཆགས་པ་ནི་དེ་ལྟར་ཆགས་པར་རྒྱུ་དང་རྐྱེན་ཡོད། འབྲས་ལ་རིལ་རིལ་ཆགས་རྒྱུའི་རྒྱུ་རྐྱེན་མེད་པར་ནར་མོ་ཆགས་པའི་རྒྱུ་དང་རྐྱེན་ཡོད་པ་ལས། རིལ་རིལ་ཆགས་རྒྱུའི་ཕྱི་རྐྱེན་ནང་རྐྱེན་གང་ཡང་མེད། ཚེར་མ་ལ་རྣོ་པོ་ཆགས་རྒྱུའི་ཕྱི་རྐྱེན་དང་ནང་རྐྱེན་ཡོད་ཀྱང་། རིལ་རིལ་ཆགས་རྒྱུའི་ཕྱི་ནང་གི་རྐྱེན་མེད་པར་བརྟེན་རྣོ་པོ་ཆགས་དགོས་པ་དེ་རྣོ་པོ་ཆགས་པ་དང་། རིལ་རིལ་ཆགས་དགོས་པ་དེ་རིལ་རིལ་ཆགས། ལེབ་མོ་ཆགས་དགོས་པ་ལེབ་མོ་ཆགས་ཀྱི་ཡོད།

རིག་པ་ཡག་པོ་ཆགས་དགོས་པ་དེ་ཡག་པོ་དང་སྡུག་པ་ཆགས་རྒྱུ་དེ་སྡུག་པ་ཆགས་ཀྱི་ཡོད། དེ་དག་ལ་ཕྱི་རྐྱེན་དང་ནང་རྐྱེན་གཉིས་ཡོད་པས་རང་ལས་རང་རང་བཞིན་གྱིས་བྱུང་བ་དེ་མི་འཐད། ང་རང་ཚོའི་སེམས་དེ་ལ་འདོད་ཆགས་ཞེ་སྡང་གཏི་མུག་ལ་སོགས་པའི་དྲི་མ་མང་པོ་ཞིག་ཡོད་པ་དེ་དག་སེམས་རང་གི་རང་བཞིན་གྱི་ཐོག་ནས་བྱུང་བ་ཞིག་མིན་པས་འདོད་ཆགས་ཞེ་སྡང་གཏི་མུག་སོགས་མེད་པར་བཟོ་རྒྱུ་ཡོད་པ་ནི་དེ་དག་སྐྱོན་ཡིན་པའི་རྟགས་རེད། སྐྱོན་མིན་པ་ཞིག་ཡིན་ན་མེད་པར་བཟོ་མི་ཐུབ། སྐྱོན་དང་ཡོན་ཏན་གཉིས་ཞེས་བརྗོད་སྐབས་ཡོན་ཏན་ལ་བདེན་དོན་ཡོད་ལ་སྐྱོན་ལ་བདེན་དོན་མེད། བདེན་དོན་ཡོད་པར་བརྟེན་སྐྱོན་མེད་པ་བཟོ་བ་ལས་ཡོན་ཏན་མེད་པ་བཟོ་ཐུབ་ཀྱི་མེད། ཡོན་ཏན་གྱིས་སྐྱོན་ཕར་མེད་པར་བཟོ་ཐུབ་ཀྱི་མ་རེད། འདོད་ཆགས་དང་། ཞེ་སྡང་། གཏི་མུག་བཅས་མེད་པར་བཟོ་རྒྱུ་ཡོད་སྟབས་ཐར་པ་འཐོབ་རྒྱུ་དང་འཁོར་བ་ལས་ཐར་རྒྱུ་ཡོད་པ་རེད། འདི་དག་མདོར་བསྡུས་ཙམ་ཡིན།

༢) སྟོང་པ་ཉིད་ཀྱི་རྩོད་སྤོང་།

སྟོང་པ་ཉིད་ལ་རྩོད་པ་སྤོང་བར་མདོར་བསྟན་རྒྱས་བཤད་གཉིས་ལས་དང་པོ་ནི། ཕྱིའི་དངོས་པོ་དང་ནང་གི་དངོས་པོ་དེ་དག་ཚང་མ་རང་བཞིན་གྱིས་མ་གྲུབ་པ་སྒྱུ་མ་ལྟ་བུ་ཡིན་ཞེས་དབུ་མ་པས་འདོད་ཀྱི་ཡོད། ང་ཚོས་སྒྱུ་མ་དང་མིག་འཕྲུལ་གཟིགས་མྱོང་ཡོད་པ་རེད། དཔེར་ན། སྒམ་ཆུང་སྟོང་པ་ཞིག་ཁྱེར་ཡོང་ནས་ཕར་བསྟན་ཚུར་བསྟན་ནས་འདིར་གང་ཡང་མེད་ཟེར། གང་འཚམ་ནས་དེའི་ནང་ནས་ཕུག་རོན་ཞིག་འཐོན་ཡོང་བས་ང་ཚོའི་སེམས་ནང་དེ་ཁྱད་མཚར་ལྟ་བུར་སྣང་། སྒམ་ཆུང་སྟོང་པའི་ནང་ནས་ཕུག་རོན་ཞིག་ཐོན་པ་དངོས་གནས་མཐོང་རྒྱུ་ཡོད། དེ་ནི་ཁྱད་མཚར་རེད་བསམ་གྱི་ཡོད། ཕུག་རོན་དེར་འཕུར་རྒྱུ་དང་འགུལ་རྒྱུ་ཚང་མ་ཡོད། ཡང་སྙིང་དེ་གང་འདྲ་བྱེད་ཀྱི་ཡོད་དམ་ཞེ་ན། སྒམ་ཆུང་དེའི་བར་དུ་བཅད་ཅིག་ཡོད་ཀྱང་ང་ཚོས་མཐོང་གི་མེད། གཞོགས་གཅིག་ལ་ཕུག་རོན་དེ་བླུགས་པ་དང་། ངོས་གཞན་དེ་སྟོང་པ་རེད། ཁོས་ཕར་ཚུར་བསྟན་ནས་འོག་གི་བཅད་དེ་ཚུར་འཐེན་ནས་ཕུག་རོན་དེ་ཐོན་པ་རེད།

སྒྱུ་མ་མཁན་དེ་དག་ལ་འདྲ་མིན་མང་པོ་བྱེད་རྒྱུ་ཡོད། མི་ཞིག་སྒམ་ནང་ལ་བླུགས་ནས་གྲི་རིང་པོ་ཞིག་ཁྱེར་ནས་མི་དེའི་མགོ་བཏུབ་ཀྱི་ཡོད། གང་འཚམ་ནས་ཡང་མི་དེ་མགོ་དང་བཅས་པ་ཆ་ཚང་འཐོན་ཡོང་གི་ཡོད། སྒྱུ་མ་མཁན་དེ་དག་ང་ཚོས་དངོས་སུ་མཐོང་རྒྱུ་ཡོད་པ་དང་། དེས་བྱས་པ་དེ་དག་ལ་ང་རང་ཚོ་ཡིད་མ་ཆེས་པ་དེ་འདྲ་ཡོང་གི་ཡོད། འདིར་བརྗོད་རྒྱུ་ནི་སྒྱུ་མ་མཁན་གྱིས་སྤྲུལ་སའི་གཞི་དེ་དངོས་པོ་གང་ཞིག་ཡིན་ནའང་ཆོག དཔེར་ན། སྤྲུལ་པ་བསྟན་སའི་གཞི་རས་ལྟ་བུ་ཞིག་ཡོད་པ་དང་། དེར་སྔགས་བརྒྱབ་ནས་བུད་མེད་མཛེས་མ་ཞིག་བཟོས་ན། ཁོང་རང་གིས་དེ་རས་ཤིག་མ་གཏོགས་བུད་མེད་མཛེས་མ་མིན་པར་ཤེས་ཀྱི་ཡོད།

འོན་ཀྱང་། ལྟད་མོ་ལྟ་མཁན་ཚོས་བུད་མེད་མཛེས་མ་ཞིག་འདུག་སྙམ་ནས་དེར་འདོད་ཆགས་སྐྱེ་བཞིན་ཡོད། དེ་ལྟར་སྐྱེ་བ་དེ་སྒྱུ་མ་མཁན་གྱིས་སྤྲུལ་པའི་མཛེས་མ་དེའི་ཐོག་ནས་སམ། ཡང་ན་རང་གི་བསམ་བློའི་ཐོག་ལ་ཡོད་དམ་ཞེ་ན། རང་གི་བསམ་བློའི་ཐོག་ནས་ཡིན། བསམ་བློའི་ནང་འདོད་ཆགས་ཀྱི་བག་ཆགས་དེ་ཡོད་སྟབས་སྤྲུལ་པ་དེ་དང་འཕྲད་སྐབས་འདོད་ཆགས་སྐྱེ་བ་དང་། སྐྱེས་པ་ཙམ་དུ་མ་ཟད་དེ་དང་མཉམ་དུ་བསྡད་རྒྱུ་བྱུང་ན་སྙམ་གྱི་ཡོད། དེ་དཔེ་ལ་བཞག་ནས་ང་རང་ཚོའི་མདུན་དུ་མི་གསུམ་བང་བསྒྲིགས་ནས་བཞག་པའི་དབུས་ཀྱི་མི་དེར་དམིགས་བསལ་དགའ་དང་མི་དགའ་བ་གང་ཡང་མེད་པའི་བར་མའི་མི་ཞིག་དང་། གཡས་སུ་རང་ཉིད་ཀྱིས་ཧ་ཅང་དགའ་པོ་བྱེད་སའི་མི་ཞིག གཡོན་ཕྱོགས་སུ་རང་ཉིད་ཀྱིས་ཁོང་ཁྲོ་ཧ་ཅང་བྱེད་དགོས་སའི་མི་ཞིག་བཅས་གསུམ་པོ་དེར་རང་ཉིད་ཀྱི་ངོས་ནས་ལྟ་ཚུལ་མི་འདྲ་བ་གསུམ་ཡོད།

ཁོ་ཡག་པོ་ཡིན་ང་གཉིས་མི་གཅིག་སྙིང་གཅིག་གི་གྲོགས་པོ་ཡིན། ཁོ་དགའ་ན་རང་ཉིད་དགའ་དགོས་པ་དང་དེ་དང་ཁ་བྲལ་ན་ཆུ་ཚོད་གཅིག་ཀྱང་སྡོད་མི་ཐུབ་ཅིང་ཁ་བྲལ་ཐབས་མེད་པ་ལྟ་བུའི་དགའ་པོ་བྱེད་པ་ཞིག་དང་། འདི་ཕྱོགས་ཀྱི་མི་དེར་བལྟ་དུས་ཁོས་ང་ལ་འགྲམ་ལྕགས་གཞུ་བ་དང་ཁོང་ཁྲོ་སློང་བ་སོགས་མང་པོ་བྱས་བྱུང་། འདི་ལོ་ཡང་ཁོང་ཁྲོ་བསླངས་བྱུང་སྙམ་ནས་ཕར་ཁོང་ཁྲོ་ཟ་བ་དང་། ཁོས་ཀྱང་ཚུར་ཁོང་ཁྲོ་བྱེད་པ་དེ་ལྟ་བུ་ཞིག །དབུས་ཀྱི་མི་དེ་དང་རང་ཉིད་དབར་ཡག་སྡུག་གི་འབྲེལ་བ་མེད་པས་དེ་འདྲ་ཞིག་རེད་སྙམ་པ་ཞིག་ཡོད། དེ་དག་གང་འདྲ་རེད་དམ་ཞེ་ན། གཅིག་ལ་དགའ་དགོས་པ་དང་ཅིག་ཤོས་ལ་ཁོང་ཁྲོ་ལང་དགོས་པ་དེ་ཕྱི་རོལ་ཡུལ་ཁོ་རང་གི་ཐོག་ནས་རང་བཞིན་གྱིས་གྲུབ་པ་ལྟ་བུ་འཆར་སྣང་ལ་དེ་འདྲ་ཞིག་ཡོད། དེ་ཕྱི་རོལ་ཡུལ་རང་གི་ཐོག་ནས་བྱུང་བ་རེད་དམ་ཞེ་ན་དེ་འདྲ་མིན། རང་གི་བསམ་བློའི་ཐོག་ལ་དགའ་དགོས་པའི་བག་ཆགས་ཤིག་ཡོད། དཔེར་ན། ཁོས་རང་ལ་སྐད་ཆ་སྙན་པོ་ཞིག་བཤད། རང་ལ་བསྟོད་བསྔགས་འདྲ་བཏང་ན། དེས་རྐྱེན་བྱས་ནས་ཧ་ཅང་དགའ་དགོས་པ་ཞིག་ཡོད་པ་དང་། གཅིག་གིས་རང་ལ་དམའ་འབེབས་བཏང་བས་སྡུག་དགོས་པ་ཞིག་ཡོད། དེ་དག་ཕར་ཕྱོགས་ནས་བཟོས་པ་མིན་པར་སོ་སོ་རང་གི་ཐོག་ལ་ནང་རྐྱེན་དེ་འདྲ་ཞིག་ཡོད། ནང་རྐྱེན་དེ་ཡོད་པའི་ཐོག་ལ་ཕྱི་རོལ་ཡུལ་གྱི་རྐྱེན་དེ་འདྲ་ཞིག་འཕྲད་སྐབས་འབྲས་བུ་དེ་གྲུབ་པ་རེད།

དེ་ནི་དེང་སང་གི་མཚན་ཉིད་རིག་པ་དང་། སྤྱོད་འཇུག་ནས་བཤད་ཀྱང་དེ་ག་རང་རེད། ནང་རྐྱེན་གཙོ་བོ་རེད། ནང་རྐྱེན་འཇོག་སྐབས་མིའི་སེམས་ཀྱི་ཐོག་ནས་འཇོག་དགོས། དཔེར་ན། ཁྲོམ་ལ་དངོས་པོ་སྙིང་རྗེ་པོ་ཞིག་ཡོད་པ་དེ་རང་གི་མིག་གིས་མཐོང་ནས་འདི་ནི་དངུལ་ཇི་ཙམ་སྤྲོད་དགོས་བྱུང་ཡང་མ་ཉོས་ཐབས་མེད་རེད་འདུག་སྙམ་པའི་བསམ་བློ་ཞིག་འཁོར་གྱི་ཡོད། བསམ་བློ་དེ་ལྟར་འཁོར་བ་དེ་དངོས་པོ་རང་གི་ཐོག་ནས་བྱུང་བ་ཞིག་མིན་པར་ང་རང་ཚོའི་བསམ་བློའི་ཐོག་ནས་དངོས་པོ་འདི་ལྟ་བུ་ཞིག་ལ་དགའ་མོས་བྱེད་པའི་བག་ཆགས་ཤིག་ཡོད་ཅིང་། དེ་ཡོད་པས་ཕར་ངོས་ཀྱི་དངོས་པོ་དེ་འདྲ་ཞིག་མཐོང་བས་ནང་རྐྱེན་དང་ཕྱི་རྐྱེན་གཉིས་འཕྲད་པ་རེད།

གལ་ཏེ་མི་གཞན་ཞིག་གིས་དངོས་པོ་དེར་མི་དགའ་བ་དང་དེ་ཡག་པོ་མི་འདུག་ཟེར་བ་དང་། གཞན་དེས་ཡག་པོ་འདུག་ཟེར་བ། གཅིག་གིས་དངུལ་སྤྲད་ནས་ཉོས་པ་དང་། ཅིག་ཤོས་ཀྱིས་ཉོས་མེད་པ། ཡག་ཉེས་ཅེས་པ་དེ་དངོས་པོ་དེ་ཉིད་ཀྱི་ཐོག་ནས་ཚུར་བྱུང་ཡོད་ན། གཉིས་ཀས་ཡག་པོ་མཐོང་དགོས་པའམ། ཡང་ན་མི་བརྒྱ་ཐམ་པས་བལྟས་ཀྱང་ཡག་པོ་མཐོང་དགོས། དེ་ལྟར་མིན་པར་འགའ་ཞིག་གིས་སྙིང་རྗེ་པོ་མཐོང་བ་དང་། ལ་ལས་དེ་ལྟར་མཐོང་གི་མེད། དེར་བརྟེན། སྙིང་རྗེ་པོ་མཐོང་བ་དེ་དངོས་པོ་རང་གི་ཐོག་ནས་མིན། མི་རང་ཉིད་ཀྱི་བསམ་བློའི་ཐོག་ནས་དངོས་པོ་འདི་འདྲ་ཞིག་སྙིང་རྗེ་པོ་འདུག་བསམ་པའི་བསམ་བློ་ཞིག་ཡོད་ལ། གཅིག་ལ་སྙིང་རྗེ་པོ་མི་འདུག་སྙམ་པའི་བསམ་བློ་ཞིག་ཀྱང་ཡོད།

དེང་སང་མཚན་ཉིད་རིག་པའི་ནང་ལ་ནང་པ་སངས་རྒྱས་པའི་ཆོས་ལ་དགག་པ་རྒྱག་སྐབས་གང་ཞིག་ཟེར་གྱི་ཡོད་དམ་ཟེར་ན། ནང་པ་སངས་རྒྱས་པའི་ཆོས་དེ་སེམས་གཙོ་སྨྲ་བ་རེད། དངོས་གཙོ་སྨྲ་བ་དང་སེམས་གཙོ་སྨྲ་བ་དབྱེ་བ་འབྱེད་སྐབས་ཇི་ལྟར་བྱས་ནས་འབྱེད་དམ་སྙམ་ན། ནང་པ་སངས་རྒྱས་པའི་ཆོས་ཀྱིས་སེམས་ཨང་དང་པོར་འཇོག་གི་ཡོད་ཅེས་ཟེར། དེ་ནི་གོ་ལོག་ཐེབས་པ་རེད། སེམས་སྔོན་ལ་བྱུང་བ་དང་དངོས་པོ་རྗེས་ལ་བྱུང་བ་རེད་ཅེས་བརྗོད་ཀྱི་མེད། དངོས་པོ་རང་ཉིད་ཕྱི་རོལ་ཡུལ་ལ་ཡོད་མུས་དང་། དེའི་ཐོག་ལ་དབྱེ་ཞིབ་བྱེད་སྟངས་མི་འདྲ་བ་གཉིས་བྱུང་བ་རེད། དངོས་གཙོ་སྨྲ་བའི་དབྱེ་ཞིབ་བྱེད་སྟངས་དང་། སེམས་གཙོ་སྨྲ་བའི་དབྱེ་ཞིབ་བྱེད་སྟངས་མི་འདྲ་བ་གཉིས་བྱུང་བ་རེད། དངོས་པོ་དེ་དང་པོ་ནས་ཕྱི་རོལ་ཡུལ་ལ་ཡོད་པར་འདོད་པ་དེ་གཅིག་པ་ཡིན། སེམས་མ་བྱུང་སྔོན་ལ་དངོས་པོ་བྱུང་བ་ལས་དངོས་པོའི་སྔོན་ལ་སེམས་བྱུང་བ་རེད་ཅེས་ལྐུགས་པས་མ་གཏོགས་ག་ལ་བརྗོད། གཙོ་བོ་ནི་དངོས་པོ་དེ་ཕྱི་རོལ་ཡུལ་ལ་གནས་པ་ཁས་བླངས་པའི་ཐོག་ལ་དབྱེ་ཞིབ་བྱེད་སྐབས་དངོས་གཙོའི་ཐོག་ནས་དབྱེ་ཞིབ་བྱེད་སྟངས་དང་། སེམས་གཙོའི་ཐོག་ནས་དབྱེ་ཞིབ་བྱེད་སྟངས་གཉིས་བྱུང་བ་རེད།

གོང་དུ་ཞུས་པ་བཞིན། ཕྱུག་པོ་དང་དབུལ་པོ་གཉིས་ཕྱི་རོལ་ཡུལ་ལ་གནས་པ་དེ་ལ་སེམས་གཙོ་སྨྲ་བ་དང་། དངོས་གཙོ་སྨྲ་བའི་དབྱེ་ཞིབ་བྱེད་སྟངས་གཉིས་བྱུང་བ་ལྟར་རེད། འདིའི་ནང་གི་དོན་བསྡུས་ན་ཉོན་མོངས་དུག་གསུམ་སྐྱེ་བ་དེ་ཡུལ་རང་གི་ཐོག་ནས་འདོད་ཆགས་སྐྱེ་དགོས་ས་དང་། ཁོང་ཁྲོ་སྐྱེ་དགོས་ས་ཞིག་མེད་པར་རང་རང་གི་སེམས་ཀྱི་ནང་ལ་བག་ཆགས་དེ་འདྲ་ཞིག་ཡོད་སྟབས་ཕྱི་རོལ་གྱི་རྐྱེན་དང་འཕྲད་སྐབས་དེ་ལྟར་ཡོང་གི་ཡོད་པ་དེ་ཡིན། དཔེར་ན། ཟ་ཁང་དུ་ཁ་ལག་ཟ་བར་འགྲོ་སྐབས་ཆང་རག་ལ་དགའ་པོ་ཡོད་པ་ཞིག་ཡིན་ན་ཨ་རག་འཐུང་བ་དང་། ཕར་ངོས་ཀྱི་སྒྲོག་ཙེའི་སྒང་གི་མི་དེས་ཨ་རག་ཡོད་ཀྱང་འཐུང་གི་མེད། མི་དེ་ཨ་རག་ལ་དགའ་པོ་མེད་སྟབས་ཕྱི་རོལ་ཡུལ་ལ་ཨ་རག་ཇི་ཙམ་ཡོད་ཀྱང་མི་དེས་འཐུང་གི་མ་རེད། འདིའི་ཐོག་ནས་གང་ཞིག་རྩད་ཆོད་དམ་ཞེ་ན། གཙོ་བོ་དེ་རང་གི་བསམ་བློ་འཁྲུལ་པའི་ཐོག་ནས་ཕྱི་རོལ་ཡུལ་ལ་འདོད་ཆགས་སྐྱེ་ས་ཞིག་དང་ཁོང་ཁྲོ་སྐྱེ་ས་ཞིག་ཡོང་གི་ཡོད་པའི་བསམ་ཚུལ་ཞིག་ཡོད་པ་དེ་ནོར་འཁྲུལ་ཡིན་པར་ཤོད་ཀྱི་ཡོད། སྟོང་ཉིད་སྐོར་ལ་བསམ་བློའི་རྨང་གཞི་འདི་འདྲ་ཞིག་གི་ཐོག་ནས་ནོར་འཁྲུལ་ཡིན་པ་ཞིག་ཏུ་ལྟ་དགོས་ཀྱི་ཡོད།

དེ་ནས་འབྲས་བུ་གཞན་དོན་དུ་གཏོང་བ་ཟེར་བ་སངས་རྒྱས་ཟིན་ནས་སེམས་ཅན་གྱི་དོན་བྱེད་པ་ནི། སངས་རྒྱས་ལ་སེམས་ཅན་འདིའི་དོན་བྱེད་དང་། འདིའི་དོན་མི་བྱེད་སྙམ་པའི་རྣམ་རྟོག་མེད། དེས་ན་སེམས་ཅན་གྱི་དོན་བྱེད་པ་ལ་འབད་རྩོལ་བྱེད་དགོས་པའི་དཀའ་ཚེགས་གང་ཡང་མེད། གང་ཡིན་ཞེ་ན། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེར་དཔེ་བཞག་ཡོད། ང་རང་ཚོ་མི་ཟེར་བ་ནོར་བུར་ཧ་ཅང་དགའ་པོ་ཡོད་སྟབས་ནོར་བུ་དེ་དཔེར་བཞག་པ་རེད། ནོར་བུ་རིན་པོ་ཆེར་སྨོན་ལམ་བཏབ་ན། ཟས་གོས་གནས་མལ་སོགས་གང་ཞིག་དགོས་ཀྱང་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེས་གསོལ་རས་གནང་གི་ཡོད་ཅེས་བཤད་སྲོལ་ཡོད། དེ་བཞིན་སངས་རྒྱས་ཀྱིས་སེམས་ཅན་གྱི་འགྲོ་དོན་མཛད་རྒྱུའི་དུས་ལ་བབས་ན་སངས་རྒྱས་མཇལ་ཐུབ་ཀྱི་རེད། དུས་ལ་བབས་མེད་ན་སངས་རྒྱས་མཇལ་མི་ཐུབ།

ང་ལ་མི་ཁ་ཤས་ཀྱིས་སངས་རྒྱས་ཀྱིས་དོན་དམ་ལས་ཀུན་རྫོབ་མཁྱེན་གྱི་མ་རེད་ཅེས་བརྗོད་བྱུང་། ཀུན་རྫོབ་མ་མཁྱེན་པ་གང་ཡིན་ཞེ་ན། སངས་རྒྱས་ཀྱིས་སྤྱི་ཚོགས་ཀྱི་གནས་ཚུལ་མ་མཁྱེན་པ་དང་། རང་བྱུང་ཚན་རིག་མི་མཁྱེན་ཟེར། སངས་རྒྱས་ཀྱིས་སྟོང་པ་ཉིད་མཁྱེན་པ་དང་། རང་གཅེས་འཛིན་ཟེར་བ་དེ་སྡུག་པ་ཡིན་པ་མཁྱེན་པ་ལས། དེ་དག་ཕར་བཞག་ནས་རང་བྱུང་ཚན་རིག་དང་། སྤྱི་ཚོགས་ཀྱི་ལོ་རྒྱུས་དང་འཕེལ་རྒྱས། སྤྱི་ཚོགས་ཚན་རིག་ཅེས་པ་དེ་དག་མི་མཁྱེན་ཐག་ཆོད་རེད་ཅེས་ཟེར་གྱི་འདུག དེ་དག་མི་མཁྱེན་སྟབས་སངས་རྒྱས་ཀྱིས་སྤྱི་ཚོགས་གནས་ཚུལ་མང་པོ་ཞིག་ཐག་གཅོད་གནང་ཐུབ་མེད་པ་དང་། གལ་ཏེ་མཁྱེན་གྱི་ཡོད་ན་རང་ཉིད་ཞལ་བཞུགས་སྐབས་ནས་རྗེས་མ་སྤྱི་ཚོགས་ནང་གནས་ཚུལ་འདི་འདྲ་ཞིག་ཡོང་བ་དང་། དེ་དུས་ཐག་གཅོད་འདི་འདྲ་བྱེད་དགོས་ཞེས་གསུངས་ཡོད། ཁོང་གིས་མཁྱེན་གྱི་མེད་སྟབས་མ་གསུངས་པ་དང་མག་སེས་བཤད་པ་རེད་ཅེས་ཟེར་གྱི་ཡོད། དེ་འདྲ་ཟེར་མཁན་འདུག ང་ལ་དྲི་བ་བཏོན་བྱུང་།

འཇིག་རྟེན་ཞི་བདེ་ཡོང་རྒྱུའི་གནས་ཚུལ་དེ་དག་མཁྱེན་མི་འདུག སྤྱི་ཚོགས་ནང་གྲྭ་པ་མང་པོ་བྱུང་ན་སྤྱི་ཚོགས་ལ་སྐྱོན་ཡོད་ན་མི་འབོར་ཉུང་བ་དང་དཔལ་འབྱོར་ཐོག་ནས་རྡོག་ཁྲེས་ཆགས་ཀྱི་ཡོད་པ་དེ་མཁྱེན་མི་འདུག དེར་བརྟེན། གྲྭ་པ་མང་པོ་གསོ་སྐྱོང་གནང་འདུག་ཅེས་དེ་དག་ང་ལ་ཐད་ཀར་བཤད་བྱུང་། ཁོང་ནི་ཆོས་ལུགས་དང་སྤྱི་ཚོགས་ཚན་རིག་གཉིས་ཀར་ཞིབ་འཇུག་བྱེད་མཁན་ཞིག་རེད། མདོར་བསྡུས་ན་སངས་རྒྱས་ཀྱིས་བདེན་པ་གཉིས་ལས་དོན་དམ་བདེན་པ་མ་གཏོགས་ཀུན་རྫོབ་བདེན་པ་མི་མཁྱེན་ཐག་ཆོད་རེད་ཅེས་ཟེར་གྱི་འདུག

ང་རང་ཚོར་སངས་རྒྱས་ཀྱིས་དེ་དག་མཁྱེན་ཡོད་མེད་ཇི་ལྟར་ཡང་། ཁོང་རང་གིས་བཤད་རྒྱུའི་དོན་དག་སྙིང་པོ་དེ་ནི་སངས་རྒྱས་ཀྱིས་འདས་དང་མ་འོངས་མཁྱེན་གྱི་མི་འདུག་བརྗོད་པ་དེ་རེད། ནང་པ་སངས་རྒྱས་པའི་ཆོས་ནང་སངས་རྒྱས་ཀྱིས་འདས་མ་འོངས་དུས་གསུམ་ཀ་མཁྱེན་གྱི་ཡོད་པ་རེད་ཅེས་བརྗོད་འདུག་དེ་ནི་རྫུན་རེད། འདས་པ་ནི་བྱུང་ཟིན་པར་བརྟེན་མཁྱེན་གྱི་ཡོད་པར་ཆ་བཞག འབྱུང་འགྱུར་མ་འོངས་པ་གཏན་ནས་མི་མཁྱེན་ཐག་ཆོད་རེད། ཁོང་རང་གིས་བསམ་བློ་མང་པོ་བཏང་ནས་བཤད་པ་རེད། ཁོང་རང་གི་བསམ་བློའི་ནང་ད་ལྟ་སྤྱི་ཚོགས་ནང་རྙོག་དྲ་མང་པོ་ཡོད་ཅིང་། མི་འབོར་མང་དྲགས་པ་དང་། ཟས་རིགས་དཀོན་པ། དེ་བཞིན་དཔལ་འབྱོར་གྱི་རྙོག་དྲ་སོགས་སྤྱི་ཚོགས་ནང་རྡོག་ཁྲེས་མང་པོ་ཞིག་ཡོད། རྡོག་ཁྲེས་ལ་སྤྱི་ཚོགས་ལ་ཡོངས་ཁྱབ་ཀྱི་རྡོག་ཁྲེས་གཅིག་དང་། ང་ཚོ་བོད་པར་དམིགས་བསལ་གྱི་རྡོག་ཁྲེས་གཅིག་ཡོད་ཟེར། བོད་པའི་དམིགས་བསལ་རྡོག་ཁྲེས་དེ་གང་ཡིན་ཞེ་ན། དཔལ་འབྱོར་གྱི་རྡོག་ཁྲེས་དེ་ཆགས་ཡོད། གྲྭ་པ་མང་པོ་ཡོད་པ་དེ་དཔལ་འབྱོར་གྱི་རྡོག་ཁྲེས་ཆེན་པོ་རེད།

དེ་དག་ལ་ཕར་མ་གཏོགས་སྤྱི་ཚོགས་ལ་ཚུར་ཡོང་རྒྱུ་གང་ཡང་མི་འདུག་ཟེར། ངས་ཁོང་རང་ལ་ཕར་གང་བཤད་པ་ཡིན་ནམ་ཞེ་ན། གྲྭ་པ་མང་པོ་བྱུང་བ་དེས་སྤྱི་ཚོགས་ལ་ཕན་ཐོགས་ཆེན་པོ་བྱུང་ཡོད། སྤྱི་ཚོགས་ནང་མི་མང་དྲགས་པར་བརྟེན་ཟ་འབྲུ་དཀོན་པོ་ཆགས་པ་དང་། ཟ་འབྲུ་དང་མིའི་མང་ཉུང་དོ་མཉམ་གྱི་མེད། དེ་ལྟར་དོ་མཉམ་མེད་སྟབས་ཟ་འབྲུ་ཉོ་མི་མང་པོ་ཆགས་པས་རྙོག་དྲ་ཆགས་པ་རེད། དེར་བརྟེན། གྲྭ་པ་མང་དུ་བཏང་ན་མི་ཉུང་དུ་འགྲོ་གི་རེད། མི་ཉུང་དུ་ཕྱིན་ན་ཟ་འབྲུ་དཀོན་པོ་ཆགས་རྒྱུའི་གནས་ཚུལ་དེ་ཡོང་གི་མ་རེད་ཅེས། ངས་ཁོང་རང་ལ་ཕར་དེ་ལྟར་བཤད་པ་ཡིན།

ན་ནིང་གཞེས་ནིང་མི་འབོར་ཞིབ་བཤེར་བྱས་པ་དང་། དེ་ནས་མི་འབོར་ཞིབ་བཤེར་གྱི་མཇུག་སྡོམ་ཚོགས་འདུ་ཚོགས་པ་རེད། དེའི་སྐབས་མཇུག་སྡོམ་གང་བརྒྱབ་ཡོད་དམ་ཞེ་ན། གྲྭ་པར་ཚད་གཞི་ཞིག་དགོས་པ་དང་། གྲྭ་པ་ལ་ཚད་གཞི་ཞིག་མ་བཟོས་པར་ཧ་ཅང་འཕེལ་རྒྱས་ཕྱིན་ན་ཟ་མཁན་མང་དུ་འགྲོ་གི་རེད་ཅེས་བཤད་པ་རེད། དེར་ངས་གྲྭ་པ་མང་དུ་ཕྱིན་ན་ཟ་མཁན་མང་དུ་འགྲོ་གི་མ་རེད། ཕྲུ་གུ་མ་སྐྱེས་སྟབས་མི་ཉུང་དུ་འགྲོ་གི་རེད། མི་ཉུང་དུ་ཕྱིན་པས་ན་ཟ་འབྲུ་ཉུང་བའི་སྐད་ཆ་དེ་ཡོང་གི་མ་རེད་ཅེས་བཤད་པ་ཡིན། ཚད་གཞི་དེ་མ་བཟོས་ན་ལེགས་ཚུལ་བཤད་པ་ཡིན། འདིའི་རིགས་ང་རང་ཚོ་བོད་རིག་པའི་ཞིབ་འཇུག་བྱེད་མཁན་ཚོས་བསམ་བློ་གཏོང་དགོས་པའི་གནད་དོན་ཆེན་པོ་ཞིག་ཆགས་ཀྱི་ཡོད། འདི་དག་ངས་ཞོར་ལ་ཞུས་པ་རེད། སངས་རྒྱས་ཀྱིས་དོན་དམ་བདེན་པ་ལས་ཀུན་རྫོབ་བདེན་པ་མཁྱེན་གྱི་མ་རེད་ཟེར་བ་གྲྭ་པ་མང་དྲགས་པ་སོགས་དང་འབྲེལ་བ་ཆགས་པ་རེད།

༣) ཐེག་ཆེན་བཀའ་སྒྲུབ།

དེ་ནས་ཐེག་པ་ཆེན་པོ་སངས་རྒྱས་ཀྱི་བཀའ་ཡིན་པའི་རྒྱུ་མཚན་བཤད་པ་འདི་བཤད་དགོས་དོན་གང་ཡིན་ཞེ་ན། ཐེག་པ་ཆེན་པོའི་བཀའ་འདི་སངས་རྒྱས་ཞལ་བཞུགས་དུས་ཙ་ན་མི་ཉུང་ངུ་ཞིག་ལ་གསུངས་པ་ལས་རྒྱ་ཆེན་པོར་གསུངས་མེད། སངས་རྒྱས་དགོངས་པ་རྫོགས་རྗེས་ལོ་མང་པོ་ཕྱིན་པའི་རིང་ལ་ཐེག་པ་ཆུང་ངུའི་ཆོས་དེ་དར་རྒྱས་ཧ་ཅང་ཆེན་པོ་བྱུང་བ་དང་། མགོན་པོ་ཀླུ་སྒྲུབ་དང་འཕགས་པ་ཐོགས་མེད་གཉིས་ཕེབས་པ་ནས་ཐེག་པ་ཆེན་པོའི་ཆོས་དེ་དར་རྒྱས་ཆེན་པོ་བྱུང་བ་རེད། དེར་བརྟེན། ཐེག་པ་ཆུང་ངུ་དེ་དག་གིས་ཐེག་ཆེན་སངས་རྒྱས་ཀྱི་བཀའ་མ་རེད་ཅེས་བཤད་པ་རེད། སྔ་མོ་ཐང་ཟན་ཙང་རྒྱ་གར་ལ་ཕེབས་སྐབས་རྒྱ་གར་ནང་ཐེག་ཆེན་སངས་རྒྱས་ཀྱི་བཀའ་མ་ཡིན་པར་སྒྲུབ་པའི་རྩོམ་ཡིག་མང་པོ་བྲིས་ནས་ཐེག་ཆེན་ལ་དགག་པ་རྒྱག་མཁན་མང་པོ་བྱུང་ཡོད། སྐབས་དེར་རྒྱ་གར་གྱི་རྒྱལ་པོ་དེས་ཐང་སན་བླ་མ་དང་། དེ་མིན་རྒྱ་གར་གྱི་མཁས་པ་བཞི་རྒྱ་གར་ལྷོ་ཕྱོགས་ལ་བཏང་ནས་ཐེག་པ་ཆེན་པོ་སངས་རྒྱས་ཀྱི་བཀའ་ཡིན་པའི་རྒྱུ་མཚན་བཤད་པ་བྱུང་ཡོད།

དེ་ནས་བཟུང་ཐང་སན་རྒྱ་གར་ལ་མཚན་སྙན་གྲགས་ཆེན་པོ་བྱུང་ནས་ནཱ་ལེནྡྲའི་མཁན་པོ་ཡང་གནང་བ་རེད། དེ་དུས་ཐང་སན་དང་རྒྱ་གར་གྱི་མཁས་པ་གསུམ་མཉམ་འབྲེལ་གྱི་ཐོག་ནས་ཐེག་པ་ཆེན་པོ་སངས་རྒྱས་ཀྱི་བཀའ་ཡིན་པའི་རྒྱུ་མཚན་དྲིལ་བསྒྲགས་ཤུགས་ཆེ་བྱས་ནས་ཐེག་པ་ཆེན་པོ་དར་རྒྱས་ཆེན་པོ་བྱུང་བ་རེད། གཙོ་བོ་རང་ཉིད་བློས་བཏང་ནས་ཐེག་པ་ཆུང་ངུའི་གཞུང་ནས་གཞན་གྱི་ཕན་བདེ་སྒྲུབ་དགོས་པ་མི་འདུག རང་འཁོར་བ་ནས་ཐར་ན་དེས་འགྲིག གཞན་ལ་ཇུས་གཏོགས་བྱེད་དགོས་དོན་མི་འདུག རང་ཉིད་ཀྱི་དོན་དག་གྲུབ་ན་འགྲིག་ཅེས་གསུངས། གང་ཟག་གི་བདག་མེད་རྟོགས་ནས་འཁོར་བ་ལས་ཐར་ན་འགྲིག་གི་རེད། དེ་མིན་བསོད་ནམས་ཀྱི་ཚོགས་དང་། ཕར་ཕྱིན་དྲུག་ལྟ་བུ་རྒྱ་ཆེན་པོ་དེ་འདྲ་མང་པོ་མི་དགོས་ཟེར། ཁོང་ཚོས་བརྗོད་པ་ནི་ཁོང་རང་ཚོས་ཁས་ལེན་པའི་སྟོང་ཉིད་དེ་སྟོང་ཉིད་དངོས་གནས་ཡིན་བསམས་ནས་ཐེག་པ་ཆེན་པོ་སངས་རྒྱས་ཀྱི་བཀའ་མིན་ཞེས་བཤད་པ་རེད།

ཐེག་པ་ཆུང་ངུར་གསུངས་པའི་སྟོང་ཉིད་དེ་སྟོང་ཉིད་ངོ་མ་མིན། ང་རང་ཚོ་སློབ་གྲྭ་ཆེན་པོའི་མི་ཚོར་ཆ་བཞག་ན། སློབ་གྲྭ་ཆུང་བའི་གནས་ཚད་ཀྱི་སྟོང་ཉིད་ཅིག་རེད། དེ་མ་གཏོགས་སློབ་གྲྭ་ཆེན་པོའི་གནས་ཚད་ཀྱི་སྟོང་ཉིད་དེ་གསུངས་མེད། གང་ཟག་གི་བདག་མེད་ཀྱང་ཕྱེད་ཀ་ལས་གསུངས་མེད། དེ་དག་ཁོང་ཚོའི་བསམ་བློའི་ནང་ཆུད་ཀྱི་མ་རེད། སངས་རྒྱས་ཀྱིས་གང་ཟག་གི་བདག་མེད་རགས་པ་ཙམ་ལས་གསུངས་མེད་ཀྱང་ཁོང་རང་ཚོའི་བསམ་བློའི་ནང་དེ་ནི་མཐར་ཐུག་དེ་རང་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། དེར་བརྟེན། ཐེག་པ་ཆེན་པོ་དེ་སངས་རྒྱས་ཀྱི་བཀའ་མ་རེད་ཅེས་བཤད་པ་རེད། དེ་ལྟར་བརྗོད་མཁན་ལ། ཕྱི་རྒྱལ་གྱི་མཁས་པ་དང་། ང་རང་ཚོ་སྔ་མོ་བོད་ལའང་དགེ་བཤེས་ཆོས་གྲགས་ཞུ་བའི་མཁས་པ་ཞིག་ཡོད། ཁོང་གིས་ཐེག་པ་ཆེན་པོ་གཏན་ནས་ཁས་ལེན་གྱི་མ་རེད། ཐེག་པ་ཆེན་པོ་མགོན་པོ་ཀླུ་སྒྲུབ་ཀྱིས་བཟོས་པ་ལས། སངས་རྒྱས་ཀྱིས་གསུངས་མེད་ཅེས་ཁོང་རང་གིས་དེ་འདྲ་ཟེར་གྱི་རེད།

དེར་བརྟེན། དགེ་བཤེས་ལགས་ཀྱི་མཚན་ལའང་དགེ་བཤེས་བྱེ་བྲག་སྨྲ་བ་ཞེས་འབོད་ཀྱི་ཡོད། ཐེག་པ་ཆུང་ངུའི་ནང་ལ་ཐེག་ཆེན་ཁས་ལེན་མཁན་དང་མི་ལེན་མཁན་སྣ་ཚོགས་ཡོད། ཉན་ཐོས་སྡེ་པ་བཞིའི་ནང་ནས་ཕལ་ཆེན་སྡེ་པ་མ་གཏོགས་ཚང་མས་ཐེག་ཆེན་ཁས་ལེན་གྱི་མེད། ཕལ་ཆེན་སྡེ་པས་ཐེག་པ་ཆེན་པོ་སངས་རྒྱས་ཀྱི་བཀའ་ཡིན་པར་ཁས་ལེན་གྱི་ཡོད། ཁོང་རང་ཚོ་ཐེག་ཆེན་དང་ཐེག་པ་ཆུང་ངུ་གཉིས་ཀའི་ཆོས་བྱེད་ཀྱི་ཡོད། དེ་མིན་སྡེ་པ་གཞན་དག་གིས་ཐེག་ཆེན་སངས་རྒྱས་ཀྱི་བཀའ་གཏན་ནས་མིན་པ་དང་། གསང་སྔགས་ནི་དེ་བས་ཀྱང་སངས་རྒྱས་ཀྱིས་གསུངས་པ་མིན་ཟེར། དེང་སང་རྒྱ་གར་ནང་ཤྲཱི་ལངྒ་དང་འབར་མ་སོགས་ཀྱི་ནང་པའི་གྲྭ་པ་ཡོད། དེ་དག་མང་ཆེ་བས་ཐེག་ཆེན་ཁས་མི་ལེན་ཞིང་། ཕལ་ཆེན་སྡེ་པ་ཡིན་པ་ཁ་ཤས་ཡོད་པ་དེ་དག་གིས་ཐེག་ཆེན་ཁས་ལེན། སྔར་ཁོང་ཚོས་གསང་སྔགས་སངས་རྒྱས་ཀྱིས་གསུངས་པར་ཁས་མི་ལེན་ཡང་དེང་སང་ཁོང་ཚོས་ཁས་ལེན་འགོ་ཚུགས་ཡོད། སྔར་གསང་སྔགས་ལྟ་ཞོག་ཐེག་པ་ཆེན་པོ་ཡང་ཁས་མི་ལེན། དེར་བརྟེན། ཐེག་པ་ཆེན་པོ་སངས་རྒྱས་ཀྱི་བཀའ་ཡིན་ཞེས་སྒྲུབ་དགོས་པའི་རྒྱུ་མཚན་དེ་ལྟར་ཆགས་ཡོད།

ཐེག་པ་ཆེན་པོ་སངས་རྒྱས་ཀྱི་བཀའ་ཡིན་པ་ཇི་ལྟར་བྱས་ཏེ་སྒྲུབ་ཐུབ་བམ་ཞེ་ན། སངས་རྒྱས་ཀྱིས་གསུངས་པ་མིན་ཞེས་བརྗོད་སྐབས་ཁྱེད་རང་ཚོ་ཐེག་པ་ཆུང་ངུའི་བཀའ་དེ་དག་ཀྱང་སངས་རྒྱས་ཀྱིས་གསུངས་པ་ཞིག་མིན་ཞེས་བརྗོད་ན་ཁྱེད་རང་ཚོས་གང་ཞིག་བརྗོད་ཀྱི་ཡིན་ནམ། དེར་ང་ཚོས་བཤད་པ་དེ་ཡི་གེའི་ནང་བྲིས་ནས་མཐོང་རྒྱུ་ཡོད་ཀྱང་། ཐེག་ཆེན་དེ་ལྟར་མཐོང་རྒྱུ་མི་འདུག་པས། ཐེག་ཆེན་ཐོག་མར་དར་སྤེལ་གཏོང་མཁན་མགོན་པོ་ཀླུ་སྒྲུབ་ཡིན་པས་ཁོང་གིས་བཟོས་པ་རེད་ཟེར། དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་ནང་དུ་ཡང་། མགོན་པོ་ཀླུ་སྒྲུབ་ཀྱིས་རྩ་བ་ཤེས་རབ་ནང་སྟོང་ཉིད་ཀྱི་སྐོར་རྒྱ་ཆེན་པོ་ཞིག་གསུངས་ཡོད། དེ་ལྟར་མང་པོ་དགོས་དོན་མེད། ཚིག་ཁ་ཤས་ཤིག་གསུངས་ན་འགྲིག རྩ་བ་ཤེས་རབ་ཏུ་གསུངས་པ་མང་ཐག་ཆོད་པ་རེད་ཟེར་གསུངས་འདུག

སངས་རྒྱས་ཀྱི་རྣམ་ཐར་ཞིག་ཡོད། སངས་རྒྱས་ཀྱི་ལོ་རྒྱུས་ཐེག་པ་ཆེན་པོས་བཤད་པ་དང་ཐེག་པ་ཆུང་ངུས་བཤད་པ་གཉིས་མི་འདྲ་ཞིང་། ཐེག་པ་ཆུང་ངུའི་གཞུང་ཁག་གཅིག་ཏུ་སྡེ་པ་བཞི་ཡོད་པའི་སྡེ་པ་འགའ་ཞིག་གི་སངས་རྒྱས་ཀྱི་རྣམ་ཐར་ནང་དུ་སངས་རྒྱས་སོ་སོའི་ཁྱིམ་ཚང་ནས་ཆོས་ཐོག་ལ་ཕེབས་ཤིང་། སྐབས་དེ་དུས་སྲས་སྒྲ་གཅན་འཛིན་འཁྲུངས་ཟིན་པ་རེད་ཟེར་བ་དེ་ལྟར་ཡོད། སྤྱིར་རྣམ་ཐར་མང་པོའི་ནང་སྐབས་དེ་སྲས་སྒྲ་གཅན་འཛིན་འཁྲུངས་མེད། སྒྲ་གཅན་འཛིན་ཡུམ་གྱི་ཁོག་ཏུ་ལོ་མང་བཞུགས་པ་རེད་ཅེས་གསུང་སྟངས་མི་འདྲ་བ་ཡོད།

ཐེག་པ་ཆེན་པོ་སངས་རྒྱས་ཀྱི་བཀའ་ཡིན་མིན་ལ་རྩོད་པ་ཡོད། ཐེག་པ་ཆུང་ངུ་སངས་རྒྱས་ཀྱི་གསུང་ཡིན་མིན་ལ་རྩོད་པ་མི་འདུག ཐེག་པ་ཆུང་ངུ་སངས་རྒྱས་ཀྱི་བཀའ་ཡིན་པ་ཁྱེད་རང་ཚོས་ཀྱང་ཁས་ལེན། ཐེག་པ་ཆེན་པོ་ཁྱེད་རང་ཚོས་སངས་རྒྱས་ཀྱི་བཀའ་རེད་ཅེས་བརྗོད་ཀྱི་ཡོད་ཀྱང་། ང་ཚོས་མ་རེད་ཅེས་བརྗོད་ཀྱི་ཡོད་པས་དེ་ལ་རྩོད་པ་ཡོད། དེ་ལྟར་ན་ཁྱེད་རང་ཚོས་སངས་རྒྱས་ཀྱི་བཀའ་ཡིན་པར་ཁས་ལེན་པའི་ཐེག་པ་ཆུང་ངུ་ལ་ཡང་རྩོད་པ་ཡོད། དཔེར་ན། ཁྱེད་རང་ཚོར་སྡེ་པ་བཞི་ཡོད་པ་དང་དེ་དག་ལ་འདུལ་བ་མི་འདྲ་བ་བཞི་ཡོད་པས་སོ་སོའི་དེ་སངས་རྒྱས་ཀྱིས་གསུངས་པ་རེད། གཞན་དེ་སངས་རྒྱས་ཀྱིས་གསུངས་པ་མ་རེད་ཅེས་ཁྱེད་རང་ཚོ་ནང་ཁུལ་ལའང་རྩོད་པ་ཡོད། ཡང་གང་ཟག་གི་བདག་མེད་དགོས་ཀྱང་སྟོང་པ་ཉིད་མི་དགོས། ཁོང་ཚོའི་བསམ་བློའི་ནང་སྟོང་པ་ཉིད་ཅེས་བརྗོད་མ་ཐག་གཏན་ནས་མེད་པ་ཞིག་ལ་གོ་བཞིན་ཡོད། དཔེར་ན། ང་ཚོས་སྟོང་པ་ཉིད་ཅེས་པ་བོད་ཡིག་ནས་རྒྱ་ཡིག་ལ་བསྒྱུར་སྐབས་སྟོང་པ་མེད་པ་རང་ལ་བསྒྱུར་བ་རེད། དེ་ལྟར་ཐེག་པ་ཆུང་ངུ་དེ་དག་གིས་སྟོང་པ་ཉིད་ཅེས་བརྗོད་སྐབས་ལམ་སེང་སྟོང་པ་སྟོང་རྐྱང་གང་ཡང་མེད་པ་ཞིག་ལ་གོ་བ་ལེན་གྱི་ཡོད།

ང་ཚོས་སྟོང་པ་ཉིད་ཅེས་པ་དེ་སྟོང་པ་སྟོང་རྐྱང་གང་ཡང་མེད་པར་ཟེར་བ་མིན་པར་རང་བཞིན་གྱིས་མ་གྲུབ་པར་ཟེར་བ་ཡིན། ཁོང་ཚོས་རང་བཞིན་གྱིས་མ་གྲུབ་ན་མེད་དགོས་པ་དང་། ཡོད་ན་རང་བཞིན་གྱིས་གྲུབ་དགོས་ཞེས་ཁོང་ཚོའི་ལྟ་བ་དེ་ལྟར་རེད། གཙོ་བོ་དེ་རང་བཞིན་མ་གྲུབ་པ་མིང་ཙམ་ཞེས་བརྗོད་སྐབས་དངོས་པོ་དེ་གཏན་ནས་མེད་པར་གོ་བ་ལེན་པས་ན་མེད་ཅེས་བརྗོད་པ་དང་གཅིག་པ་ཆགས་ཀྱི་ཡོད།

མདོར་བསྡུས་ན་གང་ཟག་གི་བདག་མེད་རྟོགས་པ་ཙམ་གྱིས་འཁོར་བ་ལས་མི་ཐར་བར་འཁོར་བ་ལས་ཐར་བ་ལ་སྟོང་པ་ཉིད་རྟོགས་དགོས། ཁྱེད་རང་ཚོས་བཤད་པའི་བདག་མེད་དེ་ཡང་རགས་པ་ཙམ་ཡིན་པ་ལས་བདག་མེད་ཕྲ་མོ་དེ་མིན། བདག་མེད་ཕྲ་མོ་དེ་ནི་ང་ཚོས་བཤད་པའི་རང་བཞིན་གྱིས་མ་གྲུབ་པ་དེ་ཡིན་པ་དང་། དེ་ཡང་གང་ཟག་རང་བཞིན་གྱིས་མ་གྲུབ་པ་དེ་བདག་མེད་ཕྲ་མོ་རེད། དེ་ཁྱེད་རང་ཚོས་རྟོགས་ཐུབ་ཀྱི་མེད་ཅེས་དབྱེ་བ་དེ་བཤད། གཙོ་བོ་རང་བཞིན་གྱིས་མ་གྲུབ་པ་སྟོང་པ་ཉིད་དང་གང་ཟག་གི་བདག་མེད་ཐེག་པ་ཆུང་ངུས་བཤད་པ་དེ་གཉིས་ཀྱི་བར་ལ་ཁྱད་པར་ཡོད་པ་དེས་དབྱེ་བ་ཕྱེ་བ་རེད། ཁྱེད་རང་ཚོས་བཤད་པའི་གང་ཟག་བདག་མེད་དེ་རྟོགས་པ་ཙམ་གྱིས་འཁོར་བ་ལས་ཐར་མི་ཐུབ། ངེས་པར་དུ་སྟོང་ཉིད་རྟོགས་དགོས་ལ་ཁྱེད་རང་ཚོས་བརྗོད་པའི་དགྲ་བཅོམ་པ་དེ་ལ་ཡང་གཉིས་ཡོད་ཅིང་། གང་ཟག་གི་བདག་མེད་ཙམ་མ་ཡིན་པར་སྟོང་པ་ཉིད་རྟོགས་མཁན་ཞིག་ཀྱང་ཡོད། ཁྱེད་རང་ཚོས་ཁས་མ་ལེན་པ་ལས་ཁོང་ཚོས་རྟོགས་ཟིན་པ་རེད་ཟེར། འགའ་ཤས་ནི་གང་ཟག་གི་བདག་མེད་རྟོགས་པར་སྟོང་པ་ཉིད་རྟོགས་པར་འཁྲུལ་ནས་བསྡད་ཡོད།

༤) བྱང་ཆུབ་ཀྱི་སེམས་སྐྱེ་བའི་རྐྱེན།

བྱང་ཆུབ་ཀྱི་སེམས་སྐྱེ་བར་ཆ་རྐྱེན་གང་ཞིག་ཚང་དགོས་སམ་ཞེ་ན། བྱང་ཆུབ་ཀྱི་སེམས་སྐྱེ་བ་ལ། ཐོག་མར་སྡོམ་པ་མང་པོ་སྲུང་ཐུབ་པ་དང་། དེ་ལྟར་མ་ཐུབ་ཀྱང་སྡོམ་པ་སྣ་གཅིག་ཡན་སྲུང་བ་སྟེ། སྲོག་གཅོད་སྤོང་བའི་སྡོམ་པ་དང་། མ་བྱིན་ལེན་སྤོང་བའི་སྡོམ་པ་སོགས་སྡོམ་པ་སྣ་ཁ་གཅིག་གཉིས་སྲུང་ཐུབ་པ་ཞིག་དགོས་པ་ཡིན། དེ་ལྟར་མེད་ན་ཡོང་ཐབས་མེད། དཔེར་ན། བྱང་ཆུབ་ཀྱི་སེམས་ཞེས་པ་དེ་གཞན་ལ་ཕན་སེམས་བྱེད་པའི་སེམས་ཤིག་དང་། འགྲོ་བ་སེམས་ཅན་ཐམས་ཅད་ལ་ཕན་ཐོགས་བྱེད་པའི་བསམ་བློ་ཞིག་ཡིན་སྟབས། སྡོམ་པ་སྣ་ཁ་གཅིག་ཀྱང་སྲུང་བའི་བསམ་བློ་མེད་ན་བྱང་ཆུབ་ཀྱི་སེམས་སྐྱེ་བའི་ཐབས་གཏན་ནས་མེད་ལ་སྐྱེ་མི་ཐུབ།

བྱང་ཆུབ་ཀྱི་སེམས་ཞེས་པ་ནི། བྱང་ཆུབ་ཁས་ལེན་པ་དང་། དེ་འཐོབ་འདོད་ཡོད་པ། དེ་ཡང་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བྱང་ཆུབ་ཀྱི་གོ་འཕང་དེ་ཉིད་འཐོབ་འདོད་ཡོད་པ་དེ་འདྲ་ཞིག་དགོས་པ་ཡིན། དེས་ན་བསམ་བློ་གཉིས་ཚང་བ་ཞིག་ལ་བྱང་ཆུབ་ཀྱི་སེམས་ཞེས་བརྗོད་ཀྱི་ཡོད། ངས་འདིར་སྟབས་བདེ་པོའི་ཐོག་ནས་ཞུས་པ་ནི། བྱང་ཆུབ་ཀྱི་སེམས་ཀྱི་ཐོག་ནས་མ་ཞུས་པར། གཞན་ལ་ཕན་པའི་ཕན་སེམས་ཀྱི་ཐོག་ནས་དང་། དེ་ཡང་སངས་རྒྱས་ཆོས་ལུགས་སྤྱིའི་བསམ་བློའི་ཐོག་ནས་ཞུས་པ་ཡིན།

༥) སངས་རྒྱས་ཀྱི་སྒྲ་དོན།

གཉིས་པ། ཚད་གང་འདྲ་ཞིག་སླེབས་ན་སངས་རྒྱས་པ་རེད་དམ་ཞེ་ན། དེ་ལ་སངས་དང་། རྒྱས་ཞེས་པའི་དོན་དག་གཉིས་ཡོད། གང་ཞིག་སངས་པ་དང་། གང་ཞིག་རྒྱས་པ་ཡིན་ཞེ་ན། སྐྱོན་རིགས་ཐམས་ཅད་སངས་པས་ན་སངས་དང་། ཡོན་ཏན་གྱི་རིགས་ཐམས་ཅད་མཐར་ཕྱིན་པས་ན་རྒྱས་པ་སྟེ་སངས་རྒྱས་ཞེས་བརྗོད་ཀྱི་ཡོད། དེ་ཇི་ལྟར་བྱས་ཏེ་ཡོང་དགོས་སམ་ཞེ་ན། ཐོག་མར་སྐྱོན་སྣ་ཁ་གཅིག་སྤངས་པ་དང་ཡོན་ཏན་སྣ་ཁ་གཅིག་ཐོབ། དེ་གཉིས་མཉམ་དུ་ཡོང་བ་ཞིག་ཡིན། དཔེར་ན། རྒྱ་མ་ཞིག་བཀྱག་ན་ཕྱོགས་གཅིག་ལ་རྒྱ་རྡོ་དང་། ཕྱོགས་གཅིག་ལ་དངོས་པོ་བླུགས་ན་དངོས་པོས་ཡར་ཕྱིན་ན་རྒྱ་རྡོ་མར་ཕྱིན་པ་དང་། དངོས་པོ་མར་ཕྱིན་ན་རྒྱ་རྡོ་ཡར་འགྲོ་བ་ལྟར་སྐྱོན་སྣ་གཅིག་སྤངས་ན་ཡོན་ཏན་སྣ་གཅིག་རྒྱུད་ལ་སྐྱེ་བ་ཡིན། དེ་གཉིས་དུས་མཉམ་ཡིན། དེས་ན་སྐྱོན་སྣ་གཅིག་སྤངས་པ་དང་ཡོན་ཏན་སྣ་གཅིག་རྒྱུད་ལ་སྐྱེས་པ་ནས་འགོ་བཙུགས་ཏེ་རིམ་བཞིན་སྐྱོན་ཐམས་ཅད་སྤངས། ཡོན་ཏན་ཐམས་ཅད་མཐར་ཕྱིན་པ་དེ་ལྟ་བུའི་གནས་སྐབས་ཤིག་ཡོད་པ་དེ་ལ་སངས་རྒྱས་ཞེས་བརྗོད་པ་རེད།

སྐྱོན་སྣ་གཅིག་མེད་པར་ཡོན་ཏན་ཐམས་ཅད་མཐར་ཕྱིན་པའི་སངས་རྒྱས་ཤིག་ཡོད་དམ་ཞེ་ན། ཆོས་ཀྱི་ཐོག་ནས་བརྗོད་ན་ཡོད་ལ། དེ་ལྟར་ཡོད་པའི་རྒྱུ་མཚན་ཡང་མང་དུ་འཇོག་རྒྱུ་ཡོད། དེ་ལྟར་ཡོད་པའི་རྒྱུ་མཚན་གང་ཞེ་ན། སྐྱོན་ལ་བདེན་དོན་མེད་ལ། ཡོན་ཏན་ལ་བདེན་དོན་དང་རིག་པའི་གཞུང་ལུགས་ཀྱི་ཁུངས་ཡོད། སྐྱོན་ལ་རིག་པའི་གཞུང་ལུགས་ཀྱི་ཁུངས་གཏན་ནས་མེད་པར་མ་ཟད། བདེན་དོན་ཡང་མེད་པ་ཞིག་ཡིན། དེ་ལྟར་བདེན་དོན་ཡོད་པ་དང་བདེན་དོན་མེད་པ་མཉམ་དུ་བསྡོམས་ན་བདེན་དོན་ཡོད་པ་དེས་བདེན་དོན་མེད་པ་ཕར་ཕམ་པར་བྱེད་པ་ལས། བདེན་དོན་མེད་པ་དེས་བདེན་དོན་ཡོད་པ་དེ་ཚུར་ཕམ་པར་བྱེད་མི་ཐུབ། དེས་ན་ང་ཚོའི་སྐྱོན་གྱི་རིགས་ཐམས་ཅད་སྤངས་ནས་ཡོན་ཏན་གྱི་རིགས་ཐམས་ཅད་མཐར་ཕྱིན་པའི་སངས་རྒྱས་ཞེས་པ་ཞིག་ཏན་ཏན་ཡོད་པ་རེད།

སྤངས་པ་དང་མེད་པ་གཉིས་དོན་དག་ཐ་དད་རེད། དཔེར་ན། ཁོང་ཁྲོ་མེད་པ་དང་ཁོང་ཁྲོ་སྤངས་པ་གཉིས་ཐ་དད་ཡིན། དེ་བཞིན་ཆང་སྤངས་པ་དང་། ཆང་མི་འཐུང་བ་གཉིས་ཀྱི་དོན་དག་ཐ་དད་རེད། ཆང་མི་འཐུང་བའི་མི་དེས་ཆང་སྤངས་པ་ཡིན་པའི་ངེས་པ་མེད། ཆང་འཐུང་རོགས་ཡོད་ན་འཐུང་རྒྱུའི་ཉེན་ཁ་ཡོད། ཆང་སྤངས་པ་ནི་སེམས་ཐག་གཙང་བཅད་ཀྱིས་སྤངས་ཟིན་པ་ཞིག་ཡིན་སྟབས། ཆང་འཐུང་རོགས་ཡོད་མེད་ལ་མ་ལྟོས་པར་མི་དེས་གཏན་ནས་མི་འཐུང་བ་ཡིན། དེ་བཞིན་སྐྱོན་སྤངས་ཞེས་པས་སྐྱོན་སྤངས་པར་མ་ཟད། སྐྱོན་འབྱུང་སའི་རྩ་བ་དང་བཅས་པ་སྤངས་པ་ཡིན། སྐྱོན་སྤངས་མེད་ན་ཆ་རྐྱེན་འཛོམས་སྐབས་སྐྱོན་དེ་ལྷག་ཡོང་གི་ཡོད།

དཔེར་ན། ནམ་རྒྱུན་སྦག་དང་མ་ཅཱང་མི་རྒྱག་མཁན་གྱི་མི་ཞིག་སྦག་ཁང་དུ་སླེབས་ན་ཐོག་མར་སྦག་དང་མ་ཅང་མི་ཤེས་པར་བརྟེན་ལྟད་མོ་བལྟས་ནས་སྡོད་པ་དང་། ཉིན་ཤས་སོང་མཚམས་སྦག་རྒྱག་མཁན་གྱི་གཡས་གཡོན་དུ་བསྡད་ནས་ཅུང་ཟད་རྒྱག་པ་དང་། གང་འཚམ་ནས་མི་དེ་སྦག་དང་མ་ཅཱང་ལ་མཁས་པའི་སྦག་པ་རང་ཆགས་ཀྱི་ཡོད། ཁོར་ཡུག་གི་ཆ་རྐྱེན་འཛོམས་སྐབས་མི་ལ་འགྱུར་བ་དེ་ལྟར་འགྲོ་བཞིན་ཡོད། སྤངས་ཞེས་པ་ནི་ཁོར་ཡུག་གི་ཆ་རྐྱེན་གང་འདྲ་ཞིག་གི་ནང་དུའང་ལས་ཀ་དེ་རིགས་གཏན་ནས་མི་བྱེད་མཁན་ཞིག་ལ་བརྗོད་པ་ཡིན།

དེས་ན་ཁོང་ཁྲོ་དང་། འདོད་ཆགས། ཞེ་སྡང་། གཏི་མུག་སོགས་སྤངས་ཞེས་པ་ནི། ཉོན་མོངས་དུག་གསུམ་སོགས་སྐྱེ་བའི་ཁོར་ཡུག་གི་ཆ་རྐྱེན་གང་འདྲ་ཞིག་གི་འོག་ཏུ་ཡིན་ནའང་གཏན་ནས་མི་སྐྱེ་བ་ཆགས་པ་ཞིག་ལ་ཉོན་མོངས་དུག་གསུམ་སྤངས་ཞེས་བརྗོད་ཀྱི་ཡོད། ཆོས་ཀྱི་ནང་ནས་གང་ཞིག་གསུང་གི་ཡོད་ཅེ་ན། བསམ་བློའི་ནང་གི་སྐྱོན་ཡིན་པ་རྣམས་ནམ་ཡང་སྐྱོན་ཡིན་པ་ལས་དེ་ཡོན་ཏན་དུ་ནམ་ཡང་འགྱུར་མི་ཐུབ་ཅིང་། དེ་ལྟར་འགྱུར་མི་ཐུབ་པ་ནི་སྐྱོན་ལ་བདེན་དོན་མེད་པས་ཡིན། ཡོན་ཏན་གྱི་རིགས་རྣམས་དུས་ནམ་དུ་ཡང་སྐྱོན་ལ་འགྱུར་རྒྱུ་མེད་པ་ནི་དེ་ལ་བདེན་དོན་ཡོད་པས་ཡིན་པར་གསུངས་ཡོད། དེ་ལྟར་སྐྱོན་ཡོན་གཉིས་ལ་བདེན་དོན་ཡོད་མེད་ཀྱི་ཁྱད་པར་ཡོད། བདེན་དོན་ལ་རྟག་ཏུ་རྒྱལ་ཁ་འཐོབ་པ་ལས་ནམ་ཡང་ཕམ་རྒྱུ་མེད། དེ་ང་རང་ཚོའི་ཆོས་ཀྱི་ནང་གི་རིག་པའི་གཞུང་ལུགས་ལྟེ་བ་དེ་རེད།

དཔེར་ན། བྱམས་སྙིང་རྗེས་ཁོང་ཁྲོ་མེད་པར་བཟོ་བ་ལས། ཁོང་ཁྲོས་ཚུར་བྱམས་དང་སྙིང་རྗེ་མེད་པར་བཟོ་མི་ཐུབ། དེའི་རྒྱུ་མཚན་གང་ཡིན་ཞེ་ན། ཁོང་ཁྲོ་ནི་བདེན་དོན་མིན་ལ། བྱམས་དང་སྙིང་རྗེ་ནི་བདེན་དོན་ཡིན། ཁོང་ཁྲོ་ལ་རིག་པའི་གཞུང་ལུགས་ཀྱི་ཁུངས་སྐྱེལ་རྒྱུ་མེད། བྱམས་དང་སྙིང་རྗེ་ལ་རིག་པའི་གཞུང་ལུགས་དུ་མ་ཡོད་སྟབས། རྒྱུ་མཚན་དང་བདེན་དོན་དང་ལྡན་པ་དེས་བདེན་དོན་དང་རྒྱུ་མཚན་མེད་པ་དེ་ཕར་རྩ་མེད་དུ་གཏོང་ཐུབ་པ་ཞིག་ཡིན། སངས་རྒྱས་ཡོད་པའི་རྒྱུ་མཚན་འདི་ལྟར་སྨྲ།

སྐྱོན་དང་ཡོན་ཏན་ཞེས་པ་ནི། མི་སུས་བལྟས་ཀྱང་སྐྱོན་ཡིན་པ་དང་། མི་སུས་བལྟས་ཀྱང་ཡོན་ཏན་ཡིན་པའི་ངེས་པ་མེད། ལུང་པ་ཞིག་གི་ནང་མི་ཚང་མས་ཆང་འཐུང་གི་ཡོད་ན། ཆང་འཐུང་བ་དེ་ཡོན་ཏན་དང་མི་འཐུང་བ་དེ་སྐྱོན་རེད། དཔེར་ན། ལས་ཁུངས་གཅིག་གི་ནང་དུ་ཐ་མག་འཐེན་མཁན་མང་པོ་ཡོད་པའི་ཁྲོད་དུ་ཐ་མག་མི་འཐེན་མཁན་མི་གཅིག་ཡོད་ན་དེ་ཉིད་གྲོགས་མེད་ཁེར་རྐྱང་དུ་ལུས་པ་དང་། སུས་ཀྱང་ཁ་ཡ་བྱེད་མཁན་མེད་པ་ལྟ་བུ་དང་། ཐ་མག་འཐེན་མཁན་ཕན་ཚུན་དགའ་སྤྲོའི་ངང་སྡོད་བཞིན་པར་བལྟས་ན། ཐ་མག་འཐེན་པ་དེ་ཡོན་ཏན་དང་། ཐ་མག་མི་འཐེན་པ་དེ་སྐྱོན་ཆགས་ཀྱི་ཡོད།

དགེ་འདུན་ཆོས་འཕེལ་གྱིས་གསུངས་པ་ལྟར་ན། སྐྱོན་དང་ཡོན་ཏན་ཞེས་པ་ནི། མི་བརྒྱ་ཐམ་པས་སྐྱོན་ཡིན་པར་ཁས་བླངས་པ་དེ་མི་སྟོང་ཐམ་པས་སྐྱོན་ཡིན་པར་ཁས་ལེན་པའི་ཁྱབ་པ་མེད། མི་སྟོང་གིས་ཡོན་ཏན་ཡིན་པར་ཁས་བླངས་པ་དེ་མི་བརྒྱ་ཐམ་པས་ཡོན་ཏན་ཡིན་པར་ཁས་ལེན་པའི་ངེས་པ་མེད། དེས་ན་སྐྱོན་དང་ཡོན་ཏན་ཞེས་པ་དེ་རང་རང་གི་ལྟ་ཕྱོགས་དང་མཐོང་ཕྱོགས་རེད་ཅེས་གསུངས་འདུག དེ་ནི་ཁོང་རང་ཉིད་ཀྱི་དགོངས་ཚུལ་གསུངས་པ་ཞིག་མིན་པར་ང་ཚོར་རིག་པ་བསླབས་པ་ཞིག་ཡིན།

དེ་ལྟར་ཡིན་ན་ལུང་པ་འགའ་ཞིག་ཏུ་ཕ་བསད་ནས་རྒྱལ་པོ་བྱས་ན་དཔའ་བོ་ཡིན་པར་བརྩི་མཁན་ཡོད། དེ་སྐྱོན་དང་ཡོན་ཏན་གང་ཡིན་ནམ་ཞེ་ན། ལུང་པ་དེའི་ནང་དུ་ཕ་བསད་ཐུབ་པ་དེ་བུ་དེའི་ཡོན་ཏན་ཆགས་ཡོད། འོན་ཀྱང་། འཛམ་གླིང་གི་སྤྱི་ཚོགས་ཁྱོན་ཡོངས་ནས་བལྟས་ན་ཕ་བསད་པ་དེ་ཡག་པོར་བརྩི་མཁན་མེད། དེ་སྡུག་ཆགས་ཡིན་པ་ལས་དཔའ་བོ་རེད་ཅེས་མི་བརྗོད། མི་རེ་རེ་དང་། ལུང་པ་རེ་རེ། ཚོགས་པ་རེ་རེ། སྤྱི་ཚོགས་རེ་རེའི་ནང་དུ་སྐྱོན་དང་ཡོན་ཏན་གྱི་ཆ་ནས་བརྩིས་ན་ཏག་ཏག་མིན། དེར་བརྟེན། སྤྱི་ཚོགས་ཀྱི་མི་ཁྱོན་ཡོངས་ཀྱིས་སྐྱོན་ཡིན་པར་ཁས་ལེན་པ་དེ་སྐྱོན་དང་། སྤྱི་ཚོགས་ཀྱི་མི་ཁྱོན་ཡོངས་ཀྱིས་ཡོན་ཏན་ཡིན་པར་ཁས་ལེན་པ་དེ་ཡོན་ཏན་ཡིན།

འོ་ན་དགྲ་འདུལ་གཉེན་སྐྱོང་བྱེད་པ་དེ་སྐྱོན་དང་ཡོན་ཏན་གང་ཡིན་ཞེ་ན། ཆོས་ཀྱི་ཐོག་ནས་བཤད་ན་དེ་ནི་སྐྱོན་ཡིན་ལ། རྒྱལ་ཁབ་ཀྱི་ཆབ་སྲིད་སོགས་ཀྱི་ཐོག་ནས་བཤད་ན་དགྲ་འདུལ་གཉེན་སྐྱོང་ཞེས་པ་དེ་ཡོན་ཏན་རེད། དེ་ལ་ལང་ཕྱོགས་བརྟན་པོ་དགོས། དེ་ཡང་དགའ་སར་དགའ་བ་དང་། སྡུག་སར་སྡུག་པ་ཞིག་བྱེད་ཕོད་པའི་དགའ་སྡུག་གི་རྣམ་འགྱུར་གསལ་པོ་ལྡན་པའི་ལངས་ཕྱོགས་བརྟན་པོ་དགོས། ཆབ་སྲིད་ཀྱི་ཐོག་ནས་དེ་ནི་ཡོན་ཏན་དུ་བརྩི་སྲོལ་ཡོད་ཀྱང་། ཆོས་ཕྱོགས་ཀྱི་ཐོག་ནས་སྐྱོན་ཡིན། སྤྱི་ཚོགས་ཁྱོན་ཡོངས་ཀྱི་ཆ་ནས་དགྲ་འདུལ་གཉེན་སྐྱོང་དེ་སྐྱོན་ཡོན་གང་ཞིག་ཡིན་མིན་ངས་ཞུ་མི་དགོས་པར་ཁྱེད་རང་ཚོས་དཔྱད་པ་གནང་དགོས།

དེས་ན་སངས་རྒྱས་ཞེས་པ་དེ་རྒྱུ་མེད་རྐྱེན་མེད་ལས་བྱུང་བ་ཞིག་མིན། དེ་ནི་ཐོག་མར་ང་རང་ཚོ་དང་མཚུངས་པར་སྐྱོན་མང་པོ་ཞིག་ཡོད་མཁན་ཞིག་ཡིན་པ་དང་། རིམ་བཞིན་སྐྱོན་སྣ་རེ་ནས་སྤངས་པ་དང་། ཡོན་ཏན་སྣ་རེ་ནས་ཐོབ་སྟེ་རིམ་བཞིན་སྐྱོན་ཐམས་ཅད་སྤངས་པ་དང་། ཡོན་ཏན་ཐམས་ཅད་ལྡན་པ་ཞིག་ཆགས་པ་ལས། སྐྱོན་གློ་བུར་དུ་སྤངས་པ་དང་སངས་གློ་བུར་དུ་རྒྱས་པ་ཞིག་མིན། མ་ཟད་ཆོས་ཀྱི་ཐོག་ནས་ང་ཚོ་སེམས་ཅན་ཞིག་ཡིན་ཕྱིན་ཆད་ལ་མ་འོངས་པར་འཚང་རྒྱ་ངེས་ཡིན་པ་ལས། མ་འོངས་པར་སངས་རྒྱ་མ་ཐུབ་པའི་སེམས་ཅན་མེད་ཅེས་གསུང་གི་ཡོད།

སྐྱོན་ཞེས་པ་ནི་ང་རང་ཚོའི་སེམས་ཀྱི་ཐོག་ཏུ་འགོས་ཡོད་པའི་དྲེག་པ་ལྟ་བུ་ཞིག་ཡིན། དཔེར་ན། ང་ཚོའི་སེམས་ཀྱི་ངོ་བོ་དེ་དྲི་མས་མ་གོས་པའི་གཙང་མ་ཞིག་ཡིན། འོན་ཀྱང་། དེ་ལ་གནས་སྐབས་ཉོན་མོངས་དུག་གསུམ་གྱི་དྲི་མ་འགོས་པ་ཞིག་ཡིན། སེམས་ཀྱི་ངོ་བོ་དེ་མི་གཙང་བ་ཞིག་ཡིན་ན། དེ་ལ་བཟོ་བཅོས་གང་ཡང་བྱ་རྒྱུ་མེད། དེ་བཞིན་མི་བཟང་པོ་དེ་སྡུག་ཆགས་ཆགས་རྒྱུ་དང་། མི་ངན་པ་དེ་བཟང་པོར་འགྱུར་རྒྱུ་གང་ཡང་མེད། འགྱུར་བ་འགྲོ་རྒྱུ་ཡོད་པ་ནི་སེམས་ཀྱི་ངོ་བོ་དེ་དྭངས་ཤིང་གཙང་བ་ཡག་པོ་ཞིག་ཡིན་པའི་རྟགས་ཡིན། འགྱུར་བ་དེ་གནས་སྐབས་ཀྱི་ཁོར་ཡུག་དང་ཆ་རྐྱེན་སོགས་ཀྱི་འོག་ནས་འགྱུར་བ་ཕྱིན་པ་ཞིག་ཡིན། དེས་ན་སྐྱོན་མེད་པར་བཟོ་མི་ཐུབ་པའི་སེམས་ཅན་གཅིག་ཀྱང་མེད་ལ། འཚང་རྒྱ་མི་ཐུབ་པའི་སེམས་ཅན་གཅིག་ཀྱང་མེད། རྒྱུ་མཚན་གང་ཡིན་ཞེ་ན། དེ་ནི་སེམས་ཀྱི་ཆོས་ཉིད་ཡིན། སེམས་ཀྱི་ངོ་བོ་གཙང་མ་ཡིན་པ་དེ་ལ་ཐུག་ཡོད་ཅེས་གསུང་གི་ཡོད། དེ་ནི་ནོར་བུ་ཞིག་དང་འདྲ་བ་སྟེ། ནོར་བུ་ཞེས་པ་ནི། འོད་དང་ལྡན་ཞིང་དྲི་མ་མེད་པའི་གཙང་མ་ཞིག་ཡིན། འོན་ཀྱང་དེ་ལ་དྲེག་པ་དང་ཞག་ཚི་འགོས་ན་དེ་དག་མེད་པར་བཟོ་རྒྱུ་ཡོད།

བརྒྱུད་སྐུལ།

མཆན་སྤེལ།