༄༅། །བོ་དོང་པའི་བསྟན་པ་བྱུང་རིམ་མདོར་བསྡུས།

༄༅། །བོ་དོང་པའི་བསྟན་པ་བྱུང་རིམ་མདོར་བསྡུས།

༄༅།།བོ་དོང་པའི་བསྟན་པ་བྱུང་རིམ་མདོར་བསྡུས།

 

༈ དེ་ཡང་བོ་དོང་ཞེས་པ་ས་མིང་ཡིན་ཅིང་། ས་སྐྱ་དང་། ཇོ་ནང་སོགས་དང་འདྲ་བར་ས་མིང་གྲུབ་མཐའ་འམ་ཆོས་རྒྱུད་ལ་ ཐོགས་པ་ཞིག་ཡིན། ཨེ་ཆོས་འབྱུང་བའི་གནས་ཞེས་པ་དགོན་པའི་མིང་ཡིན། དེ་ཡང་ཨེ་དང་། ཆོས་འབྱུང་ཞེས་པ་ཡང་ས་དབྱིབས་གྲུ་གསུམ་ཡིན་པ་དང་འབྲེལ་པ་ཡོད་པ་མ་ཟད་གོང་གི་བོ་དོང་ཞེས་པ་ཡང་དེ་དང་འབྲེལ་བ་དང་ས་དབྱིབས་དེ་ནི་རྒྱལ་བའི་བསྟན་པ་སྤྱི་དང་གསང་སྔགས་དར་བ་ལ་དགེ་མཚན་མཆོག་ཏུ་ཆེ་བར་བཤད།

དེ་ཡང་ཐོག་མའི་བྱུང་རིམ་ནི། ས་མིང་བོ་དོང་ཞེས་པ་སྔ་རབས་ནས་ཡོད་པར་མངོན་ལ། ཨེ་ཆོས་འབྱུང་བའི་གནས་ཞེས་པའི་དགོན་པ་འདི། དུས་རབས་བཅུ་གཅིག་པར་བྱོན་པའི་བཤེས་གཉེན་མུ་ཏྲ་ཆེན་པོས་རབ་བྱུང་དང་པོའི་ས་གླང་ (1049) ལོར་ཕྱག་བཏབ། དེ་ནས་རིང་པོར་མ་ལོན་པར་གཉན་ལོ་དར་མ་གྲགས་ཀྱིས་རྒྱ་གར་གྱི་པཎ་ཆེན་བསྟན་སྐྱོང་འབུམ་ཕྲག་ ( འདི་རྒྱ་གར་གྱི་པཎ་གྲུབ་ཆེན་པོ་གསེར་གླིང་པ་སོགས་ཀྱི་སློབ་མ་དང་། རྔོག་ ལོ་བློ་ཤེ་དང་། གཉན་ལོ། ཞ་མ་སེང་རྒྱལ་སོགས་ཀྱི་བླ་མ་ཡིན་པ་མ་ཟད། བོད་དུ་བྱོན་ནས་བོ་དོང་ཨེ་དང་། ཞ་ལུ། གནས་ རྙིང་རྣམས་སུ་ཡང་ཆོས་ཀྱི་གདན་ཁྲི་འཛིན་པ་ཞིག་ཡིན།) སུམ་པ་ ( 1100 ) ཟིན་ཙམ)བོད་དུ་སྤྱན་དྲངས། དེ་ཡང་«བོ་དོང་ཆོས་འབྱུང་གསལ་བྱེད་སྒྲོན་མེ»ལས། ལོ་ཙཱ་བས་པཎྜི་ཏ་བོད་དུ་སྤྱན་དྲངས། གཙང་དུ་འགྲོ་དོན་རྒྱས་པར་བྱུང་། དེའི་དུས་བཤེས་གཉེན་མུ་ཏྲ་ཆེན་པོ་ཟེར་བ་ཞིག་གིས། བོ་དོང་དུ་དགོན་ཆུང་ (ཨེའི་ཀུན་ར་རྙིང་མར་གྲགས་པ་འདི་ཡིན་སྐད།) ཞིག་བཏབ་ནས་ཡོད་པ་ན། པཎྜི་ཏ་ལུང་བསྟན་པ་ལ་བྱོན། ཕྱག་ཕྱིར་བཤེས་གཉེན་པས་ཀྱང་བྱོན། དགོན་པ་ཕ་གི་སུ་ཡི་ཡིན་གསུང་ཞིང་ཕྱག་མཛུབ་གཏད་པ་ལ། བཤེས་གཉེན་པས། དགོན་ཆུང་ཕ་གི་བདག་གི་ལགས། ཞུས་པས། ཕ་གི་དགོན་ཆུང་དུ་མི་འོང་། དགོན་ཆེན་དུ་འོང་གསུངས། བླ་མ་དགྱེས་ན་འབུལ། ཞུས་པས། རུང་གསུངས་ཞིང་། པཎྜི་ཏ་བཞུགས་ནས་ཆོས་མངོན་པ་ལ་སོགས་པའི་བཤད་ཉན་བཙུགས། དེར་བོད་ཀྱི་བནྡེ་ཐམས་ཅད་འདུས་ནས་ཆོས་ཉན་པས་ཆོས་སྡེ་ཆེན་པོར་གྱུར། ཞེས་དང་། དུས་དེ་ཙམ་ན་བླ་མའི་མིང་ལ་ཇོ་བོ་ཐོགས་པ་གཉིས་ཡིན་ཏེ། ཇོ་བོ་ཨ་ཏི་ཤ་དང་། ཇོ་བོ་འབུམ་ཕྲག་གསུམ་པའོ། དགོན་པའི་མིང་ལ་ཆོས་གྲྭ་ཐོགས་པ་གཉིས་ལས་མེད། ཆོས་གྲྭ་ཆེན་པོ་གསང་ཕུ་དང་། ཆོས་གྲྭ་ཆེན་པོ་བོ་དོང་ཨེ་ཞེས་བྱ་བ་ཡིན་ནོ། །ཞེས་དང་། ཡང་«དེབ་ཐེར་སྔོན་པོ»ལེ་ཚན་ཆ་པ་«མངོན་པ་ཀུན་བཏུས་»ཀྱི་རྒྱུད་པའི་སྐབས་ལས། འབུམ་ཕྲག་གསུམ་པའི་གདན་ས་བོ་དོང་ན་བཞུགས་པའི་སྡེ་སྣོད་འཛིན་པ་ཕལ་ཆེར་ཆོས་འདི་ལ་མཁས་པར་མཛད་ལ། བོ་དོང་ཨེའི་བླ་མ་བརྒྱུད་རིམ་གྱི་ཡི་གེ་མ་རྙེད་ནའང་གྲྭ་ས་འདིར་ལུང་རིགས་མངོན་པ་དང་། འདུལ་བ། སྒྲ་སྙན་དངགས་ལ་སོགས་པའི་ཡོན་ཏན་རྒྱ་ཆེན་པོ་དང་ལྡན་པ་མང་དུ་བྱུང་སྟེ། ཆོས་གྲྭ་འདི་ནི་ངོ་མཚར་བའི་གནས་སོ། །ཞེས་ཀྱང་འཁོད་དོ། །དེས་ན་བོ་དོང་ཨེ་འདི་ནི་གཙང་གི་བཤད་གྲྭ་ཚུགས་སྔ་ཞིང་ཕུན་སུམ་ཚོགས་པའི་ཚད་དུ་གྱུར་པ་ཞིག་ཡིན་པར་མངོན་ལ། དགོན་པ་དེའི་གཞུང་གི་བཤད་རྒྱུན་ཡང་། པཎྜི་ཏ་འབུམ་ཕྲག་གསུམ་པ་ལས་འོངས་པ་ཡང་འགའ་ཞིག་ཡོད་ཚོད་འདུག ། ཁོང་གི་སློབ་མ་ཐུ་སྟོན་ཀུན་དགའ་རྡོ་རྗེས་གདན་ས་བསྐྱངས། དེ་རྗེས་ཕྱ་པ་ཆོས་སེང་གི་སློབ་མ་འཇད་པ་གཞོན་ནུ་ (འཇད་པ་སྟོན་སྐྱབས་སོགས་སློབ་མ་མཁས་པ་ཐོན།) བྱང་ཆུབ་ལས་གསང་ཕུའི་བཤད་སྲོལ་དང་། གཉལ་ཞིག་བུ་དགུའི་ཡ་གྱལ་བོ་དོང་རིན་ཆེན་རྩེ་མོ ( བྱོན་དུས་ 1200-1250 ཙམ། གཞུང་བཤད་དང་དུས་འཁོར་འབྲོ་ལུགས་ལ་ཡང་མཁས།) ལས་གསང་ཕུ་དང་འབྲེ་ཨར་གྱི་བཤད་སྲོལ་རྣམས་དར་བས་གཞུང་གི་བཤད་ཉན་ཕུན་སུམ་ཚོགས་པར་བྱུང་། བཤད་སྲོལ་དེ་དག་གཏན་ལ་འབེབ་པའི་ཡིག་ཆ་ཡང་མང་དུ་བྱུང་བར་མངོན་ཞིང་། ལྷག་པར་ཨེ་ཆོས་འབྱུང་བའི་གནས་ཀྱི་གདན་རབས་ཉི་ཤུ་པ་དཔང་ལོ་ཆེན་པོ་ (1276 -1342) ནས་བཟུང་། འཇམ་དབྱངས་བདུན་རྒྱུད་དུ་གྲགས་པ་རྣམས་བྱུང་བའི་ཐོག་མ། དཔང་ལོ་ཆེན་པོས། རྒྱ་བལ་དུ་ལན་བདུན་བྱོན་ཞིང་བོད་དུ་ཡང་བླ་མ་མང་དུ་བསྟེན་ནས་མཁས་གྲུབ་གཉིས་ལྡན་འཆད་ཉན་སྒྲུབ་པས་དུས་འདའ། བོ་དོང་པའི་ཆོས་སྲུང་བཀྲ་ཤིས་འོད་འབར་དུ་གྲགས་པ་འདི་ཁོང་གིས་བཀའ་གཏོད་མཛད། ཚད་མ་རྣམ་འགྲེལ་དང་། མངོན་པ་ཀུན་བཏུས་ཀྱི་འགྲེལ་ཆེན་དང་། ཐུབ་བ་དགོངས་རྒྱན་གྱི་མཆན་དང་ས་བཅད། མདོ་སྡུད་པ་དང་། མདོ་སྡེ་རྒྱན་གྱི་མཆན། དབུ་མ་བདེན་གཉིས་ཀྱི་ས་བཅད་སོགས་མཛད། ཡང་ལོ་ཆེན་བྱང་རྩེས (1315-1380) མངོན་པ་མཛོད་ཀྱི་ས་བཅད་དང་། མངོན་པ་ཀུན་བཏུས་ཀྱི་མཆན། ཕྱི་ནང་གི་གྲུབ་མཐའི་བསྟན་བཅོས་རྣམས་མཛད། ལོ་ཆེན་གྲགས་པ་རྒྱལ་མཚན་ (1352-1405) གྱིས། མངོན་རྟོགས་རྒྱན་འགྲེལ་པ་དོན་གསལ་བ་དང་བཅས་པའི་ཊིཀྐ་ཆེ་ཆུང་གསུམ།

མངོན་རྟོགས་རྒྱན་འགྲེལ་པ་དོན་གསལ་བ་དང་བཅས་པའི་ཊིཀྐ་ཆེ་ཆུང་གསུམ། ཚད་མ་རྣམ་འགྲེལ་གྱི་སྦྱོར་ཊིཀ་མངོན་པ་ཀུན་ལས་བཏུས་ཀྱི་མཚན་ཉིད་བསྡུས་པ། བསམ་གཏན་གཟུགས་མེད་ཀྱི་ཟུར་བཀོལ། མངོན་པ་མཛོད་ཀྱི་ཊིཀྐ། མཚན་ཉིད་བསྡུས་པ། དུས་ཚིགས་ཀྱི་རྣམ་བཞག་རྣམས་མཛད་ཅིང་། གཞན་ཡང་འདུལ་བའི་ལས་ཆོག། རྒྱུད་བླ་མ་དང་དབུ་མ་འཇུག་པའི་ཊིཀྐ། ཐེག་གསུམ་གསལ་བྱེད་རྣམས་མཛད། ལྷག་པར་དུ་འཇམ་དབྱངས་བདུན་རྒྱུད་ཀྱི་བཞི་པར་གྱུར་པ་ནི། བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ་( 1376-1451) ཞེས་མཚན་སྙན་དང་འཕྲིན་ལས་ཕུལ་དུ་ཕྱིན་པས། དེང་གི་ཆར་ཡང་འཛམ་བུའི་གླིང་ན་མཚན་སྙན་མངོན་པར་གསལ་བ་ཁོང་ནི། རབ་བྱུང་དྲུག་པའི་མེ་འབྲུག་ (1376) ལོར་འཁྲུངས། སྐུ་གཞོན་ནུ་ནས་སྐུ་ཞང་ལོ་ཆེན་གྲགས་པ་རྒྱལ་མཚན་སོགས་བསྟེན་ནས་རིག་པའི་གནས་ལ་སྦྱངས་བརྩོན་ལྷོད་མེད་མཛད། རྒྱལ་བའི་བཀའ་ཡོངས་སུ་རྫོགས་པ་ལ་འགྲེལ་པ་མཆོག་ཏུ་གསལ་བ་ཞིག་མཛད་པའི་ཐུགས་བསམ་ནར་མར་བཅངས། ལྷག་བསམ་རྣམ་དཔྱོད་རྨད་དུ་བྱུང་ཞིང་སྦྱོར་བའི་བརྩོན་འགྲུས་མཆོག་ཏུ་གྱུར་པས་རིང་པོར་མ་ཐོགས་པར་གཞན་དྲིང་མི་འཇོག་པའི་མཁས་པའི་རྩེ་མོར་སོན། རྩོམ་པ་མཛད་པ་རྣམས་ཀྱང་རང་ཉིད་ཀྱི་རྣམ་དཔྱོད་གཙོ་བོར་སྟོན་པ་ལས་གཞན་གྱི་རྗེས་སུ་འབྲང་བར་མི་མཛད། ལྷག་པར་དཔལ་དེ་ཁོ་ན་ཉིད་འདུས་པའི་རྒྱ་མཚོ་ཞེས་པོད་ཆེན་བརྒྱ་ཕྲག་རྒལ་བ་འཛམ་བུའི་གླིང་གི་རྒྱན་དུ་གྱུར་པའི་བསྟན་བཅོས་བརྩམས། དེའི་ནང་དོན་གྱི་ཆ་ནས་རིག་པའི་གནས་ཆེ་ཆུང་དང་གངས་ཅན་གྱི་བཤད་སྒྲུབ་ལུགས་བཟང་རྣམས་ཚང་བར་བསྡུས་པས། གཟུ་བོའི་བློས་བརྟགས་ན་ངོ་མཚར་བའི་གནས་སུ་ཁུམས། ད་ལྟའི་བོ་དོང་པའི་རིང་ལུགས་འཛིན་པ་རྣམས་བསྟན་བཅོས་འདི་ཁོ་ན་ལ་གཙིགས་སུ་བྱེད། བར་སྐབས་སུ་བོ་དོང་གི་བསྟན་པ་འཛིན་སྐྱོང་གི་སྡེ་དགོན་ནི། སྟོད་དུ་ (1410) ལོར་ཕྱག་བཏབ་པའི་སྤོང་རོང་པདྨ་ཆོས་སྡིངས་སོགས་དགོན་མ་ལག་བཅུ་གསུམ་དུ་གྲགས་པ་རྣམས་སུ་སྤོང་རོང་རྗེ་དབོན་ནམ་མཁའི་མཚན་ཅན་རིམ་བྱོན་རྣམས་དང་། བར་དུ་བོ་དོང་ཨེ་ཆོས་འབྱུང་བའི་གནས། སྨད་ཕྱོགས་ཡར་འབྲོག་དང་། གཉལ་སྦྱོར་ར། སྙེ་མོ་བྱེ་མཁར་སོགས་བསམ་སྡིངས་རྡོ་རྗེ་ཕག་མོ་སྐུ་ཕྲེང་རིམ་བྱོན་དང་། སྦྱོར་ར་ཐམས་ཅད་མཁྱེན་པའམ་ཆེ་ཚང་དང་། འགྲོ་མགོན་ནམ་ཆུང་ཚང་། མེ་ལོང་བཅས་སྤྲུལ་སྐུ་བླ་ཁག་གསུམ། ཡར་འབྲོག་དགའ་ལྡན་སྤྲུལ་སྐུ། འཆི་མེད་སྤྲུལ་སྐུ་ཕྱིས་སུ་རོང་བྱེ་རྒྱས་སུ་ཆགས་པས་བྱེ་རྒྱས་པ་བཅས་སྐུ་ཕྲེང་རིམ་བྱོན་རྣམས་ཀྱིས་བླ་སློབ་ཀྱི་ཚུལ་དུ་བོ་དོང་གི་བསྟན་པ་རྒྱུན་མི་ཆད་དུ་བསྐྱངས། གོང་གི་རྗེ་དབོན་ནམ་མཁའི་མིང་ཅན་རིམ་བྱོན་ནས་འཆི་མེད་བྱེ་རྒྱས་པ་བཅས་བླ་ཁག་བདུན་ལ་བོ་དོང་སྐྱེས་བུ་བདུན་ཞེས་སུ་གྲགས་པ། མཉམ་མེད་འཇིགས་བྲལ་ཆེན་པོས་གུང་ཐང་བླ་བྲང་དཀར་པོར་དག་པའི་འཁོར་ལ་ལུང་བསྟན་པའི་སྐྱེས་བུ་ཁྱད་པར་ཞེ་ཅིག་ཡིན་པར་འདོད། དེང་གི་སྐབས་སུ་བསྟན་པ་ཉག་ཕྲར་གྱུར་པས་བོ་དོང་པའི་བསྟན་འཛིན་ཧ་ཅང་དཀོན། འོན་ཀྱང་བོ་དོང་གི་སྙན་རྒྱུད་བར་མ་ཆད་པ་ཐུགས་དམ་གཏོར་རྒྱུན་ ( འདི་འཇིགས་བྲལ་ཆེན་པོའི་སྙན་རྒྱུད་རྣམས་གཙོ་བོར་གྱུར་བའི་བཀའ་དབང་བརྒྱ་ལྷག་པ་ཞིག་དགའ་ལྡན་པདྨ་གར་དབང་གིས་བསྒྲིགས་པར་གྲགས་པ་པོད་བཅུ་ཁ་ལྷག་ཙམ་ཡོད་འདུག ) རྒྱ་མཚོའི་དབང་རྒྱུན་བསམ་སྡིངས་རྡོ་རྗེ་ཕག་མོ་སྐུ་ཕྲེང་བཅུ་གཉིས་པ་ངག་དབང་བཤད་སྒྲུབ་བདེ་ཆེན་ཆོས་ཀྱི་སྒྲོན་མེ་མཆོག་ལ་བཞུགས་ཤིང་། དགོན་མ་ལག་རྣམས་ཀྱང་གང་ལ་གང་འཚམས་ཉམས་གསོ་གྲུབ་ནས་བསྟན་པའི་རྒྱུན་བཟང་ལ་ཕན་ངེས་པར་མཆིས་པ་བཅས་མདོར་བསྡུས་སུ་བཀོད་པའོ།། །།

 

དཔྱད་གཞིའི་ཡིག་ཆ། བྲིས། དཔར།

 

  1. བོ་དོང་ཆོས་འབྱུང་གསལ་བྱེད་སྒྲོན་མེ།
  2. འཆི་མེད་འོད་ཟེར་གྱིས།
  3. དེབ་ཐེར་སྔོན་པོ།
  4. འགོས་ལོ་གཞོན་དཔལ།
  5. གསང་ཕུའི་གདན་རབས་གསལ་བའི་མེ་ལོང་།
  6. རིན་ཆེན་འབྱོར་ལྡན།
  7. བོ་དོང་ཨེའི་མཁན་རབས་གསོལ་འདེབས།
  8. མཛད་བྱང་མ་འཁོད་པ།
  9. བོ་དོང་པཎ་ཆེན་གྱི་རྣམ་ཐར་ངོ་མཚར་དགའ་སྟོན། ལྕགས་སྤར་དེབ་གཟུགས་འདྲ་མིན་གཉིས།
  10. འཇིགས་མེད་འབངས།
  11. བོ་དོང་པཎ་ཆེན་གྱི་རྣམ་ཐར་ངོ་མཚར་རྒྱ་མཚོ། ནམ་མཁའ་ཉི་མ།
  12. བོ་དོང་པཎ་ཆེན་གྱི་རྣམ་ཐར་ངོ་མཚར་ཕྲེང་བ། དཔེ་རྙིང་དཔེ་སྐྲུན་ཁང་གིས། མཛད་བྱང་མེད་པ།
  13. དཔང་ལོའི་རྣམ་ཐར།
  14. བླ་མ་དམ་པའི་གསུང་།
  15. དཔང་ལོ་ཆེན་པོའི་རྣམ་ཐར། རྒྱལ་སྐྱབས།
  16. ལོ་ཆེན་བྱང་རྩེའི་རྣམ་ཐར་སྣང་བ་སྤེལ་མ།
  17. གྲགས་པ་རྒྱལ་མཚན།
  18. གསང་འདུས་བླ་མ་ཚད་མའི་ལོ་རྒྱུས།
  19. བོ་དོང་པཎ་ཆེན།
  20. བོ་དོང་སྐྱེས་བུ་བདུན་སོགས་ལུང་བསྟན་པའི་སྐོར་དཔེ་ཚན་གཉིས། བྲིས།
  21. འཇད་ཀྱི་ལུང་བཤད་རྣམ་དཔྱོད་སྨྲ་བའི་སྒོ་འབྱེད། སྨོན་འགྲོ་པཎ་ཆེན།
  22. ཁྲོ་ལོ་ཙཱ་བའི་རྣམ་ཐར་ཁྲི་ཤིང་མ།
  23. བསོད་ནམས་རྒྱལ་བས།
  24. ཤེལ་དཀར་ཆོས་འབྱུང་། ངག་དབང་སྐལ་རྒྱམ།
  25. ཆོས་འབྱུང་མཁས་པའི་དགའ་སྟོན།
  26. དཔའ་བོ་གཙུག་ཕྲེང་།
  27. གཞན་ཡང་འབྲེལ་ཡོད་མང་པོར་དཔྱད་པ་ལགས་སོ།།

ཕྱོགས་སྒྲིག་པ། བོ་དོང་པཎ་ཆེན་གྱི་གསུང་འབུམ་ཞིབ་འཇུག་པ་སྤོ་རོང་འབྲོག་ཕྲུག་ཟླ་བ་ལགས།

 

བརྒྱུད་སྐུལ།

3 བསམ་ཚུལ། “༄༅། །བོ་དོང་པའི་བསྟན་པ་བྱུང་རིམ་མདོར་བསྡུས།

མཆན་སྤེལ།