ལེ་ཚན་བདུན་པ། དམངས་སྲོལ།
དང་པོ། དུས་སྟོན་དམངས་སྲོལ།
ནག་ཆུའི་དབྱར་སྐྱིད་ནི་ཁུལ་དེའི་ལོ་གཅིག་གི་དུས་སྟོན་ཆེ་གྲས་ཤིག་ཡིན་ཅིང་དེའི་སྐབས་ཤོག་ཁག་ཕན་ཚུན་རྟ་ཐོག་ནས་མདའ་འཕེན་རྒྱུག་འགྲན་སོགས་རྟ་རྒྱུག་གི་བྱེད་སྒོ་སྤེལ་སྲོལ་དང་། དེ་བཞིན་ཡུལ་ལྷར་བསང་གསོལ་དང་། ཤི་གསོན་རིམ་གྲོ། སྤྱི་རིམ་སྒྲུབ་པ་སོགས་བྱེད་སྲོལ་ཡོད། ཐོན་སྐྱེད་ཀྱི་དུས་ཆེན་ལའང་དབྱར་ཁ་འབྲི་དྲོ་འདོགས་པའི་སྐབས་སུ་རྟེན་འབྲེལ་བྱེད་སྒོ་སྲུང་བརྩི་དྲོ་ཟས་སོགས་ལོངས་སྤྱོད་པ་དང་། ལུག་བལ་འབྲེག་སྐབས་ཤ་ཐུད་ཀྱི་གཏོང་སྒོ་དང་འབྲུ་ཚོང་སླེབས་རྗེས་ཕྱུགས་རྫི་ཚོ་མཉམ་འཛོམས་ཀྱིས་གྲོ་རྫི་ཞེས་པའི་རྫི་ཚོགས་རྒྱག་སྲོལ་ཡོད། ཡང་ནག་ཆུ་ཁུལ་དུ་ཐབས་ཞེས་པའི་སྤྱི་ཚོགས་ཀྱི་བྱེད་སྒོ་ཞིག་ཡོད་ཅིང་། དེ་ནག་ཆུ་ཁུལ་གྱི་ཚོ་ཤོག་སྤྱི་ཡོངས་ཀྱི་སྲུང་བརྩི་བྱེད་ཀྱི་ཡོད་འདུག
དེ་ཡང་། གཉེན་མཚན་ཕན་ཚུན་སྐྱིད་སྡུག་གང་ཞིག་འཕྲད་སྐབས་བརྩེ་སེམས་མཚོན་ཆེད་དུ་དངོས་པོ་སྤྲོད་ལེན་བྱེད་པའི་གོམས་སྲོལ་ཞིག་རེད། གཉེན་ཉེའི་འབྲེལ་བ་ལ་ལྟོས་ཏེ་ཁེར་ཐབས་དང་གཉིས་ཐབས་གསུམ་ཐབས་བཅས་ཡིན་འདུག། དེར་ཐབས་ཀྱི་གྲངས་ཚད་ལ་གཞིགས་ནས་རྒྱུ་དངོས་སྤྲོད་ལེན་བྱེད་པ་ནི། སྐྱིད་ཐབས་ཞེས་གཉེན་སྒྲིག་མགྲོན་འབོད་སོགས་ཀྱི་སྐབས་སུ་ཤ་ཐུད་མར་རམ་ཕྱུགས་ཟོག་སོགས་དང་། སྡུག་ཐབས་ཞེས་མི་ཤི་གོད་ཆག་རིགས་ལ་མཆོད་མར་དང་དངུལ་ཇ་སོགས་སྤྲོད་རེས་བྱེད། སྡུག་ཐབས་དངུལ་ཐོག་ཁ་བཏགས་ཤོག་ཆག་རྒྱབ་པ་ལས་མཇལ་དར་འཐེན་སྲོལ་མེད།
གཉིས་པ། སྡོད་ཁང་དང་བཟའ་བཅའ།
ནག་ཆུ་རྫོང་གི་ས་བབ་ཆགས་ཚུལ་དང་། གནམ་གཤིས། འཚོ་གནས་ཀྱི་དགོས་མཁོ་སོགས་ལ་ལྟོས་ནས་སྡོད་གནས་བཀོལ་སྤྱོད་ལའང་དབྱེ་བ་ཕྲན་ཙམ་ཡོད། སྤྱིར་འབྲོག་པའི་སྡོད་གནས་ཕལ་མོ་ཆེ་སྦྲ་གུར་ཁོ་ན་ཡིན་ཀྱང་། ཟུར་དུ་ཅ་ལག་འཇོག་སའི་སྒོ་རྭ་དང་བཅས་པའི་དགུན་ལྷས་སྟབས་བདེའི་ཁང་པ་དེ་འདྲའང་ཡོད། སྦྲ་གུར་ཡང་འབྲོག་དུད་ཀྱི་རྒྱུ་སྦྱོར་ལ་གཞིགས་པའི་དགུན་སྦྲ་དང་དབྱར་སྦྲ་ཞེས་རིགས་མི་འདྲ་བ་ཕུབ་སྲོལ་ཡོད། ནག་ཆུའི་འབྲོག་པའི་བཟའ་བཅའ་གཙོ་བོ་ནི་ཤ་མར་ཐུད་གསུམ་སྨྲོས་མེད་ཁར་ཞིང་འབྲོག་ཐོན་རྫས་བརྗེ་ཚོང་བྱས་པའི་ཞིང་པའི་འབྲུ་རིགས་བཅས་ལ་བརྟེན་གྱི་ཡོད། དེ་ཡང། དུས་བཞི་ལས་དགུན་དཔྱིད་སྟོན་གསུམ་ཤ་རིགས་དང་། རྩམ་པ། ཐུག་པ་སོགས་སྤྱོད་པ་ཤས་ཆེ་བ་དང་། དབྱར་དུས་དཀར་ཆུ་ཤས་ཆེ་བར་སྤྱོད་པ་ལས་རྩམ་པ་དེ་ཙམ་བེད་སྤྱོད་སྲོལ་མེད། འཐུང་ཇ་ནི་འོ་མ་དང་ཆུ་ཁོལ་བསྲེས་མ་སྟེ་ཆུ་དཀར་ཞེས་པ་འཐུང་གི་ཡོད། བཟའ་རིགས་ཚལ་སོགས་དུས་སྟོན་སྐབས་བཟའ་བཏུང་བྱེད་པ་ལས་ནམ་རྒྱུན་ཚལ་རིགས་ཀྱི་བཟའ་བཅའ་ཤིན་ཏུ་དཀོན་ལ་བཟའ་བའི་སྲོལ་ཡང་དེ་ཙམ་མེད་པ་བཅས་སོ།།
དབུས་གཙང་ལོ་རྒྱུས་ཆེན་མོ་ལས་བཏུས་པའོ།།