དོན་སྙིང་།
ངེད་ཚོའི་མི་ཚེའི་ནང་དུ།
དོན་སྙིང་ཆེ་ཤོས་ཀྱི་བྱ་བ་དེ་དག
རྒྱུན་དུ་ཁ་ཁུ་སིམ་ཞིང་མངོན་གསལ་མེད་ཀྱང་།
གཟུགས་དང་གྲིབ་མ་ཇི་བཞིན།
དུས་རྟག་ཏུ་ང་ཚོ་དང་ལྷན་དུ་གནས་ཡོད།
དེ་དག་ནི།
རྒྱུན་དུ་ཕན་ཐོགས་ཆེ་བའི་ལག་པ་གཉིས་དང་།
གཡོ་ཟོལ་མེད་པའི་སེམས་བཟང་དེ་ཡིན་ལ།
ཁྱེད་ཀྱིས་གནང་བའི་མཛའ་བརྩེ་དང་།
རང་ཉིད་ཀྱིས་བདམས་པའི་འཚོ་བ།
སེམས་ཀྱི་རྨ་ཁ་གསོ་བའི་ཚིག་འབྲུ་རེ་རེ་སྟེ།
བཟོད་སྒོམ་ལས་འཁྲུངས་པའི་བྱམས་བརྩེའི་ས་བོན་དེ་དག་རེད།
མ་ཟད།
དོན་དངོས་ལ་གདོང་ལེན་ཕོད་པའི་སྙིང་སྟོབས་དང་།
འགྱེལ་ས་དེ་ནས་ཡར་ལངས་ཏེ།
སྟབས་བདེའི་འགྲོ་ལམ་ཞིག་གིས་བགྲོད་ན་ཡང་།
ད་དུང་སྔར་བཞིན་དྲང་ཚུགས་བརྟན་པོས།
རང་ཉིད་ཀྱི་རིན་ཐང་སྲུང་བཞིན་དུ།
ཁྱེད་དང་འབྲེལ་བ་ཟབ་པའི་མི་སྣ་ཡོངས་ལ།
དུས་རྟག་ཏུ་ལྷག་བསམ་ཟོལ་མེད་ཀྱིས།
དཀའ་ངལ་མཉམ་དུ་སེལ་ཞིང་།
གད་མོ་ལྷན་དུ་བགད་ནས།
ཞི་བདེས་ཁེངས་པའི་དུས་ཡུན་དེ་དག་ཀྱང་རེད།
ད་དུང་ཁྱེད་ཀྱིས།
དོན་ཆུང་རྣམས་ག་ལེར་སྤངས་ནས།
མི་ཚེ་དོན་ཆེན་གྱི་སླད་དུ་གཏོང་གནང་ན།
ཡིད་ལ་དོན་སྙིང་ལྡན་པའི་བྱ་བ་རྣམས་འཕེལ་བའི་ཚེ།
བྱམས་བརྩེ་ནི་རིན་ཐང་ཆེ་ཤོས་དེ་ཡིན་པ་ཤེས་ངེས་ལགས།
གཞིས་རྩེ་བུ་ཆུང་ཚེ་རིང་། ༢༠༢༦ ཟླ་བ་ ༩ ཚེས་ ༡༩ ལ།།