རྣམ་དཔྱོད།
ཅི་ཞིག་ལ་རྣམ་དཔྱོད་ཟེར།
དེ་ནི་མུན་པ་སེལ་བའི་གསེར་གྱི་ཉི་མའམ།
འོད་མདངས་འཚེར་བའི་མིག་ཟུང་དང་འདྲ།
རྣམ་དཔྱོད་ཀྱི་མིག་ཟུང་ལ་བརྟེན་ནས།
བདེན་དོན་གྱི་རྩ་བ་རྙེད་ནུས་ཏེ།
དེའི་མྱུར་ཚད་ལ་འགྲན་ཟླ་མེད་ཅིང་།
ཟབ་ཚད་ལ་མུ་མཐའ་བྲལ་བས།
མཐོང་རྒྱ་ནི་ཀུན་ལས་ཀྱང་ལྷག
དེས་ཁྱེད་ལ་འདས་དོན་གྱི་གློག་བརྙན་དང་།
འབྱུང་འགྱུར་གྱི་འོད་ལམ་བསྟན་ནས།
ཡིན་མིན་གྱི་བརྡར་ཤ་བཅད་དེ།
ཕན་གནོད་ཀྱི་རང་གཤིས་བསྟན་པར་ངེས།
རྣམ་དཔྱོད་ཀྱི་གཤོག་རྩལ་ལ་བརྟེན་ནས།
མཁའ་དབྱིངས་སུ་འཕུར་ལྡིང་གཡོ་ཞིང་།
བར་སྣང་གི་སྲུང་སྐར་དེར་སྤྲུལ་ནས།
འཛམ་གླིང་ལ་བྱ་ར་མཛད་པས།
འཇིག་རྟེན་མ་ལུས་ལག་མཐིལ་དུ་བཞག་པ་དང་མཚུངས།
ལྷག་པར་དུ་རྣམ་དཔྱོད་ནི།
ཚེ་སྲོག་སྐྱོབ་པའི་བདུད་རྩི་དང་།
སྐྲན་ནད་བཀོག་པའི་གཟོང་།
ན་ཟུག་འཇོམས་པའི་ཐོ་བ་སྟེ།
དེ་ནི་འཇམ་དཔལ་དབྱངས་ཀྱི་རྣམ་སྤྲུལ་དང་།
ཕྱག་ན་རྡོ་རྗེའི་མཐུ་སྟོབས།
སྤྱན་རས་གཟིགས་ཀྱི་ཐུགས་རྗེ་ཡིན་པས།
དེང་དུས་ཚན་རིག་གི་ནང་དུ།
རྣམ་དཔྱོད་ཀྱི་གཟུགས་བརྙན་མཛེས་ལ།
སྲོལ་རྒྱུན་ཆོས་རིག་གི་ནང་དུ།
རྣམ་དཔྱོད་ཀྱི་གླུ་དབྱངས་སྙན།
གཞིས་རྩེ་བུ་ཆུང་ཚེ་རིང༌། ༢༠༢༦། ༩། ༢༣