འདམ་གཞུང་རྫོང་གི་གཞུང་སྒེར་ཆོས་གསུམ་གྱི་ས་ཞིང་བདག་ཐོབ་དང་། ཡུལ་སྡེ་དང་། རི། ལ། མཚོ། གཙང་པོ། ཞིང་འབྲོག་ཐོན་ཁུངས་སྐོར།

འདམ་གཞུང་རྫོང་གི་གཞུང་སྒེར་ཆོས་གསུམ་གྱི་ས་ཞིང་བདག་ཐོབ་དང་། ཡུལ་སྡེ་དང་། རི། ལ། མཚོ། གཙང་པོ། ཞིང་འབྲོག་ཐོན་ཁུངས་སྐོར།

གསུམ་པ། གཞུང་སྒེར་ཆོས་གསུམ་གྱི་ས་ཞིང་བདག་ཐོབ།

དེ་སྔའི་འདམ་སྤྱིའི་ཁྱབ་ཁོངས་འོག་བརྒྱ་ཤོག་བརྒྱད་ཅེས་ཤོག་ཁག་བརྒྱད་ཡོད་པ་ནི། ཆོས་འཁོར་དང་། གཡུ་ཁུག ཕན་རྒྱ། སྦ་ཅ་རུ་བ། ཨོ་རོག  ཀོ་རབ། ཝ་ཤུར། སོག་པོ་བཅས་ཡིན། བརྒྱ་ཤོག་བརྒྱད་ཀྱི་ཁུལ་དེ་རྣམས་སེར་ར་བླ་སྤྱི་དང་། བསམ་པ་བླ་བྲང། བསྟན་རྒྱས་གླིང་། སྒེར་ཧོར་ཁང་པ་བཅས་ཀྱི་མཆོད་གཞིས་དང་སྒེར་གཞིས་ཡིན་ཅིང་།

དེ་དག་ལས་ཀྱང་ཧོར་ཁང་དང་བསྟན་རྒྱས་གླིང་ལ་འབྲོག་དུད་དགུ་བཅུ་ནས་བརྒྱ་དང་བཅུ་བར་ཡོད་འདུག[1] དེང་གི་འདམ་གཞུང་རྫོང་འོག་གམ་དེ་སྔའི་འདམ་གཞུང་རྫོང་དང་། སྦས་ཚང་། ཡངས་ཅན་གྱི་མངའ་འོག་གྲོང་སྡེ་རྣམས་དེ་སྔ་གཞུང་སྒེར་ཆོས་གསུམ་ལ་ཇི་ལྟར་ཆོད་མིན་ཐད། གཞུང་རྒྱུག་ཁོང་ཐབ་ཞི་དང་། གྱེ་ར་སྐོར། སྦྲ་ཁ་སྐོར། བོར་རུ་སྐོར། ས་ཚིགས་སྐོར། སྤ་ཕུག ནག་ཉོག་ཀོག རུང་ཉིད་ཀོག ནར་རྩེ། དབྱུག་ཆེན། རྩྭ་བཀག་སྐོར། འབི་ཆུ་རུ། བའོ། བྱེ་མ་ཀོག ཟམ་གསར། རྟ་འགོ་བཞུགས་སྒར། ཨ་མདོ་སྐོར། ཉི་མ་སྐོར། སྒར་པ་རུ་བ། གནམ་གང་ཁུག  བ་སྙི་ཀོག  འཛེར་ཁང་ཀོག  སྤྱི་ཁང་ཀོག  ནམ་ཚོ་རུ་བ་བཅས་སོ།།

ཆོས་གཞིས་ཁོངས་སེ་ར་བླ་སྤྱིའི་ཁྲེ་མདོ་མདུན་སྡེ་དང་། ཁྲེ་མདོ་རྒྱབ་སྡེ། ལ་རྒན་མདོ། ཉ་མདོ་སྐོར། ཉ་ནང་སྐོར་པ། རྐྱང་མདོ་མ། སྦྲ་ཁ་ཨ་ར། གུར་ཆུང་མདོ་པ། ཡོས་ར་མདོ་པ། ཁང་དམར་མདོ་པ། སུམ་པ་ཁུག་ཐ། ཨ་ར་ནང་པ། ཧང་འགོ་སྐོར་པ། རྫབ་འདུ་ནང་པ། འབུམ་ནག་རུ་བ། རྒྱ་རྒན་མདོ་པ། ཨ་ཀ་ལུང་པ། ཚལ་སྣ་སྐོར་པ། འབུམ་ཐང་སྐོར་པ། ཧ་དམར་ནང་པ། སྐྱོ་ར་ནང་པ། རྫ་ཁྱིམ་སྐོར་པ། ཆུ་རམ་མདོ་པ། འཇུ་མདོ། སྦི་ཆུ་མདོ་པ། དུང་དཀར་ཁུག  འདུ་ནག་ཕུ་མདའ། ཆང་མའི་ཁུག འོན་པོ་ཁུག  ཆུ་སྡིང་ཁུག  སྦི་སྨད་སྐོར་པ། ནར་ཟ་སྐོར་པ། གོ་བ་རྣ་ན་ཕུག  རག་ཤར་སྐོར་པ། འདམ་ཆུ་ཁ་ཐང་། ངང་ཚང་ནང་པ། བྲག་ཁུང་ནང་པ། སྲིབ་ན་ཁྲ། མཛོ་དཀར། རྡོ་ཀེར་སྐོར་པ། སེར་ཁྱིམ་ནང་པ། མཆོད་རྟེན་ཁུག  ནང་ཕྲ་སྐོར་པ། གནམ་སྡིང་སྐོར་པ། ཀོང་མདོ་ཤར་ནུབ། རག་ཤག་སྐོར་པ། ཀླུའི་དཀྱིལ་འཁོར། གནམ་མཚོའི་ཁོངས་སུ་ནར་འཛོམས། ན་སྐེ་རག  ཉི་ལུང་། ར་ཆེན། ན་ཤར། ལྷོ་མ་ནང་པ། མགོན་བསྐོར། བྱ་དཀར། ལྷོ་ཀོག  ན་སྦྲ་ལུང་། དབུ་མ་ཐང་ཁོངས། དི་ཧྲུག སྦ་མ་སྒང་། འོར་ཀོ་ར་ཀ། ཨུ་ཏ་རུ་བ། ཧར་མ་རུ་བ། རག་ཆེན་རུ་བ། འདམ་ཆུ་སྒང་། ན་ཆེན་སྒང་། བོ་རའི་ནང་། བྱེད་གད་སྒང་། འོམ་མདོ། བསམ་ལུང་མདོ། མཛོ་ཁ་རུ་བ། སོ་ཙི་རུ་བ། ས་སྣེ་སྐོར།

རྭ་སྒྲེང་བླ་བྲང་གི་ཚོང་པ་དང་། ནང་དུང་དཀར། མོའི་ས་ཚིགས། འབུ་སྒྲ། རུ་ཁག་གཉིས། དྭངས་མོ། དབུ་མ་ནང་། སྦྲ་ཆུང་། ནག་ཉོག་སྒང་། ལུང་རིང་། ཅུ་རྒྱས་མདོ། ནགས་གླང་ང་། སྒར་ཐོག ཁྱི་ཆེན། རྒྱལ་ཁྲི་སྒང་། ཡུལ་མ། དབུ་མའི་མདོ། སྦོང་ཆེན་ནང་། ཅུ་འཁོར་མདོ། ཚེ་ཀོག་གོག མོ་ལམ་མདོ། དགའ་རོགས་མདོ། སེ་ར་ཀེའུ་ཚང་བླ་བྲང་གི་ཐང་ཆེན་དང་། གསེར་སྡོང་སྐོར། ཀེའུ་ཚང་རུ་བ། འབྲས་སྤུངས་རི་སྤྱིའི་ཉ་འགྲམ་སྐོར་དང་། སྒར་སྟོད་སྐོར་པ། རབ་དགའ་སྐོར། ནོར་སྒང་ཀོག  འབྲས་བློ་གླིང་གི་ཉ་འགྲམ་སྐོར་དང་། སྦྲ་ཁ་སྐོར། འབྲས་སྒོ་མང་གི་ཁྱི་ནག་སྐོར་དང་། སྦུག་པ་སྐོར། ཤ་ཞན་སྐོར། རྩེ་རྣམ་རྒྱལ་གྲྭ་ཚང་གི་ཀོ་ཁྱིམ་དང་། ཨམ་ཕྲག་རུ་བ། བོ་གདོང་ཀོག  འབྲས་སྤུངས་སྤྱི་སོའི་སྲིད་སྐྱོར་སྐོར་དང་། གཡང་ར་སྒར་ཐོག་ཚལ་ཕུ་སྐོར། དམར་རུ་སྐོར། མཚོ་གོང་སྐོར། ཉི་ཕུག  ཐ་ཆུང་། ཚྭ་སྦུག་རོང་། ར་ཁ་སྐོར། ཆུ་གཞུང་སྐོར། ཟམ་གསར། ཆུ་གཞུང་སྐོར། སྒར་པ་རུ་བ། གཡི་ནང་འཇའ་ཡུལ་སྐོར། རྔུལ་ནང་འོད་སྡོད་རྟ་སྐྱོང་སྐོར། བྲག་ནག  ལྷ་ཞག་ཁྲ། རབ་དགའ་སྐོར། སྒར་སྨད། བྲེད་ནབ་ཁྲ། བྲེད་ནབ་ཁྲ་སྨད། འབྲས་སྔགས་པ་གྲྭ་ཚང་གི་རབ་དགའ་སྐོར་དང་། ཆེ་ཁའི་སྐོར། འབྲས་བསམ་བློ་ཁང་ཚན་གྱི་ཧོར་རུ་བ་ཁག་གཉིས། ཀུན་བདེ་གླིང་བླ་བྲང་གི་གསེར་སྡོང་སྐོར་དང་། ཤེ་མ་སྐོར། གཡི་ནང་འཇའ་ཡུལ་སྐོར། རྔུལ་ནང་འོད་སྡོད་རྟ་སྐྱོང་སྐོར། བྲག་ནག གཞུང་རྒྱུག་བླ་བྲང་ཕྱག་མཛོད་ལས་ཁུངས་ཀྱི་དྭགས་པོ་ཚོ་པ་རུ་ཁག་བཅོ་བརྒྱད། འབྲས་སྒོ་མང་གི་ན་རུ་སྐོར་དང་། རྟ་འོག་བཞུགས་སྒར། ནོར་འཁྱོལ་ཀོག  སྒོ་ང་སྟོད། འབྲས་ཧར་གདོང་ཁང་ཚན་གྱི་ཛ་རག་དང་། ཟན་གསར། བྱེ་ལུང་། འོ་ལུང་། རབ་མདོ། ཨེ་པ་ཀོག ཚེ་སྨོན་གླིང་གི་ཛ་རག མཚུར་ཕུ་སྒར་པའི་ཆུ་གཞུང་སྐོར་དང་། རི་མ་སྐོར། ཁང་རོ་སྐོར། ནག་རུ་སྐོར། བྲག་ནག་སྐོར། བཀར་ཁང་སྐོར། སྟག་བྲག་བླ་བྲང་གི་སྤྱི་པ་སྐོར་གྱང་འཁུར་དང་། རྒྱལ་དར་སྐོར། ཁང་རོ་སྐོར། མཚུར་ཕུ་གྲྭ་ཚང་གི་སྤྱི་པ་སྐོར་གྱང་འཁུར། ཡངས་ཅན་དགོན་པའི་གད་རྡོ་སྒང་དང་ཆུང་བ་ཀོག་བཅས་སོ།།

གོང་གསལ་གྲོང་ཚོ་འམ་སྦྲ་དུད་ ༢༨༥ ཡོད་པའི་ནང་ནས་གཞུང་རྒྱུག་ཁོངས་རྣམས་ཞོལ་པ་ལས་ཁུངས་དང་། བླ་བྲང་ཕྱག་མཛོད། ལྷ་ས་གཉེར་ཚང་ལས་ཁུངས་བཅས་ནས་ལོ་རེའི་ཤེ་མར་བསྡུ་ལེན་དང་མི་རྩ་དོ་དམ་སོགས་བྱེད་ཅིང་། ཆོས་གཞིས་ཁོངས་འདམ་ཁུལ་སེ་ར་བླ་སྤྱིས་དོ་དམ་བྱེད་པ། སྦས་ཚང་སྡེ་པ་འབྲས་སྤུངས་སྤྱི་སོས་དོ་དམ་བྱེད་ཅིང་ནང་གསེས་གཞུང་སྒེར་ཆོས་གསུམ་སོ་སོར་དབང་ཆ་ཡོད། ཡངས་ཅན་དང་ཡངས་ཅན་འགོ་པ་གཞུང་བསྐོས་དཔོན་རིགས་ཀྱི་དོ་དམ་འོག་ནང་ཁུལ་དཔོན་ཁུངས་སོ་སོས་བྱེད་པ་ཡིན། གྲོང་ཚོ་ལ་ལར་དཔོན་ཁུངས་མི་འདྲ་བ་འདུས་སྡོད་བྱེད་པ་བཅས་བསྡོམས་དཔོན་ཁུངས་གཞུང་རྒྱུག་ཡིན་པ་ ༤༤ དང་། ཆོས་གཞིས་ཁོངས་གྲོང་ཚོ་ ༡༦༧ ཡོད་པའི་ནང་སེ་འབྲས་ཀྱི་བླ་སྤྱི་དང་། གྲྭ་ཚང་། ཁང་ཚན། རྣམ་རྒྱལ་གྲྭ་ཚང་། མཚུར་ཕུ་སོགས་དགོན་པ་སྤྱི་དང་བླ་བྲང་སྒེར་ལ་དབང་བ་བཅས་ཚུད་ཡོད། སྒེར་པར་དབང་བ་སྒེར་ཁེ་སྨད་དེ་ཀུན་བཟང་རྩེའི་ཁོངས་གཅིག་ཡོད་པ་བཅས་ཡིན།[2] ལོ་རྒྱུས་ཡིག་ཆ་འགར་སྒེར་ཧོར་ཁང་གི་གཞིས་འདམ་གཞུང་རྫོང་འོག་ཏུ་ཡོད་པ་བཤད་ཀྱང་། ལོ་རྒྱུས་ཡིག་ཆ་འགའ་ཞིག་གི་ནང་ཁེ་སྨད་ལས་ཧོར་ཁང་མི་གསལ་བས་དཔྱད་པར་འཚལ།

ལེ་ཚན་གསུམ་པ། ཡུལ་སྡེ་དང་། རི། ལ། མཚོ། གཙང་པོ།

དང་པོ། ཡུལ་སྡེ་ཆེ་ཁག

འདམ་གཞུང་། ཡངས་པ་ཅན། ཟམ་པ་གསར། བྱེ་མ་ལྐོག།ལ་ཐོག་ཁ། བྲག་དཀར། རྒྱ་རྡོ་ལྐོག རྒྱས་དར། ར་ཁ་སྒང་། གཡང་རྭ། ཡངས་ཡིད། སྙིང་གྲོང་། ཡང་ལངས། སྨད་གླིང་། བར་གླིང་། ཆུ་ཚན། སྟོད་གླིང་། ཀོང་ཐང་། འདམ་ཆུ། སྦྲ་ཁ་འདམ། དར་དམར། རྒྱ་རྒན་མདོ། ལ་རྒན་མདོ། གྲོང་དཀར་མདོ། དབུ་མ་ཐང་། ཧོར་རུ། ཀོ་གཉེར། ལུང་རིང་། ཀོ་ཁྱིམ། སྦྲ་ཁ། ན་ལུང། རྒྱལ་ཁ། གནམ་མཚོ། ཇ་དཀར། སེར་ལྟེ། ན་སྐེད་རག སྲེག་ཉལ། དག་པོ། བྱིའུ་ཚང། དབུ་སྨད། ལྷ་ན་ཁྲ། མགོ་འཁོར།[3] སོགས་ཡོད།

གཉིས་པ། རི་དང་། ལ། མཚོ། གཙང་པོ།

གཉན་ཆེན་ཐང་ལྷ་རི་བོ་དང་། ལ་ནག་ལ། སྤྱང་མོ་ལ། ཤར་ངོས་སུ་ལྕོག་རྩེ་ལ་དང་། ལྷོ་ངོས་ལ་གཉིས། ནུབ་ཏུ་ཤུ་གུ་ལ། བྱང་དུ་འགུལ་རི་ལ་དང་ལ་རྒན་ལ་སོགས་མང་དུ་ཡོད།[4] མཚོ་དང་གཙང་པོ་ནི་གནམ་མཚོ། འདམ་ཆུ། ལྷ་ཆུ་སོགས་ཡོད། དེ་དག་ལས་གཉན་ཆེན་ཐང་ལྷ་(རི་འདི་ནི་བོད་ཀྱི་སྲིད་པའི་ལྷ་དགུའི་ཡ་གྱལ་ཐང་ལྷ་ཡ་བུར་རམ་མཉན་ཆེན་ཐང་ལྷ་ཞེས་དྲི་ཟ་ཟུར་ཕུད་ལྔ་པའི་གནས་སམ་ཕོ་བྲང་ཡིན་ཟེར་)དང་། གཉན་ཆེན་ཐང་ལྷའི་རི་རྒྱུད་ཡོད་ཅིང་། དེ་རྣམས་འདམ་གཞུང་ཁུལ་གྱི་སྙིང་གྲོང་(དྲུང་)དང་གནམ་མཚོའི་བར་གནས་ཤིང་རི་རྩེ་གཙོ་བོའི་མཐོ་ཚད་ལ་རྒྱ་མཚོའི་ངོས་ནས་མི་ཊལ་ ༧༡༡༧ ཡོད།[5] བྱང་གནམ་མཚོ་ནི་རྫོང་གི་ནུབ་བྱང་ངོས་ཀྱི་འདམ་གཞུང་དང་དཔལ་མགོན་རྫོང་གཉིས་འབྲེལ་མཚམས་གཉན་ཆེན་ཐང་ལྷའི་རི་རྒྱུད་ཀྱི་བྱང་ངོགས་སུ་ཡོད་ཅིང་སོག་སྐད་དུ་ཐང་གེ་རི་ནོའུར།[6] ཞེས་འབོད། མཚེའུ་དེའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ ༡༩༩༣ དང་ཤར་ནས་ནུབ་ཀྱི་བར་སྤྱི་ལེ་ ༧༠ ལྷོ་ནས་བྱང་བར་ལེ་དབར་ ༣༠ གཏིང་ཚད་ལ་ལེ་དབར་ ༥༠ མཐོ་ཚད་ལ་རྒྱ་མཚོའི་ངོས་ལས་ལེ་དབར་་ ༤༧༡༨ བཅས་ཡོད།[7]  གནམ་མཚོའི་ཆུ་བོའི་འབྱུང་ཁུངས་ནི་ཤར་ནས་བསམ་གཏན་གངས་བཟང་དང་། ལྷོ་ནས་གཉན་ཆེན་ཐང་ལྷ། ནུབ་ནས་སྙེ་མོ་རྫོང་ཁོངས་ཀྱི་ཇོ་མོ་གངས་དཀར་བཅས་ཀྱི་ཆུ་བོ་འབབ་ཀྱི་ཡོད། འདམ་ཆུ་ནི་རྫོང་ཆགས་ཡུལ་གྱི་བྱང་ཕྱོགས་སྨད་གླིང་ཉེ་འཁྲིས་སུ་འབྱོར་སྐབས་ལྷ་ས་སྐྱིད་ཆུའི་ཆུ་ལག་ཡིན་ལ་རྒྱུག་ཁུལ་དུ་རང་བྱུང་འབྲོག་ས་ཡོད།[8]

ལེ་ཚན་བཞི་པ། ཞིང་འབྲོག་ཐོན་ཁུངས།

འདམ་གཞུང་རྫོང་ནི་འབྲོག་ལས་གཙོ་བོའི་རྫོང་ཞིག་ཡིན་ཅིང་སྒོ་ཕྱུགས་གཙོ་བོ་ནོར་དང་། ལུག ར། རྟ་སོགས་གསོ་ཚགས་བྱེད་ཀྱི་ཡོད་ལ། བ་ཕྱུགས་དང་། མཛོ། དྲེལ་སོགས་སྒོ་ཟོག་གཞན་ཡང་ཉུང་ཤས་ཡོད། རྒྱུན་ལྡན་གྱི་ཟས་རིགས་གཙོ་བོ་ཤ་དང་། མར། ཕྱུར་ར། ཐུད། རྩམ་པ། ཞོ། འོ་མ་བཅས་ཡིན། དེའི་སྟེང་རོང་ཡུལ་ནས་ཐོན་པའི་ནས་དང་། གྲོ། འབྲས། ཡུངས་མ། ཤིང་ཏོག་གི་རིགས་ཀྱང་མི་ཉུང་བ་ཞིག་ལོངས་སུ་སྤྱོད་ཀྱི་ཡོད། འབྲོག་པ་ཚོས་རྩྭ་ཆུའི་ཆེད་གནས་ངེས་མེད་དུ་རུ་སྤོས་ནས་ཕྱུགས་འཚོ་ཞིང་ཕྱུགས་ར་བསྐོར་བ་དང་། ཕྱུགས་ལས་མར་ལེན་པ། བལ་རྩིད་འཁེལ་འཐག་སོགས་ཀྱི་ལས་ཀ་གཙོ་བོ་བྱེད།

རྒྱུན་ལྡན་འཚོ་བའི་ཁྲོད་སྣོད་ཅ་ལག་གི་རིགས་དང་སྐྱེལ་འདྲེན་ལ་སྤྱོད་པའི་དངོས་པོའི་རིགས་སོགས་དང་། འཚོ་བའི་ཡོ་ཆས་འོ་ཟོ་དང་། དར་ཟོ། སླ་ང། ཁོག་མ། སྐྱོགས། དཀར་ཡོལ། དཀར་ཤུག་བཅས་ཡོད་ལ། ཟས་ཀྱི་རིགས་ཉར་ཚགས་བྱེད་སྤྱད་ལ་ཀོ་བ་དང་བལ་རྩིད་ཀྱིས་བཟོས་པའི་འོ་རྐྱལ་དང་། དར་རྐྱལ། ཕྱུར་ཁུག ཕྱུར་སྒྱེ། སྒྲོ། སྒྱེ། དམར་ཟས་ལ་མཁོ་བའི་གྲི། ཤ་གཏུབ། སྟ་རེ། རྩམ་འཐག་སོགས་ཡོད། ས་གནས་དམིགས་བསལ་ཐོན་རྫས་གཙོ་བོ་མཐོ་སྒང་འབྲོག་ལས་ཐོན་རྫས་དང་། དབྱར་རྩྭ་དགུན་འབུ། སྙི་བ་སོགས་ཡོད།

 

ལེ་ཚན་ལྔ་པ། སྲོག་ཆགས་དང་། སྐྱེ་དངོས། གཏེར་ཁ།

སྲོག་ཆགས་ཀྱི་རིགས་ལ་ཁྲུང་ཁྲུང་མགོ་དམར་དང་། ངང་པ་དཀར་སེར། བྱ་ལོང་། བྱ་རྒོད། བྱ་གླག  གོ་བོ་ཀླད་དཀར། ཨབ་གསོད་ཐལ་མགོ། ནེ་ལེ། འུག་པ། རི་བྱིའུ། སྐྱ་ཀ།ཕོ་རོག  ཕུག་རོན། སྐྱུང་ཀ  སྲེག་པ། གོང་མོ་སོགས་བྱ་བྱིའུ་སྣ་ཚོགས་ཡོད་པའི་ནང་ནས་ནེ་ལེ་དང་། བྱ་གླག  ཨབ་གསོད་ཐལ་མགོ་གསུམ་ལ་རྩྭ་ཐང་གི་བདེ་འཇགས་སྲུང་མཁན་ཞེས་འབོད་སྲོལ་ཡོད། དེ་ནི་བྱ་དེ་གསུམ་པོས་རྩྭ་ཐང་གི་གནོད་འཚེ་ཨ་བྲ་ཟ་ཡི་ཡོད་པས་ཡིན། རི་དྭགས་གནའ་བ་དང་། དགོ་བོ། གླ་བ། རྐྱང། འབྲོང་། རི་བོང་། འཕྱི་བ། ཤྭ་བ། བྱ་གླག  གཅན་གཟན་རིགས་ས་གཟིག  དྲེད་མོང་། སྤྱང་ཀི། ཝ་མོ། གཡི། གྲུམ་པ། ཆུ་སྲམ། ཨོག་དཀར། གཞན་ཡང་སྦྲུལ་དང་། ཨ་བྲ། རྫ་བྲ། སྲེ་མོང་སོགས་སྲོག་ཆགས་སྣ་ཚོགས། སྒོ་ཟོག་གི་གྲས་ནས་དབུ་མ་ཁུལ་གྱི་འབྲི་གཡག་དང་། སྙིང་དྲུང་གི་རྟ། གནམ་མཚོའི་རྒྱུད་དུ་ལུག ཡངས་པ་ཅན་དུ་ར་བཅས་སྤུས་ཁ་དག་པ་ཡོད་ཟེར།

རྩིཤིང་དང་སྨན་རྩྭའི་རིགས་ལ་བཙུགས་ཤིང་གི་སྡོང་པོ་ཆེ་བའི་རིགས་ཧ་ལམ་མེད་ཀྱང་། ས་མཐོའི་ཐུན་མོང་མ་ཡིན་པའི་སྐྱེ་ཤིང་སྤ་མ་དང་། ཤུག་མཚེར། སྤེན་མ། བ་ལུ། སྐྱེར་པ། གླང་མ་སོགས་སྡོང་ཐུང་དང་། ལྡུམ་བུ་མང་པོ་སྐྱེ་ཡི་ཡོད་པའི་ནང་ནས་སྤ་མ་ནི་ཐང་ལྷའི་རི་རྒྱུད་ཀྱི་ལྷོ་ངོས་ཀུན་ཏུ་སྐྱེ་སྐབས་རི་རྒྱུད་དེའི་འདབས་ཆ་ཕལ་ཆེར་ཁྱབ་ཡོད། སྨན་རྩྭ་དང་འཚོ་བའི་རྒྱུ་ཆ་ལ་སྤྱོད་པའི་རྩྭ་དང་མེ་ཏོག་ཨ་བྷི་ཁ་སྟེ་གཡའ་སྐྱ་རིལ་དང་། གངས་ལྷ་མེ་ཏོག སྤང་རྒྱན་དཀར་སྔོན། སེར་ཤ། དཀར་ཤ སྤང་སྤོས། ཅོམ། ཏིག་ཏ། དབྱར་རྩྭ་དགུན་འབུ། སྲོ་ལོ་དམར་པོ་སོགས་སྐྱེ་བ་དང་། འདམ་གྱི་གྲོ་མའི་སྤུས་འབོར་ལ་སྐད་གྲགས་ཡོད་པ་ནི་གྲོ་མ་རྡོག་པོ་ཆེ་ལ་ངོ་མངར་བ་སོགས་ཀྱི་ཁྱད་ཆོས་ལྡན་ཡོད།[9]

འདམ་གཞུང་ས་ཁོངས་སུ་རང་བྱུང་གཏེར་ཁའི་རིགས་ལ་གསེར་དང་། ཞ་ཉེ། བཙག ལྡོང་རོས། རྡོ་དཀར། དཀར་རག མུ་ཟེ། རྒྱ་མཚལ་ལྕོག་ལ། ས་མཚུར་དཀར་ནག འབྲུག་རུས། ཨར་འདམ། རྡོ་མཉེན་ལ་མཁོ་བའི་ས་དཀར་དམར། རྡོ་ཞོའི་རྒྱུ་སོགས་ཡོད་ལ་ལྷག་པར་ས་འོག་ཚ་ནུས་ཀྱི་འབྱུང་ཁུངས་ཕུན་སུམ་ཚོགས་པོ་ཡོད།[10] ད་དུང་འདམ་གཞུང་ཆུ་ཚན་དང་། གུ་ལིང་ཆུ་ཚན། ཐོག་ཁའི་ཆུ་ཚན། དཀར་རི་མཆོག་ཆུ་ཚན་སོགས་ཡོད། དེ་དག་ལས་རང་བྱུང་མུ་ཟི་དང་། ས་དཀར། རྡོ་དཀར་བྱེ་མ། མེ་རིའི་ཐལ་བ། ཅུ་གང་། འདམ་སོལ་སོགས་གཙོ་བོ་ཡིན།[11] རྒྱས་དར་ལྐོག་ཆུ་ཚན་དང་། འཆི་མེད་མདོ་ཆུ་ཚན། སྙིང་གྲོང་ཆུ་ཚན། དེ་མིན་ཀོ་ཐང་རྒྱུད་ཀྱི་ཆུ་ཚན་མང་པོ་ཞིག་ཡངས་ཅན་ས་འོག་ཚ་ནུས་གློག་ཁང་གི་ཁོངས་སུ་ཚུད་པར་གསལ།[12]

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1].  藏族社会历史调查,(三)民族出版社.2009,Pg 272.

[2].  གྲོང་ཁྱེར་ལྷ་སའི་ལོ་རྒྱུས་རིག་གནས། དེབ་བདུན་པ། གྲོང་ཁྱེར་ལྷ་སའི་སྲིད་གྲོས། ཕྱི་ལོ་ ༡༩༩༩། ཤོག་ ༦༠།

[3].  (1)武振华.西藏地名.中国藏学出版社.1995年.

(2)བོད་ཀྱི་ས་མིང་དཔྱད་གཞིའི་ཡིག་རིགས་བསྡུས་བསྒྲིགས། བོད་རང་སྐྱོང་ལྗོངས་གསར་བརྗེ་ཨུ་ཡོན་ལྷན་ཁང་གི་ཐིག་རིས་ཅུས། ཕྱི་ལོ་ ༡༩༧༩། ཤོག ༡༦།

[4].  (1)武振华.西藏地名.中国藏学出版社.1995年.

(2)བོད་ཀྱི་ས་མིང་དཔྱད་གཞིའི་ཡིག་རིགས་བསྡུས་བསྒྲིགས། བོད་རང་སྐྱོང་ལྗོངས་གསར་བརྗེ་ཨུ་ཡོན་ལྷན་ཁང་གི་ཐིག་རིས་ཅུས། ཕྱི་ལོ་ ༡༩༧༩། ཤོག ༡༦།

[5].  ཀྲུང་གོ་ལོ་རྒྱུས་རིག་གནས་གྲགས་ཅན་གྲོང་ཁྱེར་ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༠༨། ཤོག་ ༢།

[6].  ཀྲུང་གོ་ལོ་རྒྱུས་རིག་གནས་གྲགས་ཅན་གྲོང་ཁྱེར་ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༠༨། ཤོག་ ༤།

[7].  ཀྲུང་གོ་ལོ་རྒྱུས་རིག་གནས་གྲགས་ཅན་གྲོང་ཁྱེར་ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༠༨། ཤོག་ ༤།

[8].  武振华.西藏地名.中国藏学出版社.1995年.

[9].  གྲོང་ཁྱེར་ལྷ་སའི་ལོ་རྒྱུས་རིག་གནས། དེབ་བདུན་པ། གྲོང་ཁྱེར་ལྷ་སའི་སྲིད་གྲོས། ཕྱི་ལོ་ ༡༩༩༩། ཤོག་ ༥།

[10].  གྲོང་ཁྱེར་ལྷ་སའི་ལོ་རྒྱུས་རིག་གནས། དེབ་བདུན་པ། གྲོང་ཁྱེར་ལྷ་སའི་སྲིད་གྲོས། ཕྱི་ལོ་ ༡༩༩༩། ཤོག་ ༥།

[11]. 西藏自治区土地册,西藏自治区测绘局,中国地图出版社出版.1996.Pg 29.

[12].  གྲོང་ཁྱེར་ལྷ་སའི་ལོ་རྒྱུས་རིག་གནས། དེབ་བདུན་པ། གྲོང་ཁྱེར་ལྷ་སའི་སྲིད་གྲོས། ཕྱི་ལོ་ ༡༩༩༩། ཤོག་ ༢༦།

 

དབུས་གཙང་ལོ་རྒྱུས་ཆེན་མོ་ལས་བཏུས་པའོ།།

བརྒྱུད་སྐུལ།

མཆན་སྤེལ།