གཉིས་པ། རྫོང་གཞིས་ཀྱི་འགྲོ་སྟངས་དང་ཁྲལ་འུལ་ཁྲིམས་གནོན།
༡ རྫོང་གཞིས་ཀྱི་འགྲོ་སྟངས།
དེ་སྔའི་གནམ་རུ་རྫོང་འོག་ཏུ་འདུ་ཁོངས་དང་ཚོ་ཤོག་མང་པོར་ཆ་བགོས་ཀྱིས་འཛིན་སྐྱོང་ལམ་ལུགས་བྱེད་ཀྱི་ཡོད་ཅིང་། གནམ་རུ་འདུ་ཁོངས་བཅུ་གསུམ་ཞེས་པ་ཡང་དོན་དངོས་སུ་གཞུང་ཚོ་བརྒྱད་དང་། སྒེར་ཚོ་བཞི་བཅས་ཁྱོན་ཤོག་བཅུ་གཉིས་ཙམ་ཡོད་འདུག་ཅིང་། ཕྱི་ལོ་ ༡༨༢༨ ནས་ ༡༩༥༩ བར་གྱི་ཚོ་པ་ནི་རིང་པ་རྡ་རུ་ཁ་(རྡ་རོ་དང་རྡ་རུ་ཅི་རིགས་སྣང་། སོག་པོའི་དཔོན་མིང་གི་ཐ་སྙད།)དང་། སེ་པ་རྡ་རུ་ཁ། ལྗོངས་ནག་རྟ་རུ་ཁ། ལྗང་རུ་རྟ་རུ་ཁ། གནམ་རུ་རྡ་རུ་ཁ། སོག་སྡེ། སྒོར་སྟོད། དལ་ཕྱིན་པ། རིང་པ་ཚོ་པ། སེ་པ་ཚོ་པ། འབྱོང་ནག་ཚོ་པ།
ལྗང་རུ་ཚོ་པ། རྣམ་མཁྱེན་ཚོ་པ། རྣམ་ཆུང་ཚོ་པ། བདུད་འཕག་ཚོ་པ། སྒར་བདེ་ཚོ་པ། དེ་སྦྱིན་ཚོ་པ། སྒོ་མང་ཚོ་པ། བཤད་སྒྲ་ཚོ་པ།[1] ཞེས་པ་སོགས་བྱུང་འདུག གཞུང་ཚོ་ནི་དབུས་གཞུང་གི་ཐད་ཀའི་འཛིན་སྐྱོང་འོག་ཡོད་པའི་ཤོག་སྡེ་ཁག་དང་། སྒེར་ཚོ་སྒེར་པ་ཆེ་གྲས་ཀྱི་སྒེར་གཞིས་ཁག་ཡིན། དེ་དག་ལས་སྔོན་སྒེར་ཚོ་ཡིན་པ་ཕྱིས་སུ་གཞུང་ཚོར་གྱུར་བའི་གྲས་ཀྱང་ཡོད། དཔེར་ན། གཞུང་ཚོ་དལ་སྦྱིན་རུ་བ་ཞེས་པ་དཱ་ཆིང་བཱ་དུར་གྱི་སྒེར་སྡེ་ཞིག་ཡིན་པར་བཤད།
གནམ་རུ་རྫོང་འོག་འདུ་ཁོངས་བཅུ་གཉིས་ཀྱི་འཛིན་སྐྱོང་མི་སྣ་རྫོང་དཔོན་སོགས་རྫོང་གཞིས་འགྲོ་ལུགས་ཀྱི་ངོ་ལས་གྲུབ་ཆ་ནི་རྫོང་དཔོན་རྩེ་ཤོད་སེར་སྐྱ་གཉིས་དང་། རྫོང་དཔོན་གཉིས་ལ་གཉེར་ཕྱག་མི་རེ། གསོལ་གཟིམ་མི་རེ། མ་བྱན་མི་རེ། ལས་བྱེད་མི་རྟ་དྲེལ་སོགས་གཡོག་བྱེད་མི་ལྔ། རྫོང་ལ་ཤོད་དྲུང་གཅིག་བཅས་གཞུང་ནས་མངགས་པའི་ལས་བྱེད་མི་སྣ་དང་། དེའི་གཤམ་འོག་ཏུ་གནམ་རུ་གཞུང་སྒེར་ཚོ་པ་སྤྱིའི་ཡུལ་དཔོན་གོ་གནས་མཐོ་ཤོས་ནི་སྒར་དཔོན་ཞེས་པ་དེ་ཡིན་ཅིང་། དེ་མིན་ནང་གསེས་ཚོ་ཤོག་སོ་སོར་འགོ་ཁྲིད་རྡ་རུ་ཁ་[2]ཞེས་པ་རེ་དང་བཅུ་དཔོན་རེ་དམག་དཔོན་རེ་བཅས་ཡོད། ཚོ་ཤོག་འགའ་རེར་རྡ་རུ་ཁ་ཞེས་པའི་འགོ་ཁྲིད་ཀྱི་ཚབ་ཏུ་རྒན་ཆེན་རེ་ཡང་བསྐོ་སྲོལ་ཡོད། དེ་དག་ལས་ཚོ་པ་སྤྱིའི་སྒར་དཔོན་ནི་གཞུང་ཚོ་ཁག་ནས་བསྐོ་དགོས་ཤིང་། གཞུང་ཚོ་ནས་མངགས་པའི་སྒར་དཔོན་ཁ་ཤས་མི་མུས་རྒྱུད་ནས་སྒར་རྡ་གང་འོས་བྱ་ཆོག་པའི་གཞུང་གིས་ཁྲིམས་ཐོག་ནས་གཏན་ཚིགས་ཡོད་པའི་རིགས་ཀྱང་ཡོད་འདུག གོང་གསལ་དམག་དཔོན་ཡོད་ཚད་གནམ་རུ་རྫོང་རང་ནས་བསྐོ་འཛུགས་བྱེད་པ་དང་། སྒར་དཔོན་ནི་དབུས་གཞུང་གི་ཆོག་མཆན་འོག་བསྐོ་སྲོལ་ཡོད་པར་བཤད།
མདོར་ན། གནམ་རུར་ཆེ་བཙན་གཏན་སྡོད་ནི་རྫོང་དཔོན་གཉིས་དང་ཞབས་འབྲིང་བཅུ་ལྷག་ཡོད་ཅིང་། དེ་མིན་དབུས་གཞུང་ནས་སྐབས་དང་བསྟུན་ནས་ཅ་དང་དིང་རི་དམག་སྒར་དང་། ག་དང་གཞིས་རྩེ་དམག་སྒར། ཀ་དང་སྐུ་སྲུང་དམག་སྒར་བཅས་ཀྱི་དམག་སྒར་འགའ་རེ་ཡང་ཟླ་ཤས་རིང་རྫོང་དེར་མངག་གཏོང་གི་བཅའ་སྡོད་བྱེད་ཀྱི་ཡོད་འདུག ཕྱི་ལོ་ ༡༩༤༢ ལོ་ནས་ནག་ཆུར་བྱང་སྤྱི་བཙུགས་པ་ནས་གནམ་རུ་རྫོང་ཡང་བྱང་སྤྱིའི་འཛིན་སྐྱོང་ཁོངས་སུ་ཡོད་པས། བྱང་སྤྱི་བརྗེས་མཚམས་སུ་གནམ་རུའི་རྫོང་ཚབ་ཡོངས་ནས་གསར་མཇལ་དང་སྤྱི་སྒྲིག་གན་རྒྱ་ཞེས་པར་རྟགས་ཐེལ་འཇོག་པར་བསྐྱོད་དགོས་འདུག[3] གཞན་ཡང་། གནམ་རུ་རྫོང་ལྷན་རྒྱས་ཀྱི་རྫོང་ཁང་ཡང་ཕྱིས་སུ་གསར་རྒྱག་འཛུགས་སྐྲུན་བྱས་པ་ཞིག་ཡིན་འདུག་ཅིང་། དེ་སྔོན་གནམ་རུ་སྡེ་པ་སྨོན་འགྲོ་གཟིམ་ཤག་གིས་དབང་འཛིན་བྱེད་སྐབས་སྡོད་ཁང་དམིགས་བསལ་མེད་པར་རྫོང་གི་ལས་དོན་བྱེད་སྒོ་རྣམས་སྦྲ་གུར་དུ་གཉེར་གྱི་ཡོད།
གནམ་རུ་རྫོང་དེ་བཞིན་གཞུང་འཛིན་གྱི་རྫོང་སྒོ་ཞིག་ཏུ་གྱུར་བ་ནས། ཕྱི་ལོ་ ༡༩༢༦ ལོར་རྫོང་དཔོན་རྩེ་དྲུང་ངག་དབང་རྒྱལ་མཚན་གྱི་སྐབས་སུ་གཞུང་རྒྱུག་ཚོ་ལྔ་ནས་ཨར་པོ་དང་འགྲོ་གྲོན་བསྐུལ་ནས་ཨར་ལས་འགོ་འཛུགས་བྱས་ཡོད་འདུག དེ་ཡང་ཐོག་མར་གསར་སྐྲུན་བྱེད་སྐབས་རྫོང་མཁར་དེར་གཟིམས་ཆུང་ཁང་མིག་མདོ་སྦུག་གཉིས་དང་དཀར་ཕིག་གཅིག གཉེར་ཚང་དང་ཞབས་ཕྱི་ཁང་གཅིག་དང་ཤོད་ཁང་གཉིས་བཅས་གསར་རྒྱག་བྱས་འདུག
མཚམས་འདིར་ཁུལ་དེའི་དེ་སྔའི་བླ་བྲང་འོག་པའི་འབྲོག་སྡེ་འདམ་ས་སྐྱ་རྫོང་ངམ་གཞིས་ཀའི་འགྲོ་སྟངས་སྐོར་ཞུ་རྒྱུར། གཞིས་ཀ་དེར་ས་སྐྱ་ཚོ་བདུན་ཞེས་སྡེ་ཤོག་གམ་ཚོ་པ་ཁག་བདུན་ཡོད་པ་ལས། དང་ཐོག་སྡེ་རྙིང་དང་། སྡེ་རབ། བྱ་རིགས། ཀྲེ་བ། སྦྲ་སྦྱར་བཅས་ཚོ་པ་ལྔ་ལས་མེད་ཀྱང་། ཁུལ་དེ་ནི་ས་རྒྱ་ཆེ་ལ་རྩྭ་ཆུ་བཟང་བས་བྱང་ཤོག་ཕྱེད་ཅེས་པའི་ཚོ་པ་གཅིག་དང་། ཤེ་མ་རུ་བ་ཟེར་བའི་སྨན་རི་དགོན་གྱི་ཤེ་དུད་ཚོ་པ་གཅིག་བཅས་རིམ་གྱི་ཚོ་བདུན་དུ་གྱུར་བ་ཞིག་ཡིན་འདུག དེ་སྔའི་ས་སྐྱ་ཚོ་བདུན་ལ་ཁྱོན་བསྡོམས་ཐེམ་དུད་ ༤༩༡ འདུག་ཅིང་།[4] ཚོ་བ་བདུན་པོའི་འཛིན་སྐྱོང་ལམ་ལུགས་ནི་བཀྲས་ལྷུན་བླ་བྲང་གི་འཛིན་ཁོངས་སུ་གྱུར་བ་ནས་བཟུང་། བླ་བྲང་གིས་ཚོ་པ་ཁྱོན་ཡོངས་ཀྱི་འགོ་འཛིན་དུ་སྒར་དཔོན་ཞེས་པའི་དཔོན་གནས་ཤིག་བཀོད་སྒྲིག་གིས། ཁྲལ་བསྡུ་ཁྲིམས་གནོན་གྱི་བྱེད་སྒོ་མཐའ་དག་གི་བྱེད་པོར་བསྐོ་གཞག་གནང་སྲོལ་ཡོད།
ཕྱི་ལོ་ ༡༨༧༥ ལོར་བཀྲས་བླའི་ཞབས་ཁོངས་བཙག་སེར་ཁང་པ་བསྟན་འཛིན་ཡར་རྒྱས་ཞེས་པར་ཚོ་བདུན་གྱི་དབང་ཆ་ཁ་འཛིན་བྱ་ཆོག་པའི་གཏན་འཇགས་ཞུ་སྩལ་བྱུང་ཡང་ཁྲལ་བསྡུ་དྲང་མིན་རྐྱེན་བྱུང་བས། ཕྱི་ལོ་ ༡༨༨༤ ནས་སྔར་བཞིན་བླ་བྲང་ནས་ཐད་ཀར་གཞིས་དཔོན་བསྐོ་འཇོག་གི་ལམ་ལུགས་བསྐྱར་གསོ་དང་། ལྷག་པར་ས་གླང་ཕྱི་ལོ་ ༡༨༨༩ ལོར་གཞིས་དཔོན་བོན་གྱི་མཁན་ཆེན་ཤེས་རབ་གཡུང་དྲུང་གིས་གཞིས་དཔོན་ལོ་གཅིག་གནང་བ་ནས་བཟུང་། གཞིས་ཀའི་དཔོན་གནས་དེར་འདམ་བླ་མ་ཞེས་པའི་ཐ་སྙད་ཐོགས་འདུག ཕྱི་ལོ་ ༡༩༢༣ ལོར་པཎ་ཆེན་སྐུ་ཕྲེང་དགུ་པ་ཁམས་སོག་ཡུལ་དུ་ཕེབས་པ་དང་བསྟུན། འདམ་ས་སྐྱའི་འཛིན་སྐྱོང་དབང་ཆ་བོད་གཞུང་སའི་རྩིས་བླངས་ཀྱིས་རྩེ་མགྲོན་བློ་བཟང་བཀྲིས་བསྐོས་འདུག་ཀྱང་། ཕྱི་ལོ་ ༡༩༣༣ ལོར་སླར་བཀྲས་ལྷུན་བླ་བྲང་ལ་ཕྱིར་གཞིས་ཀ་རྩིས་སྤྲོད་ཀྱིས་མགྲོན་གཉེར་གཅུང་ལགས་དང་། བཙག་སེང་ཁང་གཉིས་ཟུང་འབྲེལ་གྱི་འདམ་བླར་བསྐོས་འདུག ཡང་ཕྱི་ལོ་ ༡༩༣༨ ལོར་རྭ་སྒྲེང་བླ་བྲང་གི་ཁ་འཛིན་འོག་ཏུ་ཤོར་ཡོད་འདུག་པ་དང་། ཕྱི་ལོ་ ༡༩༤༧ ལོར་གཞིས་ཀ་དེ་བཞིན་རྭ་བླའི་ལག་ནས་གཞུང་སའི་བརྩིས་བཞེས་ཀྱིས་རྩེ་དྲུང་ཡེ་ཤེས་ལྷུན་གྲུབ་ལོ་གསུམ་རིང་འདམ་བླར་བསྐོས་གཞག་བྱས་པ་དང་། ཕྱི་ལོ་ ༡༩༥༠ ལོ་ནས་རྒྱ་འབུམ་སྒང་གི་དྲུང་ཡིག་སྦྱིན་པ་མཁས་བཙུན་དང་རོང་བྱམས་ཆེན་གྱི་གྲྭ་བྱམས་པ་གཉིས་ཀྱིས་དུས་ཡུན་ལོ་གཅིག་རེར་རིམ་བཞིན་འདམ་བླ་བྱས་འདུག་ཀྱང་། ཕྱི་ལོ་ ༡༩༥༢ ལོར་སླར་ཡང་བཀྲས་ལྷུན་བླ་བྲང་ལ་ཕྱིར་རག་གིས་འཛིན་སྐྱོང་གནང་འདུག་མོད། ཕྱི་ལོ་ ༡༩༥༩ ནས་བོད་ས་ཡོངས་རྒྱ་ནག་གི་བཙན་འོག་ཏུ་ཤོར་བ་ནས་བཟུང་འདམ་བླའི་འཛིན་སྐྱོངས་ལམ་ལུགས་དེ་ཡང་རིམ་གྱིས་མཇུག་བསྒྲིལ།
དེ་སྔའི་འདམ་བླའི་འཛིན་སྐྱོང་ཕྱག་ལས་གཙོ་བོ་ཁུལ་དེའི་ཚོ་ཁག་བདུན་སྤྱིའི་ཁྲལ་བསྡུ་ཁྲིམས་གནོན་གྱི་བྱེད་སྒོ་ཁག་ཡིན་ལ། སྤྱིར་གཞིས་ཀར་འདམ་བླའི་འཛིན་སྐྱོང་ལས་བྱེད་ཀྱི་གྲུབ་ཆ་ནི་ཁྱོན་བསྡོམས་ན་དྲུང་ཡིག་སོགས་དཔོན་ངོ་གཡོག་དྲུག་ཙམ་ཡོད་འདུག་པ་དང་། འདམ་བླའི་འོག་ཏུ་ཚོ་པ་ཁག་ལ་བཅུ་དཔོན་ཞེས་པ་དང་དམག་དཔོན་ཞེས་པའི་འགོ་པ་མི་སྣ་གསུམ་རེ་ཡང་ཚོ་པ་རང་ངོས་ནས་བསྐོ་སྲོལ་དང་། དེ་མིན་འདམ་བླ་སོགས་དཔོན་རིགས་ཁག་ལ་གཞུང་ནས་གླ་ཕོགས་དམིགས་བསལ་མེད་ཀྱང་། ཚོ་པ་རང་ངོས་ནས་ཟ་སྒོ་མི་ཉུང་བ་ཞིག་ཡོད་པ་ནི་ས་སྐྱ་ཚོ་བདུན་ཁོངས་གྲོང་པ་ཐ་དད་སོང་རིགས་ནས། འདམ་བླར་ནོར་ཉི་ཤུ་ཐམ་པ་རེར་བགོས་ཕུད་འབྲི་གཡག་སྤུས་ལྡན་རེ་དང་། ལུག་ཉི་ཤུ་ཐམ་པ་རེར་བགོས་ཕུད་མ་མོ་གཉིས་རེ། ལུག་ཕོ་ཁལ་པ་རེ་གང་འོས་སུ་ཐོབ་ཅིང་ར་ཉི་ཤུ་ཐམ་པ་ལ་ར་མ་གང་དགོས་སུ་འབུལ་དགོས་ལ། སྒར་དཔོན་ལ་ལོ་རེར་སྒར་བལ། སྒར་ལུག འབྲི་གཡག་སོགས་ཐོབ་ཆ་ཡོད་པ་དང་། བཅུ་དཔོན་ལའང་རང་ཚོའི་ཁོངས་ནས་བགོས་ཕུད་འབྲི་གཡག་རེར་རང་འབབ་མར་ཁྲལ་ལྡང་མིན་སྐབས་ཚོ་པ་ནས་ཆག་རྟེན་ཞེས་པ་ཞིག་གྲངས་བགོས་ལ་གཞིགས་ཏེ་སྤྲོད་སྲོལ་ཡོད་འདུག །[5]
༢ ཁྲལ་འུལ་ཁྲིམས་གནོན།
ཁུལ་དེ་ནས་དབུས་རྫོང་གཉིས་ལ་ཕྱི་ཁྲལ་དང་ནང་ཁྲལ་གཉིས་ཀ་ཁྲལ་སྒྲུབ་བྱེད་དགོས་པ་དང་། དེ་དག་གི་རྣམ་གྲངས་ནི་འབབ་མར་ཞེས་པའི་མར་ཁྲལ། ཤ་ཁྲལ། བལ་ཁྲལ། རྩིད་པའི་ཁྲལ། ཁུ་ལུ། དེ་བཞིན་ནོར་དང་འབྲི། ལུག་དང་ར་སོགས་དང་། རྡོ་སོལ་དང་ཚྭ་སོགས་ཕྱི་ནང་གཉིས་ཀར་སྒྲུབ་དགོས་ལ། དམིགས་བསལ་ནང་གི་ཁྲལ་འུལ་ལ་རྫོང་གི་ལས་དོན་ཆེ་ཕྲ་ཁག་དུས་ནས་དུས་སུ་དགོས་མཁོ་དང་བསྟུན་ནས་སྒྲུབ་འབུལ་ཞུ་དགོས། དེས་ན་ཁུལ་དེའི་ལག་འདོན་གྱི་ཁྲལ་འབོར་ལྟ་བུར་ཆ་མཚོན་ན། དེ་སྔའི་གནམ་རུ་རྫོང་འོག་གཞུང་ཚོ་བདུན་དང་། སྒེར་ཚོ་བཞི་བཅས་འདུ་ཁོངས་ཚོ་པ་བཅུ་གཅིག་[6]ལ་ཁྱོན་ཁྲལ་འདོན་གྱི་ལེབ་སྙོམས་འབབ་གཞི་གཞུང་ཚོ་བདུན་ལས་བྱང་ཚོ་ལྔ་ལ་བསྡོམས་རྟ་འདོན་ལྔ་ཅུ་ང་དྲུག་དང་། ལྷོ་ཚོ་དལ་སྦྱིན་བདུན་ཁག་གཉིས་ལ་རྟ་འདོན་ཉེར་གསུམ། སྒེར་ཆོས་ཚོ་པ་སྒར་སྡེ་དང་། སྒོ་མང་། བཤད་རུ། གནམ་ཆུང་བཅས་བཞི་ལ་རྟ་འདོན་ཉི་ཤུ་རྩ་དགུ་བཅས། ཁྱོན་གནམ་རུའི་འདུ་ཁོངས་ཚོ་པ་བཅུ་གཅིག་ལ་རྟ་འདོན་བརྒྱ་དང་བརྒྱད་ཀྱི་འབབ་གཞིའི་ཐོག་ཁྲལ་རིགས་ཆ་གསེས་ཀྱིས་སྒྲུབ་སྤྲོད་བྱེད་ཀྱི་ཡོད།
ཁྲལ་འབབ་བརྩི་སྟངས་ནི་སྤྱིར་རྟ་འདོན་ཞེས་རྒྱ་མགོ་[7]ལ་བརྩིས་ནས་དབྱེ་སྲོལ་ཡོད་ཀྱང་། ནང་གསེས་ཚོ་པ་སོ་སོའི་ཁྲལ་སྒྲུབ་རྩི་སྟངས་ལའང་མི་འདྲ་བ་ཁ་ཤས་ཡོད་པ་ནི། རྒྱ་མགོ་ལ་དབྱེ་བ་ཁ་ཤས་དང་རྒྱ་མགོའི་ཐོག་འབབ་འཕེན་པ་ཞེས་ལེབ་སྙོམ་བྱ་ཚུལ་གཅིག་གྱུར་མེད། དཔེར་ན། གཞུང་རྒྱུག་བྱང་ཚོ་ལྔས་རྒྱ་མགོ་གཞིར་བཟུང་བརྩི་སྲོལ་ཡོད་ལ་ཚོ་པ་དེ་དག་ལ་རྒྱ་མགོ་དྲུག་ཅུ་ཐོབ་ཀྱི་ཡོད་འདུག ལྷོ་ཚོ་གཉིས་ནི་ལེབ་ཞེས་པ་ལེབ་གཉིས་ལ་ནོར་དགུ་རེ་བརྩི་སྲོལ་ཡོད་པས། ཁྱོན་བསྡོམས་གཞུང་ཚོ་ལྷོ་བྱང་གཉིས་ནས་ལོ་ལྟར་མར་ཁལ་བཞི་བརྒྱ་ཙམ་ཁྲལ་འབུལ་ཞུ་དགོས། སྒེར་དང་ཆོས་གཞིས་ཁག་གི་ཁྲལ་བསྡུ་ཁག་ལ་མཚོན་ནའང་། གྲངས་འབོར་བརྩི་སྲོལ་དང་ཁྲལ་འབོར་སོགས་ལ་མི་འདྲ་བ་ཅུང་ཡོད་འདུག དེ་ཡང་། སྒེར་ཆོས་བཤད་རུ་ལྟ་བུར་མཚོན་ན་ནོར་ལུག་ར་བཅས་ཉི་ཤུའི་ཟུར་རེ་ཕུད་པའི་འཕྲོས་སྤུ་སར་ཉིས་རྩིས་ཀྱིས་ནོར་རེར་མར་ཉག་གང་ལུག་བརྒྱད་རེར་མར་ཉག་གང་། ར་བཅུ་རེར་མར་ཉག་གང་བཅས་ནོར་ཉི་ཤུ་ལ་མར་ཁལ་རེ་ཐོབ་པ་འབུལ་དགོས་འདུག དེ་མིན་མཚུར་ཕུ་བླ་བྲང་གི་ཆོས་གཞིས་གནམ་ཆུང་ལ་ལྟོས་ན་ནོར་བྱིངས་གསུམ་མན་ཕུད་འཕྲོས་ནོར་རེར་མར་ཉག་དོ་རེ་དང་། ར་ལུག་སྤུ་གསར་ཕུད་ལུག་བརྒྱད་ལ་ནོར་རེ་ར་བཅུ་ལ་ནོར་རེ་བཅས་ཀྱི་མར་འབབ་འབུལ་དགོས།
སྒར་སྡེ་དང་སྒོ་མང་གི་ཆོས་གཞིས་ཀྱང་གོང་དང་ཕྱོགས་མཚུངས་ཀྱང་རྩ་འབབ་མར་ཁྲལ་ཟེར་བ་དང་ད་དུང་མཛོད་ཆུང་གི་ཤེ་འབྲི།[8] རྡོ་སོལ་གྱི་ཤེ་འབྲི། དམག་སྤྱི་ཁང་གི་ཤེ་འབྲི་ཞེས་པ་བཅས་ཀྱི་མར་འབབ་རྟ་འདོན་རེར་འབྲི་བཅུ་རེ། འབྲི་རེ་མར་ཁལ་ཉི་ཤུ་རྩ་གཉིས་ཀྱི་རྩིས་འབབ་འབུལ་དགོས་འདུག དེ་མིན་བལ་ཁྲལ། དངུལ་ཁྲལ། ལུག་ཁྲལ་བཅས་འབུལ་དགོས་པ་དེ་དག་ཀྱང་རྡ་འདོན་ལ་གཞིགས་པས་ཆ་གསེས་བྱེད་སྲོལ་ཡོད། དེ་ཡང་། འབབ་བལ་ཞེས་པའི་བལ་ཁྲལ་ནི། གནམ་རུ་སེ་བ་ལ་ལོ་ལྟར་བལ་ཁལ་སུམ་བརྒྱ་དྲུག་བཅུ་སྐོར་དང་། འབབ་དངུལ་ཊམ་རྡོ་བཅོ་ལྔ་སྐོར་འབུལ་དགོས་ཀྱི་འདུག གཞན་ཡང་། ལོ་གཉིས་མཚམས་རེར་རྩེ་ཕོ་བྲང་ཐུགས་རས་དཀར་ནག་དང་། རྩིད་སྒྲིལ་དཀར་ནག་ཕྱོགས་མཚུངས་བསམ་ཡས་དགོན་གྱི་ཐུགས་རས་དཀར་ནག་དང་། རྩིད་སྒྲིལ་དཀར་ནག་བཅས་རྒྱུག་འདོམ་ཆིག་ཁྲི་སྐོར་སྦྲ་ཡོལ་རེར་བ་རྒྱུག་འདོམ་བཞི་བརྒྱ་སྐོར་བཅས་འབུལ་དགོས་པ་མ་ཚད། རྩེ་རྣམ་གན་ལས་ཁུངས་སུ་དཀར་འཇུག་ཊམ་དཀར་ཉིས་བརྒྱ་སྐོར། རྩེ་ཡིག་ཚང་ལས་ཁུངས་སུ་དངུལ་སྲང་བཞི་བརྒྱ་བཅས་འབུལ་དགོས་འདུག
ད་དུང་ས་གནས་རྫོང་ལ་ནང་ཁྲལ་གྱི་ཚུལ་དུ་དམིགས་བསལ་གྱི་ཁྲལ་འབུལ་ཞུ་དགོས་པ་ཡང་། ལོ་ལྟར་སེ་བ་ཤོག་ལྟ་བུར་མཚོན་ན་ཚར་རུ་ཉི་བརྒྱ་སྐོར་དང་། གནམ་རུའི་རྫོང་དཔོན་བརྗེ་མཚམས་སུ་ཐབ་རྟེན་ཞེས་གཞུང་ཚོ་བདུན་པོས་རྫོང་དཔོན་རེར་བལ་མོན་དོ་སུམ་བཅུ་སྐོར་སྤྲོད་དགོས་པ་དང་། རྫོང་རྩེ་ཤོད་གཉིས་ཀྱི་ཤེ་དུད་གཉིས་ལ་འདུ་ཁོངས་བཅུ་གཅིག་གིས་ཤོག་རེ་ལུག་ལྔ་བཅུ་རེ་སྤྲོད་དགོས་པར་མ་ཟད། རྒྱུན་ལྡན་རྫོང་ངོ་གཡོག་ལ་བུད་ཤིང་དང་། ཡིག་སྐྱེལ། སྦྱར་རྒྱག སྔོ་འཐག རྐུ་མ་ལ་སོགས་ལ་རྟ་ལྕག་གཏོང་མཁན། བཙོན་སྲུང་། ཁྱོ་ག་ཚོས་ཡོག་ཁྲལ་དང་བུད་མེད་རྣམས་ཀྱིས་འཁེལ་འཐག་གི་ཁྲལ་སོགས་དགོས་མཁོ་ནམ་ཡིན་བསྒྲུབ་དགོས། དེ་བཞིན་གནམ་རུའི་གཞུང་ཁྲལ་མར་གྱི་ཁྱོན་འབོར་ལས། ཕྱི་ཁྲལ་གྱི་དོད་དུ་དབུས་གཞུང་ལ་ལོ་ལྟར་ལྷ་སར་ཐད་ཀར་འབུལ་སྐྱེལ་ཞུ་ཡུལ་དང་གྲངས་འབོར་ནི་རྩེ་མཛོད་ཆུང་ལྟག་སྒོ་རྒྱབ་ཏུ་མར་ལྟང་དྲུག་བཅུ་སྐོར་དང་། ནོར་གླིང་མཛོད་སྦུག་ཏུ་མར་ལྟང་བཅོ་བརྒྱད། རྩེ་ཕྱག་ལས་ཁུངས་སུ་མར་ལྟང་བཞི་བཅུ། དམག་སྤྱི་ཁང་ལ་མར་ལྟང་བརྒྱད། བླ་ཕྱག་ལས་ཁུངས་སུ་མར་ལྟང་ལྔ་བཅུ་ང་བཞི་བཅས་ཁྱོན་བསྡོམས་མར་ལྟང་བརྒྱད་ཅུའི་སྐོར་དང་། བལ་ནོར་གླིང་མཛོད་སྦུག་ལ་མོན་དོ་བཅོ་བརྒྱད། ཇོ་བོའི་ཞབས་འཕར་ཁང་ལ་མོན་དོ་བཞི་བཅུ་སྐོར་དང་མར་ལྟང་བཅུ་སྐོར་བཅས་འབུལ་ལམ་ཞུ་དགོས།[9]
ཞི་དྲག་གཉིས་ཀྱི་ཁྲལ་རིགས་ལས་དྲག་པོ་དམག་གི་ཁྲལ་ལྟ་བུར་མཚོན་ན། ཕྱི་ལོ་ ༡༩༢༡ ཙམ་ནས་གནམ་རུ་རྫོང་དེར་ཤིང་གླང་སྤྲོད་ཞིབ་ཞེས་པའི་ནང་དུ་ཁྲལ་འུལ་འབབ་གཞི་རྟ་འདོན་ཆིག་བརྒྱ་བཅུ་མེད་བརྒྱད་སྒྲུབ་འབུལ་ཞུ་དགོས་པ་ལས། དམག་འཁྲུག་བྱུང་ཚེ་རྟ་འདོན་རེ་ནས་དམག་མི་རེ་བསྡུ་དགོས་པ་དང་། དེ་མིན་རྒྱུན་ལྡན་སོ་སྲུང་དམག་བརྒྱ་སྐོར་གྱི་ཁྲལ་འུལ་བཅས་རྒྱུག་དགོས་ལ། དབུས་གཞུང་ནས་སོ་སྲུང་དམག་དང་དམག་བསྐུལ་སོགས་ཀྱི་སྐབས་འགོ་དམག་ལ་ཁང་པ་དང་སྦྲ་གུར། བརྒྱ་ལྡིང་མན་གོ་བབས་ཀྱི་གུར་དང་གདན་ལྕོགས། ཐབ་ཆས་ས་མཇལ། མེ་ཤིང་། ཤ་མར་སོགས་ཁྲལ་སྒྲུབ་བྱེད་དགོས། གཞན་ཡང་། སོ་སྲུང་དམག་གི་ཁྲལ་སྡུད་སྐོར་ནས་བཤད་ན་གནམ་རུ་རྫོང་ལ་སོ་ལྟ་བྱ་ཡུལ་ཁག་ལྔ་སྟེ། བྱང་རྒྱུད་མེ་ལྕེ། འབྲོང་རྫའི་རྫ་རིས། ཨོབ་རྡག་ཆིག་ཆག ལྷོ་བྱང་དང་ཨ་མུར་གངས་རྒན་བཅས་ལ་དབུས་གཞུང་བཀའ་ཤག་ནས་བཀའ་དོན་ལྟར་གནམ་རུ་རྫོང་ཁོངས་གཞུང་སྒེར་ཚོ་པ་བཅུ་གཅིག་ནས་རྟ་འདོན་བཞི་རེས་རྟ་དམག་གོ་ལག་རང་འགྲིག་བཞི་རེ་རྒྱུན་སྡོད་དགོས་ཤིང་། མི་རྟ་བརྗེ་ལེན་ནང་ཁུངས་ནས་བྱེད་པ་ལས་སོ་ས་སྟོངས་པར་བཞག་མི་ཆོག མངའ་ཁུལ་བཅུ་དམག་ཡོངས་རྫོགས་རེས་སྐོར་གྱི་ངོ་གཡོག་གཉིས་རེས་ཟླ་བ་བཞི་རེ་ཆད་མེད་སོ་ས་ཁག་ལ་སྐོར་སྐྱོད་བྱེད་དགོས་པར་མ་ཟད། རྩྭ་སྐྱེ་གཙང་པོ་ཕན་རྟ་ཟམ་ཁག་གཉིས་དང་། གཙང་པོ་ཚུན་རྟ་ཟམ་རེ་བཅས་བཅའ་སྡོད་བྱེད་དགོས།[10]
སྐབས་འདིར་འདམ་ས་སྐྱ་རྫོང་ངམ་གཞིས་ཀའི་ཁྲལ་རིགས་འུ་ལག་སྐོར་ལས། དེ་སྔའི་ཁུལ་དེའི་གཞུང་སྒེར་ཆོས་གསུམ་གྱི་གཞིས་ཀའི་ཁྲལ་བསྡུའི་སྐོར་ལ་དཔེ་མཚོན་དུ་བྱས་ན། དེ་ཡང་། ས་སྐྱ་ཚོ་བདུན་བླ་བྲང་གི་མངའ་ཞབས་སུ་ཚུད་པ་ནས་ཐོག་མའི་འཆར་སྒར་དཔོན་གྱི་ངོས་ནས་དགོན་པར་མཆོད་མར་རྒྱུན་འཛུགས་ཞེས་པའི་ཁྲལ་མར་ཕྲན་བུ་དགོན་པར་འབུལ་དགོས་པ་དེ། ཚོ་པ་ཁག་ནས་དཔྱ་བསྡུས་ཀྱིས་པཎ་ཆེན་རྡོ་གཅལ་ཆེན་མོར་སྐྱེལ་འབུལ་ཞུ་སྲོལ་དང་། དེ་བཞིན་བཀྲས་ལྷུན་བླ་བྲང་ནས་ཐད་ཀར་སྒར་པ་ཞེས་པའི་ཡོངས་སྡུད་པ་གྲྭ་གྲངས་ཉུང་ཤས་ཤིག་ཁྲལ་སྡུད་དུ་ཡོང་བ་ཕུད་པའི་ཁྲལ་གཞན་དག་སྒྲུབ་འཇལ་ཞུ་དགོས་མི་འདུག་ཀྱང། གཞུང་འཛིན་རིམ་བཞིན་འཕོ་འགྱུར་དང་བཅས་ཁྲལ་བསྡུའི་ལམ་ལུགས་དང་གྲངས་འབོར། རྣམ་གྲངས་དང་དབྱེ་བ་སོགས་ཀྱང་ག་ལེར་སྲོལ་གཏོད་བྱུང་ཡོད་པ་ལས། སྔར་ལམ་འདམ་ས་སྐྱ་ཚོ་བདུན་ལ་གཞུང་སྒེར་ཆོས་གསུམ་སྤྱི་སྙོམས་ཁྲལ་རིགས་ཀྱི་གྲངས་འབོར་ཚད་གཞི་གཅིག་མཚུངས་སུ་ཡོད་པ་ནི། གཞིས་ཀའི་ཁྲལ་རིགས་ཀྱི་གཙོ་བོ་མར་ཁྲལ་ལྟ་བུར་མཚོན་ན། ཚོ་པ་ཁག་ནས་ལོ་ལྟར་འབུལ་དགོས་པའི་མར་ཁྲལ་གྱི་ཚད་གཞི་ནི་ཕྱུགས་རིགས་ཀྱི་མགོ་གྲངས་ལ་གཞིགས་ཏེ་འབབ་སྐོར་བྱས་པ་ཡིན་པས་ཁྲལ་དེའི་ཐ་སྙད་ལ་མགོ་མར་ཞེས་བཏགས་ཡོད་ཅིང་། གྲངས་འབོར་ཚད་གཞི་ནི་ལུག་དྲུག་བཅུ་ལ་མར་ཁལ་གཅིག་དང་ནོར་བཅུ་ལ་མར་ཁལ་གཅིག་སྒྲུབ་འཇལ་ཞུ་དགོས།
ཁྲལ་བསྡུའི་ལམ་ལུགས་ལྟར་ནང་ཁྲལ་དང་ཕྱི་ཁྲལ་གཉིས་ཡོད་པ་ལས། ནང་ཁྲལ་དུ་ཕྱུགས་རིགས་མགོ་བརྩི་ཐེངས་རེའི་ནང་འདམ་བླར་བརྒྱ་ལུག་ཞེས་མགོ་གྲངས་བརྒྱ་རེ་ནས་ལུག་རེ་ཁྲལ་འབུལ་ཞུ་དགོས་པ་དང་། མགོ་ཚར་ཞེས་མེ་ཤིང་མདའ་ཚད་མ་ཁ་ཤས་ཀྱང་འབུལ་སྲོལ་ཡོད་ལ། ལོ་གསུམ་རེར་ཁྲལ་རྐང་རེ་ནས་མར་ཁལ་བཅུ་བཞི། རེ་ལྡེ་རྒྱུག་འདོམ་ལྔ། རྩིད་སྒྲིམ་དཀར་ནག་རྒྱུག་འདོམ་ཉི་ཤུ་རྩ་ལྔ་སོགས་སྒྲུབ་འཇལ་ཞུ་དགོས་ལ། བླ་བྲང་གཞུང་ལ་གོང་གསལ་མར་གྲངས་ཀྱི་ཚད་གཞི་ལྟར་འབུལ་དགོས་པའི་ཐོག ལྐོག་ཆ་དང་སྐམ་ཆ་ཞེས་མར་ལྟང་གི་སྣོད་ཀོ་བ་སྤུས་ལྡན་གྱི་རིགས་ཀྱང་སྒྲུབ་དགོས་པ་མ་ཟད། དམག་སྤྱི་ཁང་གི་ཤེ་འབྲི་ཞེས་འབྲི་རེར་མར་སེར་འདེགས་ཁལ་གཉིས་རེ་དང་མར་ཁལ་རེར་ལྐོག་ཆ་ཉག་དོ་རེ་འབུལ་དགོས། དེ་མིན་ཤེ་མར་ཞེས་པ་བཀྲས་ལྷུན་དགོན་གྱི་མཆོད་མེའི་ཐེབས་རྩ་དང་ཚོ་བདུན་གྱི་ཁོངས་སུ་ཡོད་པའི་ངན་ལོང་མུག་གསུམ་ཁ་གསོའི་དགེ་རྩར་བཙུགས་པའི་མར་ཁྲལ་ཡང་། འདམ་ཚོ་ཤོག་བཅུ་གསུམ་ལ་ཤེ་མར་དུད་བཅུ་གསུམ་རེ་རྒྱུན་འཛུགས་ཀྱིས་འདམ་བླ་རིམ་བྱུང་གི་ཤེ་འབྲི་རེར་མར་ཁལ་གསུམ་རེ་དང་། མ་ར་རེར་ཤེ་མར་ཉག་གསུམ་རེ་གཏན་འབེབས་བྱས་ཡོད་ཀྱང་འདམ་ས་སྐྱ་རྭ་སྒྲེང་བླ་བྲང་གི་དབང་འཛིན་བྱེད་སྐབས་ཤེ་འབྲི་རེར་མར་ཁལ་ལྔ་རེ་དང་། མ་ར་རེར་མར་ཉག་ལྔ་རེ་སྤྲོད་སྲོལ་བྱུང་འདུག དེ་བཞིན་སྤུ་རིགས་ཀྱི་ཁྲལ་འབབ་ཀྱང་ལོ་གསུམ་རེའི་ཐོག་མགོ་གྲངས་ཐེངས་རེ་བརྩི་སྐབས། ལོ་དེའི་སྤུ་གསར་ཕུད་པའི་བྱིང་ཚང་མར་ཁྲལ་འབབ་སྒྲུབ་འཇལ་ཞུ་དགོས།[11]
ལུང་ཁུངས་དཔྱད་གཞིའི་ཡིག་ཆ།
[1]. 格勒 等.藏北牧民.西藏那曲地区社会历史调查.中国藏学出版社.1993.Pg 45.
[2]. སོག་པོའི་སྐད་ཀྱི་དཔོན་གྱི་གོ་མིང་ཞིག་ཡིན་འདུག
[3]. བོད་ལྗོངས་ནག་ཆུ་ས་ཁུལ་གྱི་ལོ་རྒྱུས་རིག་གནས། དེབ་བཞི་པ། ནག་ཆུ་ས་གནས་སྲིད་གྲོས་ལོ་རྒྱུས་རིག་གནས་དཔྱད་གཞིའི་རྒྱུ་ཆ། ཕྱི་ལོ། ༡༩༩༢། ཤོག ༥༧།
[4]. བོད་ལྗོངས་ནག་ཆུ་ས་ཁུལ་གྱི་ལོ་རྒྱུས་རིག་གནས། དེབ་བཞི་པ། ནག་ཆུ་ས་གནས་སྲིད་གྲོས་ལོ་རྒྱུས་རིག་གནས་དཔྱད་གཞིའི་རྒྱུ་ཆ། ཕྱི་ལོ། ༡༩༩༢། ཤོག ༦༥།
[5]. བོད་ལྗོངས་ནག་ཆུ་ས་ཁུལ་གྱི་ལོ་རྒྱུས་རིག་གནས། དེབ་བཞི་པ། ནག་ཆུ་ས་གནས་སྲིད་གྲོས་ལོ་རྒྱུས་རིག་གནས་དཔྱད་གཞིའི་རྒྱུ་ཆ། ཕྱི་ལོ། ༡༩༩༢། ཤོག ༧༤།
[6]. སྔར་འདུ་ཁོངས་བཅུ་གསུམ་ཞེས་པ་ལས་སོག་རུ་བུད་སྟོང་དུ་སོང་བ་དང་རྫ་སྲིབ་ཟུར་བཀར་ཡིན་པས་གཞུང་སྒེར་ཁྲལ་འདུའི་ཁོངས་སུ་ཐེ་མེད།
[7]. རྒྱ་མགོ་ཞེས་པའི་རྩིས་སྟངས་ནི། ལུག་བཅུ་ལ་ནོར་གཅིག ར་སུམ་ཅུ་ལ་ནོར་གཅིག ནོར་བརྒྱ་ལ་བརྒྱ་མགོ་ཞེས་ཟེར།
[8]. མཛོད་ཆུང་གི་ཤེ་འབྲི་ཞེས་པའི་ཁྲལ་དེ་བཞིན་༸རྒྱལ་བའི་སྐུ་ཕྱ་སོགས་ཀྱི་སླད་དད་འབུལ་གྱི་ཕྱུགས་ཟོག་ཤེ་ལ་བཏང་བ། ཕྱིས་སུ་ཁྲལ་གྱི་ངོ་བོར་གྱུར་བ་ཞིག་དང་། རྡོ་སོལ་ཤེ་འབྲི་ཞེས་པ་ཡང་གནམ་རུ་སེ་བའི་ས་ཆ་རྡ་འུའི་ཁུལ་ནས། མི་སེར་གྱི་རྡོ་སེལ་བཏོན་ན་ས་བཅུད་འཆོར་དོགས་ཀྱིས་དེའི་དོད་དུ་འབྲི་གྲངས་ཚད་ངེས་ཅན་སྤྲོད་རྒྱུ་བྱས་པའི་སྐོར་ཤོད་རྒྱུན་འདུག
[9]. བོད་ལྗོངས་ནག་ཆུ་ས་ཁུལ་གྱི་ལོ་རྒྱུས་རིག་གནས། དེབ་བཞི་པ། ནག་ཆུ་ས་གནས་སྲིད་གྲོས་ལོ་རྒྱུས་རིག་གནས་དཔྱད་གཞིའི་རྒྱུ་ཆ། ཕྱི་ལོ། ༡༩༩༢། ཤོག ༡༦།
[10]. བོད་ལྗོངས་ནག་ཆུ་ས་ཁུལ་གྱི་ལོ་རྒྱུས་རིག་གནས། དེབ་བཞི་པ། ནག་ཆུ་ས་གནས་སྲིད་གྲོས་ལོ་རྒྱུས་རིག་གནས་དཔྱད་གཞིའི་རྒྱུ་ཆ། ཕྱི་ལོ། ༡༩༩༢། ཤོག ༡༩-༢༣།
[11]. བོད་ལྗོངས་ནག་ཆུ་ས་ཁུལ་གྱི་ལོ་རྒྱུས་རིག་གནས། དེབ་བཞི་པ། ནག་ཆུ་ས་གནས་སྲིད་གྲོས་ལོ་རྒྱུས་རིག་གནས་དཔྱད་གཞིའི་རྒྱུ་ཆ། ཕྱི་ལོ། ༡༩༩༢། ཤོག ༦༦།
དབུས་གཙང་ལོ་རྒྱུས་ཆེན་མོ་ལས་བཏུས་པའོ།།