གསུམ་པ། གཞུང་སྒེར་ཆོས་གསུམ་གྱི་ས་ཞིང་བདག་ཐོབ།
གནམ་རུ་རྫོང་གི་འོག་གཞུང་རྒྱུག་ལ་གཞུང་ཚོ་ལྷོ་བྱང་གཉིས་སུ་དབྱེ་ཡོད་པ་ལས། གཞུང་ཚོ་བྱང་མར་ཚོ་ཤོག་བརྒྱད་དང་ལྷོ་ཚོར་གསུམ་ཡོད་འདུག དེ་ཡང་། བྱང་ཚོ་རིང་པ་ཚོ་ལ་དུད་གྲངས་ཉེར་ལྔ་སྐོར་ཡོད་པ་དང་། སེ་བ་ཚོ་ལ་དུད་གྲངས་ཉི་ཤུ་སྐོར། ལྗོང་ནག་ཚོ་ལ་དུད་གྲངས་དགུ། ལྗང་རུ་ཚོ་པ་དུད་གྲངས་བཅོ་ལྔ། གནམ་ཆེན་ཚོ་པ་དུད་གྲངས་ཉི་ཤུ་བཅས་བྱང་ཚོ་དང་། ལྷོ་ཚོ་གསུམ་ལ་དལ་སྦྱིན་ཚོ་པར་དུད་གྲངས་ཉེར་ལྔ། བདུན་ཕག་ཚོ་པར་དུད་གྲངས་བདུན།
སོག་རུ་ཚོ་པར་དུད་གྲངས་བཅོ་ལྔ་བཅས་ཡོད་པར་གསལ། དུད་གྲངས་དེ་དག་ཀྱང་སྔ་ཕྱིར་འཕེལ་རྒྱས་འདྲ་མིན་བྱུང་ཡོད་འདུག་པ་ནི། དཔེར་ན། སེ་བ་ལ་དུད་གྲངས་སུམ་བརྒྱ་སྐོར་དང་། ལྗོང་ནག་ལ་དུད་གྲངས་བརྒྱ་དང་བརྒྱད་ཅུ། ལྗང་རུ་ལ་དུད་གྲངས་བདུན་བརྒྱ། གནམ་ཆེན་ལ་དུད་གྲངས་བརྒྱད་ཅུ་གྱ་ལྔ་སོགས་བྱུང་ཡོད་འདུག[1] གནམ་རུ་ལྷོ་བྱང་བར་གསུམ་དུ་བཤད་སྒྲའི་ཁོངས་ཤེ་ཁང་གསུམ་དང་འབྲོག་དུད་བརྒྱ་དང་བརྒྱད་ཅུ་སྐོར་ཡོད་འདུག་ཅིང་། གནམ་རུ་ལྷོ་བྱང་བར་གསུམ་ལ་འགོ་འདོམས་བྱེད་མཁན་ཤེ་དཔོན་གཅོ་བོ་དང་། དེའི་འོག་རྒན་པོ། བཅུ་དཔོན། དམག་དཔོན་བཅས་ཡོད་པ་རེད།[2]
འདམ་ས་སྐྱའི་ཁོངས་སུ་གཞུང་བླའི་བཀའ་གཏན་ཐོབ་པའི་སྒེར་པ་ནི། སྒེར་དཔོན་སྐྱ་མགོ་དཀར། སྒེར་སྤྱན་གསལ། ལྷོ་བཙན་པོ་གཡང་རུ། བྱང་ཕྱུག་པོ་གླིང་། དགེ་ཆེན། ཆོས་གཞིས་ཐད་འབྲས་སྤུངས་རིག་སྤྱིའི་གནམ་ཆུང་ཚོ་ལ་དུད་གྲངས་དགུ་དང་། འབྲས་སྤུངས་སྒོ་མང་རུ་བར་དུད་གྲངས་དགུ། མཚུར་ཕུ་སྒར་སྡེ་རུ་བ་དུད་གྲངས་བཅུ་གཅིག[3] བཅས་སོ།།
ལེ་ཚན་གསུམ་པ། ཡུལ་སྡེ། རི། ལ། མཚོ། གཙང་པོ།
དང་པོ། ཡུལ་སྡེ་ཆེ་ཁག་འབྲོག་སའི་མིང་།
ཡུལ་སྡེ་ཆེ་གྲས་ཐད་ཝ་ཚང་དང་། ཨར་ག་མདོ། ཚྭ་ཁ་ཤར་མ། དེའུ་པོ། གདོང་དཀར། དོས་པ། སྒར་སྡེ། སྒམ་གཞོང་། དགུན་ལུ། སྒོ་མང་། འཁོར་ཕྱུག མ་ཆེན། མེ་ཤོར། སྨན་ཤམ། མུན་དོང་། ན་སླ་ང་། ན་འཛོམས། ན་སྤང་། གནམ་མཚོ། ནོར་དེའུ། བོང་རྭ། ཕུ་བུ། བྱང་མ། བྱེ་ལུང་། ཕྱིང་ལུང་། ཁྱུང་གཤོག ཕྱུག་རི། ཆུ་རོང་ཆུ་ཞུགས། ཆུ་རུལ་རྡོ་རྭ། ར་ཆེན་ཁང་པ། གསེར་ལུང་། ཟེ་སྣ། ཟེ་རིང་ཤར་མ། ཟངས་དམར་རོང་། སེ་བ། སེང་གེ་མདུན་ཕྱོགས། གསེར་མཚོ། ཧྲུལ་རོང་། དེའུ་པོ་སྔོ་རིལ། འོད་ཟེར། ཨོར་ཁ་འོག་མ། གཞུ་རུ། གཡུ་འབྲུག་གོང་མ།[4] སོགས་མཆིས་སོ།།
གཉིས་པ། རི་དང་། ལ། མཚོ། གཙང་པོ།
རི་དང་ལ་མཚོ་གཙང་པོ་ཆེ་གྲས་ཀྱི་ནང་ནས་ཁ་ཇོ་རིན་ཆེན་སྤུངས་རི། མ་སངས་རྡོ་རྗེ་རྐྱང་ཁྲ་རི། གོ་ར་གཡུ་དམར་རི། འཕྱིང་ལུང་རི་ནག་རི། བལ་ལྷ་ཆེན་རི། ལྷ་ཆུང་རི། ཨ་མ་ཀླུ་དེའུ་རི། ཙི་གི་བྱ་ཁྱུང་རི། རི་རྩེ་ཤེལ་བྲག་རི། མགོ་འཛེམ་སེ་ལོ་སྤུན་བདུན་རི། གུག་ལུང་དཀར་པོ་རི། དམར་པོ་རི། ཤེལ་བྲག་རི། སྤོ་ཆི་རི། ཨབ་ར་བྱང་མ་རི། བྲག་ར་བསྟར་རི། བར་རི་བཙའ་ཁྱེར་རི། ཚྭ་ཁ་ཤར་མ་རི། མདའ་ར་རི། དུག་ལྟག་ཁྲ་ཁྱེར་རི། དུག་རི་མཛོ་གདང་རི། བུག་རི་དམར་རི། ན་འཛོམས་རི། བྱང་རིང་སྔོན་རྩྭ་རི། རོ་ལ་གངས་རི། ཟྭ་ལྕུམ་རི། ཚྭ་ལམ་ལ་རི། རྡོ་སྒལ་ལྷོ་མ་རི། སྒར་སྔོན་པོ་སུལ་རིང་རི། གངས་བྲག་རི། སྐྱེལ་ལམ་གདོང་མཁར་ལ་རི། སྤྱང་མོ་གདོང་རི། ལ་ཆེན་ནི་ལུག་རྒན་ཤི་ས་ལ། ཆུ་དཀར་ལ། ར་རྒན་སྔོ་ལྡད་ཐང་ལ། ཟེ་རིང་ཉག་ལ། ཐལ་སྔོན་ལ་སོགས་ཡོད།[5] མཚོ་དང་གཙང་པོ་ལའང་ནི་གནམ་མཚོ་ཕྱུག་མོ་དང་། གསེར་མཚོ། བྱུར་རུའི་མཚོ། ངར་རུའི་མཚོ། རྡོ་སྐས་མཚོ་རིང་མཚེའུ། རྡོ་སྐས་མཚོ་རིང་བྱང་མཚོ། སྔོན་དབྱར་མཚོ་ཆུང་། རྒོད་རྒན་མཚོ། མར་ཁུ་མཚོ། ནམ་མཁའ་མཚོ། ནོར་གཏོར་མཚོ། བུལ་དཀར་མཚོ། མཆོར་ཚྭ་ཁ། རིང་མཚོ། གཡག་བཀལ་མཚོ། ལྡ་རུ་མཚོ། བྲང་ཁོག་མཚོ། དཔའ་མཚོ། ཚ་ཆུ་གཙང་པོ། རྡོ་སྡིངས་ཆུ་གཞུག་གཙང་པོ། ཇ་དཀར་གཙང་པོ། ཐོག་སྣམ་གཙང་པོ། གཡའ་ཤུར་ཆུ་མགོ་གཙང་པོ་སོགས་ཡོད།[6]
དེ་དག་ལས་ཁུ་ནུ་རི་ནི་རྫོང་ཆགས་ཡུལ་གྱི་ནུབ་བྱང་དུ་གནས་ཤིང་ནུབ་ཕ་སྨིར་ས་མཐོའི་ཤར་ཕྱོགས་ནས་འགོ་བཙུགས་ཏེ་བར་ཤར་ཏུར་ཀི་སི་ཐན་དང་བོད་བཅས་འཕྲེད་བཅད་བྱས་ནས་ཤར་ཀན་སུའི་ཞིང་ཆེན་ནང་ནར་འཛུལ་བྱས་ཡོད། ཤར་ནུབ་ཀྱི་རིང་ཚད་ལ་ཕལ་ཆེར་སྤྱི་ལེ་ ༢༥༠༠ དང་རི་བོ་མཐོ་ཤོས་ནི་ཀུང་ཀེ་འར་ལ། རྒྱ་མཚོའི་ངོས་ནས་མཐོ་ཚད་མི་ཊལ་ ༧༦༤༩ ཡོད་ཅིང་རི་འདབས་སུ་རང་བྱུང་འབྲོག་ས་ཡོད། ཤིས་གཡེར་རི་ནི་རྫོང་ཆགས་ཡུལ་གྱི་ནུབ་བྱང་དུ་གནས་ཤིང་ཆ་སྙོམས་མཐོ་ཚད་ལ་རྒྱ་མཚོའི་ངོས་ནས་མི་ཊལ་ ༥༥༠༠ ལྷག་དང་། རི་རྩེ་མཐོ་ཤོས་རྩྭ་ཆུང་སྔོ་དམར་རྒྱ་མཚོའི་ངོས་ནས་མཐོ་ཚད་མི་ཊལ་ ༦༣༠༤ བཅས་ཡོད་ལ། རི་བོ་དེ་དག་ལོ་ཧྲིལ་པོར་གངས་ཀྱིས་གཡོག་པ་དང་རི་འདབས་ནི་སྤུས་ལེགས་ཀྱི་རང་བྱུང་འབྲོག་ས་ཡིན། རི་བོ་གཡི་ཚང་ནི་རྫོང་ཆགས་ཡུལ་གྱི་ནུབ་བྱང་དུ་གནས་ཤིང་རི་འདབས་ལ་རང་བྱུང་འབྲོག་ས་ཡོད།
བྱང་རིང་སྔོན་རྩྭ་རི་ནི་རྫོང་གི་ནུབ་བྱང་དང་ཤན་རྩ་རྫོང་གི་བྱང་ཕྱོགས་སུ་གནས་ཡོད་ཅིང་རྒྱ་མཚོའི་ངོས་ནས་མཐོ་ཚད་མི་ཊལ་ ༥༦༢༨ དང་རི་འདབས་ལ་རང་བྱུང་འབྲོག་ས་ཡོད། ཡག་ཆུ་ཡ་ཐོད་རི་ནི་རྫོང་ཆགས་ཡུལ་གྱི་ནུབ་བྱང་དུ་གནས་ཤིང་རྒྱ་མཚོའི་ངོས་ནས་མཐོ་ཚད་མི་ཊལ་ ༥༥༢༤ ཡོད་ཅིང་། རི་བོའི་ནུབ་ཕྱོགས་ལ་དེའུ་རངས་བུལ་མཚོ་ཡོད་པ་དང་ཤར་ཕྱོགས་རི་འདབས་གཡག་བཀལ་མཚོ་དང་འབྲེལ་ཡོད། ཨབ་ར་བྱང་མ་རི་ནི་རྫོང་ཆགས་ཡུལ་གྱི་བྱང་ཕྱོགས་སུ་གནས་ཤིང་རི་འདབས་སུ་འབྲོག་ས་ཡོད། བྲག་ར་བསྟར་རི་རྫོང་ཆགས་ཡུལ་གྱི་ནུབ་བྱང་དུ་གནས་ཤིང་རི་འདབས་སུ་འབྲོག་ས་ཡོད། བར་རི་བཙའ་ཁྱེར་རི་ནི་རྫོང་ཆགས་ཡུལ་གྱི་ནུབ་བྱང་ཕྱོགས་སུ་གནས་ཤིང་རི་འདབས་སུ་འབྲོག་ས་ཡོད། མདའ་ར་རི་ནི་རྫོང་ཆགས་ཡུལ་གྱི་ནུབ་བྱང་དུ་གནས་ཤིང་རི་འདབས་ནི་སྤུས་ལེགས་ཀྱི་འབྲོག་ས་རེད། དུག་ལྟག་ཁྲ་ཁྱེར་རི་ནི་རྫོང་ཆགས་ཡུལ་གྱི་བྱང་ཤར་དུ་གནས་ཤིང་རི་འདབས་ནི་སྤུས་ལེགས་ཀྱི་འབྲོག་ས་རེད། དུག་རི་མཛོ་གདང་རི་ནི་རྫོང་ཆགས་ཡུལ་གྱི་བྱང་ངོས་སུ་གནས་ཤིང་རི་འདབས་ནི་སྤུས་ལེགས་ཀྱི་འབྲོག་ས་རེད། རྡོ་སྒལ་ལྷོ་མ་རི་ནི་རྫོང་ཆགས་ཡུལ་གྱི་ནུབ་བྱང་དུ་ཡོད་ཅིང་རི་འདབས་སུ་འབྲོག་ས་བཟང་པོ་ཡོད། བུག་རི་དམར་རི་ནི་རྫོང་ཆགས་ཡུལ་གྱི་ནུབ་བྱང་དུ་གནས་ཤིང་རི་འདབས་ནི་སྤུས་ལེགས་ཀྱི་འབྲོག་ས་རེད།
ན་འཛོམས་རི་ནི་རྫོང་ཆགས་ཡུལ་གྱི་བྱང་ཕྱོགས་སུ་གནས་ཤིང་རང་བྱུང་འབྲོག་ས་ཡོད། ཚྭ་ཁ་ཤར་མ་རི་ནི་རྫོང་ཆགས་ཡུལ་གྱི་ནུབ་བྱང་དུ་གནས་ཤིང་རྒྱ་མཚོའི་ངོས་ནས་མཐོ་ཚད་མི་ཊལ་ ༥༠༧༩ དང་རི་འདབས་སུ་སྤུས་ལེགས་ཀྱི་རང་བྱུང་འབྲོག་ས་ཡོད། སྒར་སྔོན་པོ་སུལ་རིང་རི་ནི་རྫོང་ཆགས་ཡུལ་གྱི་ནུབ་བྱང་དུ་གནས་ཤིང་རྒྱ་མཚོའི་ངོས་ནས་མཐོ་ཚད་མི་ཊལ་ ༤༨༥༥ དང་རི་འདབས་ནི་སྤུས་ལེགས་ཀྱི་འབྲོག་ས་རེད། གངས་བྲག་རི་ནི་རྫོང་ཆགས་ཡུལ་གྱི་ནུབ་བྱང་དུ་གནས་ཤིང་རྒྱ་མཚོའི་ངོས་ནས་མཐོ་ཚད་མི་ཊལ་ ༦༣༠༥ ཡོད། རི་རྩེར་ལོ་ཧྲིལ་པོ་གངས་ཀྱིས་གཡོག་པ་དང་རི་འདབས་ནི་འབྲོག་ས་བཟང་པོ་རེད། རོ་ལ་གངས་རི་ནི་རྫོང་ཆགས་ཡུལ་གྱི་ནུབ་བྱང་དུ་གནས་ཤིང་རྒྱ་མཚོའི་ངོས་ནས་མཐོ་ཚད་མི་ཊལ་ ༦༠༣༦ ཡོད། རི་རྩེར་ལོ་ཧྲིལ་པོར་གངས་ཀྱིས་གཡོག་པ་དང་རི་འདབས་ནི་འབྲོག་ས་རེད། ཟྭ་ལྕུམ་ནི་རྫོང་ཆགས་ཡུལ་གྱི་ནུབ་བྱང་དུ་གནས་ཤིང་ཟྭ་པོ་དང་ལྕུམ་ཞེས་དང་རང་བྱུང་འབྲོག་ས་ཡོད། ཟེ་རིང་ཉག་ལ་ནི་རྫོང་ཆགས་ཡུལ་གྱི་ནུབ་བྱང་དུ་གནས་ཤིང་གཞོགས་གཉིས་ནི་འབྲོག་ས་རེད།
ཐལ་སྔོན་ལ་ནི་རྫོང་ཆགས་ཡུལ་གྱི་ལྷོ་ཤར་དུ་གནས་ཤིང་གཞོགས་གཉིས་ནི་རང་བྱུང་འབྲོག་ས་རེད། སྐྱེལ་ལམ་གདོང་ཁར་ལ་ནི་རྫོང་ཆགས་ཡུལ་གྱི་ནུབ་བྱང་དུ་གནས་ཤིང་རི་འདབས་ནི་སྤུས་ལེགས་ཀྱི་འབྲོག་ས་རེད། སྤྱང་མོ་གདོང་ལ་ནི་རྫོང་ཆགས་ཡུལ་གྱི་ནུབ་བྱང་དུ་གནས་ཤིང་། རི་བོ་མཐོ་ཤོས་ལ་རྒྱ་མཚོའི་ངོས་ནས་མཐོ་ཚད་མི་ཊལ་ ༥༡༤༣ ཡོད་ཅིང་། རི་འདབས་ནི་སྤུས་ལེགས་ཀྱི་འབྲོག་ས་རེད། ལ་ལུང་ལ་ནི་རྫོང་ཆགས་ཡུལ་གྱི་ལྷོ་ནུབ་ཏུ་གནས་ཤིང་གཞོགས་གཉིས་ལ་འབྲོག་ས་ཡོད། ལུག་རྒན་ཤི་ས་ལ་ནི་རྫོང་ཆགས་ཡུལ་གྱི་བྱང་ཕྱོགས་སུ་ཡོད་ཅིང་། ཞོགས་གཉིས་ནི་སྤུས་ལེགས་ཀྱི་འབྲོག་ས་རེད། ཆུ་དཀར་ལ་ནི་དཔལ་མགོན་རྫོང་གི་ལྷོ་ནུབ་དང་ཤན་རྩ་རྫོང་གི་བྱང་ཤར་དུ་གནས་ཡོད་ཅིང་། རྒྱ་མཚོའི་ངོས་ནས་མཐོ་ཚད་མི་ཊལ་ ༥༢༣༦ དང་གཞོགས་གཉིས་ནི་འབྲོག་ས་རེད། ཚྭ་ལམ་ལ་ནི་རྫོང་ཆགས་ཡུལ་གྱི་བྱང་ཤར་དུ་གནས་ཤིང། རྒྱ་མཚོའི་ངོས་ནས་མཐོ་ཚད་མི་ཊལ་ ༤༨༠༨ དང་གཞོགས་གཉིས་ལ་སྤུས་ལེགས་ཀྱི་འབྲོག་ས་ཡོད།
གཡག་བཀལ་མཚོ་ནི་རྫོང་ཆགས་ཡུལ་གྱི་ནུབ་བྱང་དུ་གནས་ཤིང་རྒྱ་མཚོའི་ངོས་ནས་མཐོ་ཚད་མི་ཊལ་ ༤༨༦༥ དང་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ ༡༠༨ ཡོད། ཚྭ་ཆུའི་མཚེའུའི་ཡིན་ཅིང་མཚེའུའི་མཐའ་འཁོར་ནི་སྤུས་ལེགས་ཀྱི་རང་བྱུང་འབྲོག་ས་རེད། མཆོར་ཚྭ་ཁ་ནི་རྫོང་ཆགས་ཡུལ་གྱི་ནུབ་བྱང་དུ་གནས་ཤིང་རྒྱ་མཚོའི་ངོས་ནས་མཐོ་ཚད་མི་ཊལ་ ༤༩༢༠ དང་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ ༨ ཡོད། དེ་ནི་ཚྭའི་མཚེའུའི་ཡིན་ཅིང་མཚེའུ་མཐའ་འཁོར་ནི་རང་བྱུང་འབྲོག་ས་རེད། རིང་མཚོ་ནི་རྫོང་ཆགས་ཡུལ་གྱི་ནུབ་བྱང་དུ་གནས་ཤིང་ཚྭ་ཆུའི་མཚེའུ་ཡིན་ཞིང་མཚེའུ་མཐའ་འཁོར་ནི་རང་བྱུང་འབྲོག་ས་རེད། རྒོད་རྒན་མཚོ་ནི་རྫོང་ཆགས་ཡུལ་གྱི་ལྷོ་ནུབ་ཏུ་གནས་ཤིང་རྒྱ་མཚོའི་ངོས་ནས་མཐོ་ཚད་མི་ཊལ་ ༤༦༥༩ དང་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ ༢༧ ཡོད། ཚྭ་ཆུའི་མཚེའུ་ཡིན་ལ་མཐའ་འཁོར་དུ་རྩྭ་ཆུ་འཛོམས་ཤིང་མཛེས་སྡུག་ལྡན་ལ་སྤུས་ལེགས་ཀྱི་རང་བྱུང་འབྲོག་ས་ཡོད། ནམ་མཁའ་མཚོ་ནི་རྫོང་ཆགས་ཡུལ་གྱི་ནུབ་བྱང་དུ་གནས་ཤིང་རྒྱ་མཚོའི་ངོས་ནས་མཐོ་ཚད་མི་ཊལ་ ༤༥༣༤ དང་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ ༡༦ ཡོད་ལ། མཚེའུ་ཆུ་བོར་གསང་ཆུ་སོགས་ཀྱིས་ཁ་སྣོན་བྱེད་ཀྱི་ཡོད། ཚྭ་ཆུའི་མཚེའུའི་ཡིན་ཅིང་མཚེའུ་འགྲམ་འབྲོག་ས་རེད། ནོར་གཏོར་མཚོ་ནི་རྫོང་ཆགས་ཡུལ་གྱི་ནུབ་བྱང་དུ་གནས་ཤིང་མཐའ་འཁོར་འབྲོག་ས་རེད། སྔོན་དབྱར་མཚོ་ཆུང་ནི་རྫོང་ཆགས་ཡུལ་གྱི་ནུབ་བྱང་དུ་གནས་ཤིང་རྒྱ་མཚོའི་ངོས་ནས་མཐོ་ཚད་མི་ཊལ་ ༤༨༡༥ དང་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ ༦༠ ཡོད། ཚྭ་ཆུའི་མཚེའུའི་ཡིན་ཞིང་མཐའ་འཁོར་ནི་སྤུས་ལེགས་ཀྱི་འབྲོག་ས་རེད། རྡོ་སྐས་མཚོ་རིང་ནི་རྫོང་ཆགས་ཡུལ་གྱི་ནུབ་བྱང་དུ་གནས་ཤིང་རྒྱ་མཚོའི་ངོས་ནས་མཐོ་ཚད་མི་ཊལ་ ༤༨༡༤ དང་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ ༣༩༤ ཡོད། ཚྭ་ཆུའི་མཚེའུ་ཡིན་ཅིང་མཐའ་འཁོར་འབྲོག་ས་རེད།
རྡོ་སྐས་མཚོ་རིང་བྱང་མཚོ་ནི་རྫོང་ཆགས་ཡུལ་གྱི་ནུབ་བྱང་དུ་ཡོད་ཅིང་རྒྱ་མཚོའི་ངོས་ནས་མཐོ་ཚད་མི་ཊལ་ ༤༧༨༨ དང་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ ༢༥༦ ཡོད། ཚྭ་ཆུའི་མཚེའུ་ཡིན་ཅིང་མཐའ་འཁོར་ནི་སྤུས་ལེགས་ཀྱི་རང་བྱུང་འབྲོག་ས་རེད། རྡ་རུ་མཚོ་ནི་རྫོང་ཆགས་ཡུལ་གྱི་བྱང་ཤར་དུ་གནས་ཤིང་རྒྱ་མཚོའི་ངོས་ནས་མཐོ་ཚད་མི་ཊལ་ ༤༦༨༩ དང་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ ༤༨ ཡོད། ཚྭ་ཆུའི་སྐམ་སའི་མཚེའུ་ཡིན་ཅིང་མཚེའུའི་འགྲམ་འབྲོག་ས་བཟང་པོ་ཡོད། བྲང་ཁོག་མཚོ་ནི་རྫོང་ཆགས་ཡུལ་གྱི་ནུབ་བྱང་ཕྱོགས་སུ་གནས་ཤིང་རྒྱ་མཚོའི་ངོས་ནས་མཐོ་ཚད་ མི་ཊལ་ ༤༥༢༢ དང་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ ༥༤ ཡོད། ཚ་ལ་དཀར་པོ་ཡོད་ཅིང་དཔལ་མགོན་རྫོང་གི་མིང་མཚེའུ་དེ་ནས་ཆགས་པ་དང་མཚོ་འགྲམ་ནི་རང་བྱུང་འབྲོག་ས་རེད། དཔའ་མཚོ་ནི་རྫོང་ཆགས་ཡུལ་གྱི་ཤར་ཕྱོགས་སུ་གནས་ཤིང་རྒྱ་མཚོའི་ངོས་ནས་མཐོ་ཚད་མི་ཊལ་ ༤༥༥༥ དང་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ ༡༨༠ ཡོད། ཚྭ་ཆུའི་མཚེའུ་ཡིན་ཅིང་མཐའ་འཁོར་དུ་རང་བྱུང་འབྲོག་ས་ཡོད། མར་ཁུ་མཚོ་ནི་རྫོང་ཆགས་ཡུལ་གྱི་བྱང་ཤར་དུ་གནས་ཤིང་མཚེའུ་མཐའ་འཁོར་ནི་སྤུས་ལེགས་ཀྱི་རང་བྱུང་འབྲོག་ས་རེད། བུལ་དཀར་མཚོ་ནི་རྫོང་ཆགས་ཡུལ་གྱི་ལྷོ་ནུབ་ཏུ་གནས་ཤིང་ཚིག་དོན་བུལ་དཀར་པོའི་མཚེའུ་ཞེས་དང་། རྒྱ་མཚོའི་ངོས་ནས་མཐོ་ཚད་མི་ཊལ་ ༤༧༥༣ ཡོད་ལ་བུལ་ཆུའི་མཚེའུ་ཡིན་ཅིང་མཐའ་འཁོར་ནི་རང་བྱུང་འབྲོག་ས་རེད།
ཐོག་སྣམ་གཙང་པོ་ནི་རྫོང་ཆགས་ཡུལ་གྱི་ནུབ་བྱང་དུ་གནས་ཤིང་ཆུ་འགོ་བུ་རོགས་གངས་རི་ལས་བྱུང་ཞིང་རྒྱུག་ཁུལ་ནང་འབྲོག་ས་བཟང་པོ་ཡོད། ཇ་དཀར་གཙང་པོ་ནི་རྫོང་ཆགས་ཡུལ་གྱི་ནུབ་བྱང་དུ་གནས་ཤིང་ལྷོ་ནས་བྱང་དུ་རྒྱུགས་ཤིང་དཔལ་མགོན་མཚོར་འདུ་ལ་རྒྱུག་ཁུལ་འབྲོག་ས་ཡོད། རྡོ་སྡིངས་ཆུ་གཞུག་གཙང་པོ་ནི་རྫོང་ཆགས་ཡུལ་གྱི་བྱང་ཤར་དུ་གནས་ཤིང་ནང་རྒྱུག་གཙང་པོ་རེད། རྒྱུག་ཁུལ་ནང་རྩྭ་ཆུ་འཛོམས་ཤིང་མཛེས་སྡུག་ལྡན་པའི་སྤུས་ལེགས་ཀྱི་འབྲོག་ས་རེད། གདོང་དམར་ལུ་མ་ནི་རྫོང་ཆགས་ཡུལ་གྱི་ནུབ་བྱང་དུ་ཡོད་ཅིང་ཆུ་ཚན་གྱི་མཐའ་འཁོར་དུ་སྤུས་ལེགས་ཀྱི་འབྲོག་ས་ཡོད། འདམ་ནག་ལུ་མ་ནི་རྫོང་ཆགས་ཡུལ་གྱི་ནུབ་བྱང་དུ་གནས་ཤིང་ཆུ་ཚན་མཐའ་འཁོར་དུ་སྤུས་ལེགས་ཀྱི་འབྲོག་ས་ཡོད། རོང་པོའི་ཆུ་འགོ་ནི་རྫོང་ཆགས་ཡུལ་བྱང་ཤར་དུ་གནས་ཤིང་མཐའ་འཁོར་འབྲོག་ས་རེད། ཁམ་མ་བུལ་ཁ་ནི་རྫོང་ཆགས་ཡུལ་གྱི་ནུབ་བྱང་དུ་གནས་ཤིང་ཆུ་ཚན་མཐའ་འཁོར་ལ་སྤུས་ལེགས་ཀྱི་འབྲོག་ས་ཡོད། ལུ་མ་མགོ་མང་ནི་རྫོང་ཆགས་ཡུལ་གྱི་བྱང་ཤར་དུ་གནས་ཤིང་། ཆུ་ཚན་མཐའ་འཁོར་ནི་རྩྭ་བཟང་ཞིང་མཛེས་སྡུག་ལྡན་པའི་སྤུས་ལེགས་ཀྱི་འབྲོག་ས་རེད། ཁྱི་སྐྱག་ལུ་མ་ནི་རྫོང་ཆགས་ཡུལ་གྱི་ནུབ་བྱང་དུ་གནས་ཤིང་ཆུ་ཚན་མཐའ་འཁོར་འབྲོག་ས་རེད། གཡའ་ཤུར་ཆུ་མགོ་ནི་རྫོང་ཆགས་ཡུལ་གྱི་ནུབ་བྱང་དུ་གནས་ཤིང་ཆུ་མགོའི་མཐའ་འཁོར་འབྲོག་ས་རེད།[7]
ལེ་ཚན་བཞི་པ། ཞིང་འབྲོག་ཐོན་ཁུངས་དང་ཐུན་མིན་ཐོན་ལས།
དང་པོ། ཞིང་འབྲོག་ཐོན་ཁུངས།
གནམ་རུ་རྫོང་ནི་འབྲོག་ལས་རྐྱང་པའི་རྫོང་ཞིག་ཡིན་པས་འབྲི་དང་གཡག ར་དང་ལུག རྟ་སོགས་གསོ་ཚགས་བྱེད་ཀྱི་ཡོད་ལ་བཟོ་ལས་གཙོ་བོ་འབྲོག་ལས་ཐོན་རྫས་ཀྱི་ལས་སྣོན་ལག་ཤེས་སོགས་ཀྱི་ལས་རིགས་ཡོད། འབྲོག་ལས་ཐོན་སྐྱེད་ཤེས་བྱ་དང་། ཐོན་རྫས། ཐོན་འབབ། རྒྱུ་ཆ། ལས་སྣོན། ཡོ་ཆས་སོགས་བྱང་འབྲོག་སྤྱིའི་འབྲོག་ལས་བྱེད་སྟངས་དང་གཅིག་མཚུངས་ཡིན། འོན་ཀྱང་། རྫོང་དེའི་གནམ་གཤིས་སོགས་ལ་ལྟོས་པའི་ཐུན་མིན་ཕྱུགས་རིགས་སྐྱེ་བསུ་སྡེབ་སྦྱོར་བྱེད་ཚུལ་འགའ་ཞིག་ཡོད་འདུག་པ་ནི། བོད་ཟླ་ ༨ པའི་ཚེས་ ༡༥ ཙམ་ནས་ར་ལུག་སྡེབ་སྦྱོར་བྱེད་སྲོལ་དང་བོད་ཟླ་ ༩ པའི་ཚེས་ ༣ ཙམ་ནས་ཕ་ཕྱུགས་དང་མ་ཕྱུགས་སྡེབ་སྦྱོར་བྱེད། ཕྱུགས་འཚོ་སྐྱོངས་ཐད་དགུན་ཁ་ནས་དབྱར་ཟླ་ ༦ པའི་བར་རི་ལ་རང་འགར་རྒྱག་སྲོལ་དང་ཆར་ཆུ་སོགས་ཀྱི་རྐྱེན་པས་ཕྱུགས་རིགས་རྩྭ་ཁ་མི་འཕྱིད་པ་བྱུང་ཚེ་ཟོག་འབྲང་འགྲོ་བ་སོགས་བྱེད་ཀྱི་ཡོད།
གནམ་རུའི་ལྷོ་ཚོ་ཁག་ས་འབབ་དམའ་བས་ར་ལུག་སྡེབ་སྦྱོར་རུ་བ་གཞན་ལས་ཟླ་བ་གཅིག་གི་སྔ་བར་གཏོང་སྲོལ་དང་། ཕྱུགས་རིགས་ཀྱི་སྐྱེ་བསུ་ནི་བོད་ཟླ་ ༢ པའི་ཚེས་མགོ་ནས་མར་སྐྱེ་འགོ་ཚུགས་པ་དང་། སྐྱེས་མ་ཐག་པའི་ཕྱུགས་རིགས་རྣམས་འཁྱག་ཤི་མི་འགྲོ་བའི་ཆེད་དུ། ལུག་ཤུབ་དང་། རིལ་ཤུབས། རིལ་ཁང་བཅས་གྱོན་གོས་ཀྱི་རིགས་དང་། ནད་རིགས་ལ་ཡུལ་ཐབས་ཀྱི་སྨན་བཅོས་དང་ལག་བཅོས་སོགས་བྱེད་ཅིང་། ཕྱུགས་རིགས་ཀྱི་ཐོན་རྫས་ཐོན་སྐྱེད་ནི་བོད་ཟླ་ ༤ པའི་ཚེས་ཤར་ནས་འོ་མ་བཞོ་འགོ་ཚུགས་པ་དང་། དེ་ལས་འབྲི་ནི་བོད་ཟླ་ ༧ པ་ཙམ་ནས་བེའུ་གྲོ་བཀག་པ་ཞེས་བོད་ཟླ་ ༧ པ་ནས་ཟླ་ ༡༠ བར་ཉིན་རེ་ཐེངས་གཉིས་རེ་ཞོ་སྲོལ་དང་ཟླ་ ༡༠ པ་ནས་ཕྱི་ལོ་ཟླ་ ༢ པ་བར་ཐེངས་རེ་ཞོ་སྲོལ་ཡོད། དེ་རྗེས་ཡར་འགྲོ་བཀག་ཞེས་སྟོན་ཁ་མ་སྐམ་བར་ཐེངས་གཉིས་ཞོ་སྲོལ་ཡོད། ནོར་གྱི་སྤུ་རྩིད་ནི་སྤུ་གསར་ཐོན་མཚམས་སུ་དུས་རིམ་བཞིན་ལེན་པ་དང་ལུག་བལ་བོད་ཟླ་ ༧ པའི་ནང་འབྲེག་སྲོལ་ཡོད་ཅིང་། ར་རྩིད་ནི་ལུག་བལ་གྱི་སྔོན་ལ་འབྲེག་སྲོལ་ཡོད་པ་བཅས་འབྲོག་ལས་ཐོན་སྐྱེད་བདག་གཉེར་བྱེད་ཚུལ་གཞན་རྣམས་བྱང་འབྲོག་སྤྱི་མཚུངས་ལྟར་སྣང་ངོ་། །
གཉིས་པ། ཐུན་མིན་ཐོན་ལས།
གནམ་རུ་རྫོང་ནི་འབྲོག་ལས་རྐྱང་པའི་རྫོང་ཞིག་ཡིན་ཅིང་ས་གནས་ཀྱི་དམིགས་བསལ་ཐོན་རྫས་གཙོ་བོ་མར་དང་། པགས་པ། ར། ནོར་སོགས་རེད། ཉོ་ཚོང་གི་ལམ་ལུགས་ཀྱང་བྱང་འབྲོག་ཁྱོན་ཡོངས་དང་གཅིག་མཚུངས་ལྟ་བུར་སྣང་ཡང་། དེ་སྔ་རྫོང་ཁོངས་སོ་སོར་ཚོང་གཉེར་བྱ་ཡུལ་གྱི་འགྲོ་ཁུངས་སོ་སོར་ཡོད་པ་བཞིན། གནམ་རུའི་ཁོངས་འབྲོག་པའི་ཤ་མར་ཟ་འབྲུ་སོགས་ཉོ་ཚོང་བྱ་ཡུལ་ཉེ་འཁོར་དབུས་ཀྱི་ཡུལ་ལུང་ཁག་འཕན་པོ་དང་། ལྷ་ས། སྟོད་ལུང་། སྙེ་མོ་བཅས་དང་། གཙང་ཁུལ་ཤ་ར་ཀོ་ས། ཐོབ་རྒྱལ་ཀོ་ས། ཤངས། པ་སྣམ་སོགས་ཡིན་ཅིང་། སྡེ་ཤོག་དང་རུ་བ་སོ་སོ་ཡང་འགྲོ་ཁུངས་ཐ་དད་དུ་ཡོད་པ་ནི། དཔེར་ན། སེ་བ་བྱང་མའི་ཤོག་བཅས་འཕན་པོ་ནཱ་ལེནྡ་ཌར་གནས་མཇལ་དང་སྦྲགས་ཚོང་སྐོར་ལ་འགྲོ་བ་མང་ལ། དེ་བྱིངས་སྙེ་མོ་དང་གཙང་ཐོབ་རྒྱལ་ཁུལ་དུ་འགྲོ་རྒྱུག་ཆེ་བ་ཡོད། ཁུལ་དེའི་ཚོང་དུས་ནི་ལོ་ལྟར་དཔྱིད་ཟླ་ ༡ དང་ ༢ དབྱར་ཟླ་ ༥ བཅས་ཡིན་ལ། རྒྱུན་གཏན་ཚོང་ལས་བྱེད་མཁན་ཚོས་དབྱར་དུས་འདམ་སྤྱི་རིམ་གྱི་ཚོང་འདུས་དང་། གཙང་འུ་ཡུག་སོགས་སུ་དབྱར་ཚོང་བཅས་སུ་བསྐྱོད་ནས་ཚོང་རྒྱག་སྲོལ་ཡོད།
རྫོང་དེ་ནས་ཕྱི་ཚོང་བྱ་རྒྱུའི་ཐོན་རྫས་གཙོ་བོ་ནི་ཤ་མར་བལ་གསུམ་དང་པགས་པ་ཚྭ་བཅས་ཡིན་ལ། ཚོང་འབོར་ནི་ཚོང་རྒྱག་ཐེངས་རེར་དུད་ཚང་ཕལ་ཆེ་བས་ལག་རེས་ཁལ་ཉི་ཤུ་ནས་སུམ་ཅུ་བར་ཚོང་ལ་འདེད་སྲོལ་ཡོད་འདུག ཚོང་གི་འཛའ་ཐང་ཡང་ཐོན་རྫས་ཀྱི་དགོས་མཁོ་དང་ཐོན་འབོར་སོགས་ལ་ལྟོས་ནས་འཕར་ཆག་མང་བས་ངེས་བརྟན་མེད། དཔེར་ན། ཞིང་ཁུལ་དུ་ཚྭ་དཀོན་པའི་སྐབས་སུ་ཚྭ་འབྲུ་བརྗེ་པོ་ཡར་ལངས་ཞེས་ཚྭ་འབྲུ་མགོ་ཐུག་ཡིན་པ་གང་ཞིག་ལ་འབྲུ་ཟོ་བ་གང་སྣོན་མ་སྤྲོད་སྲོལ་ཡོད་ཀྱང་། ནམ་རྒྱུན་ལྔ་བཞི་ཞེས་ཚྭ་འབོ་ལྔ་ལ་འབྲུ་བཞི་དང་དགུ་དྲུག་ཅེས་ཚྭ་འབོ་དགུ་ལ་འབྲུ་དྲུག དེ་མིན་དོ་སྡེ་ཞེས་ཚྭ་དོ་ལ་འབྲུ་གང་སོགས་ཚོང་དུས་ཀྱི་དགོས་མཁོར་གཞིགས་པའི་གོང་ཚད་འདྲ་མིན་སྣ་ཚོགས་ཡོད་འདུག དེ་བཞིན་སྣོད་འཇལ་ཞེས་པ་བལ་སྒྱེའུ་ནང་བླུག་པར་འབྲུ་ཡང་སྒྱེའུ་གང་ཡིན་ལ། བཤས་ལུག་རེར་ཡ་ལུག་ཞེས་འབྲུ་འབོ་དོ་ལྷག་འཇལ་སྲོལ་ཡོད། ཚོང་པ་ཚོ་ཚོང་ནས་ཕྱིར་ལོག་བྱེད་སྐབས་ཟ་འབྲུ་རྣམས་ལུག་ལ་ཁལ་མ་བྱེད་སྲོལ་ཡོད་འདུག་ཅིང་། དེ་ནི་ལུག་འབྲུ་ཟ་ཡོན་ཆེ་ཞེས་དུད་ཚང་འབྲིང་པོ་ཚོས་འབྲུ་ལུག་ཁལ་ཉིས་བརྒྱ་ནས་སུམ་བརྒྱ་བར་འདེད་ཀྱི་ཡོད།
དེ་ཡང་། ལུག་རྒྱབ་འབྲིང་པོ་ལ་འབྲུ་བྲེ་བརྒྱད་དང་ལུག་རྒྱབ་བརྒྱ་ལ་ཁལ་རྒྱབ་བཅོ་ལྔ་ཡོད་ཟེར་སྲོལ་ཡོད་འདུག ཚོང་འགྲུལ་སྐབས་ལུག་ཚུག་རེས་ཁལ་ཚུག་གཉིས་ཀྱི་སར་འགྲོ་ཐུབ་ཅིང་། ཚོང་རྩ་ལུག་ལ་བཀལ་ནས་ཕ་ཡུལ་དུ་མ་སླེབས་བར་འགེལ་འབེབས་སོགས་བྱེད་སྲོལ་མེད་ལ། གཞིས་ལ་སླེབས་ནས་ལུག་འབྲུ་ཕབ་པ་དེ་སུམ་ཅུའི་ཨ་མགར་ཞེས་ལུག་སྒྱེ་གསུམ་གཤིབ་བཅུ་བརྩེགས་བྱས་ཏེ་གྲལ་སྒྲིག་ནས་སྦྲ་ནང་དུ་ཉར་འཇོག་བྱེད་ཀྱི་ཡོད་འདུག ཚོང་གི་ལག་སྣེ་ཕལ་ཆེ་བ་དངོས་ཟོག་བརྗེ་ལེན་བྱེད་པ་དར་ཁྱབ་ཆེ་བ་ལས་ཤོག་དངུལ་དང་སྒོར་མོ་བེད་སྤྱོད་ཤིན་ཏུ་ཉུང་། ཚོང་ལས་སྐབས་ཀྱི་ཁྲལ་འཇལ་བྱེད་སྟངས་ནི་རྫོང་དེར་མཚོན་ན་གཙང་ཁུལ་དུ་བརྗེ་ཚོང་སྐབས་ཤོ་ཁྲལ་ཞེས་འོ་ཡུག་འཛོམ་ཐང་དུ། དབུས་གཞུང་ནས་ཚྭ་ཤོ་དང་བལ་ཤོ་ཞེས་དཔྱ་ཁྲལ་བསྡུ་མཁན་གཞུང་ཞབས་རྩེ་དྲུང་རེ་མངགས་གཏོང་གི་སྒྲུབ་འཇལ་ཞུ་དགོས་ཡོད་འདུག དེ་ཡང་། ཚྭ་ལ་རྒྱབ་གྲངས་རྩིས་བཤེར་ཐོག་ཐོབ་དངུལ་སྤྲད་དེ་ཤོ་ཁེ་ཞེས་པའི་འཛིན་ལེན་དགོས་ལ། དབུས་ཕྱོགས་སུ་ཡངས་ཅན་ཞལ་ངོ་ཞེས་པའི་ཤོ་དཔོན་ལ་ཤོ་ཁྲལ་འབུལ་དགོས། འཕན་པོ་ཁུལ་དུ་ཚྭ་ལྗག་པ་ཞེས་པའི་དྲུང་རིགས་ལ་ཤོ་ཁྲལ་འབུལ་དགོས་ཞིང་། ཁྲལ་འབབ་ནི་བཅུ་ཟུར་དང་ལྔ་ཟུར་ཞེས་པའི་གྲངས་ཚད་ལྟར་བསྒྲུབ་དགོས་འདུག
ལེ་ཚན་ལྔ་པ། སྲོག་ཆགས་དང་། སྐྱེ་དངོས། གཏེར་ཁ།
ཁུལ་འདིར་སྒོ་ཕྱུགས་སེམས་ཅན་ཐད་རྟ་དང་། དྲེལ། མཛོ། གཡག ལུག ར། དོགས་ཁྱི། རྔོན་ཁྱི། གཅན་གཟན་གྱི་རིགས་ལ་མཐོ་སྒང་གི་དོམ་དང་། ཝ་མོ། སྲམ། སྤྱང་ཀི གསའ། དྲེལ་མོང་། གཡི། རི་དྭགས་ཀྱི་རིགས་ལ་རྐྱང་། གཙོད། གླ་བ། གནའ་བ། འབྲོང་། ཤ་བ། གཉན། འདབས་ཆགས་རིགས་ཁྲུང་ཁྲུང་སྐེ་ནག ཁྲུང་ཁྲུང་མགོ་ཁྲ། ངང་པ། བྱ་ཝང་དཀར་པོ། བྱ་གླག་མགོ་ཁྲ། གོང་མོ། བྱ་རྒོད་སོགས་ཡོད། རང་བྱུང་གཏེར་ཁའི་རིགས་ཚ་ལ་དཀར་པོ། བྱེ་གསེར། གཤའ། ཀེ་ལྕགས། ཚྭ་རིགས། སྣུམ་ལྡན་རྡོ་གཡམ། གཡང་ཊི། ཆུ་ཤེལ་སྨུག་པོ། རྡོ་རྒྱུས། ཅོང་ཞི། རྡོ་ཞོ། རྡོ་ཁབ་ལེན། གཡང་ཊི། སྔོ་སྨན་གྱི་རི་ལ་སུམ་ཅུ་ཏིག ར་མཚེ། གུར་གུམ། ཧོང་ལེན། སྲོ་མ་དམར་པོ། དབྱར་རྩ་དགུན་འབུ། ཨ་བྷི་ཥ། གངས་ལྷ་མེ་ཏོག སོ་ལོ་དམར་པོ་སོགས་རིགས་ ༤༠ ལྷག་ཡོད། ཆུ་ཚན་ཐད་འདམ་ནག་ཆུ་ཚན། གདོང་དམར་ཆུ་ཚན། ཁམ་མ་བུལ་ཁ་ཆུ་ཚན། མགོ་མང་ཆུ་ཚན། ཁྱི་སྐྱག་ཆུ་ཚན། རོང་པོའི་ཆུ་མགོ་སོགས་ཡོད།
ལུང་ཁུངས་དཔྱད་གཞིའི་ཡིག་ཆ།
[1]. བོད་ལྗོངས་ནག་ཆུ་ས་ཁུལ་གྱི་ལོ་རྒྱུས་རིག་གནས། དེབ་བཞི་པ། ནག་ཆུ་ས་གནས་སྲིད་གྲོས་ལོ་རྒྱུས་རིག་གནས་དཔྱད་གཞིའི་རྒྱུ་ཆ། ཕྱི་ལོ། ༡༩༩༢། ཤོག ༢༩།
[2]. བོད་ཀྱི་རིག་གནས་ལོ་རྒྱུས་དཔྱད་གཞིའི་རྒྱུ་ཆ་བདམས་བསྒྲིགས། འདོན་ ༡༤། མི་རིགས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༡༦། ཤོག ༡༦༨།
[3]. བོད་ལྗོངས་ནག་ཆུ་ས་ཁུལ་གྱི་ལོ་རྒྱུས་རིག་གནས། དེབ་བཞི་པ། ནག་ཆུ་ས་གནས་སྲིད་གྲོས་ལོ་རྒྱུས་རིག་གནས་དཔྱད་གཞིའི་རྒྱུ་ཆ། ཕྱི་ལོ། ༡༩༩༢། ཤོག ༢༩།
[4]. (1)武振华.西藏地名.中国藏学出版社.1995年.
(2)བོད་ཀྱི་ས་མིང་དཔྱད་གཞིའི་ཡིག་རིགས་བསྡུས་བསྒྲིགས། བོད་རང་སྐྱོང་ལྗོངས་གསར་བརྗེ་ཨུ་ཡོན་ལྷན་ཁང་གི་ཐིག་རིས་ཅུས། ཕྱི་ལོ་ ༡༩༧༩། ཤོག ༡༦༨།
[5]. བོད་ཀྱི་ས་མིང་དཔྱད་གཞིའི་ཡིག་རིགས་བསྡུས་བསྒྲིགས། བོད་རང་སྐྱོང་ལྗོངས་གསར་བརྗེ་ཨུ་ཡོན་ལྷན་ཁང་གི་ཐིག་རིས་ཅུས། ཕྱི་ལོ་ ༡༩༧༩། ཤོག ༡༦༨།
[6]. (1)武振华.西藏地名.中国藏学出版社.1995年.
(2)བོད་ཀྱི་ས་མིང་དཔྱད་གཞིའི་ཡིག་རིགས་བསྡུས་བསྒྲིགས། བོད་རང་སྐྱོང་ལྗོངས་གསར་བརྗེ་ཨུ་ཡོན་ལྷན་ཁང་གི་ཐིག་རིས་ཅུས། ཕྱི་ལོ་ ༡༩༧༩། ཤོག ༡༦༨།
[7]. 武振华.西藏地名.中国藏学出版社.1995年.
དབུས་གཙང་ལོ་རྒྱུས་ཆེན་མོ་ལས་བཏུས་པའོ།།