བསིལ་ལྷམ་གྱི་ཐག་སྒྲའི་ཐོག་མའི་མཚམས་སྦྱོར།
རྒྱ་ཆེའི་ཀློག་པ་པོ་ལྷན་རྒྱས་མཆོག་ལ། བསིལ་ལྷམ་གྱི་ཐག་སྒྲ་ནི་བདག་གིས་བྲེལ་འཚུབ་ཆེ་བའི་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་ལས་ཞོར་ལ་བྲིས་པའི་སྙན་ངག་ཕྱོགས་བསྒྲིགས་ཤིག་ཡིན། མ་གཞི་ཁོ་བོས་འདིར་སྙན་ངག་ཅེས་བརྗོད་སྐབས་མཁས་པ་རྣམས་གད་མོ་ཕྲེད་ལ་ཤོར་ངེས་ཀྱང་གུས་པ་རང་གིས་དེ་ལྟར་བརྗོད་པར་འདོད། གང་ལགས་ཤེ་ན། རང་ཉིད་ཕོ་ལོ་ཉི་ཤུ་རྩ་ལྔར་སོན་རྗེས་གཞི་ནས་སློབ་སྦྱོང་གི་གོ་སྐབས་ཐོབ་སྟེ། བགྲང་བྱ་ལྔའི་རིང་ཉིན་མཚན་ཀུན་ཏུ་འབད་བརྩོན་ཤུགས་ཆེ་བྱས་པའི་འབྲས་བུ་ཞིག་དང་།
དེ་རྗེས་མི་ལོ་བཅུའི་རིང་དགེ་རྒན་གྱི་སྲི་ཞུ་བསྒྲུབས་པའི་ཉམས་མྱོང་གི་སྙིང་བཅུད་ལྡན། ལྷག་པར་ནུབ་ཕྱོགས་སུ་སླེབས་རྗེས་ལོ་ངོ་བཅོ་ལྔ་ཙམ་བོད་ཡིག་དང་འབྲེལ་ཐག་རྦད་དེ་ཆད་པ་དེ་ཉིད་གཞི་ནས་སླར་གསོ་ཐུབ་པའི་སྤྲོ་སྣང་དང་སྤོབས་སེམས་ཀྱི་གླུ་དབྱངས་ཤིག་ཡིན་ལ། དེ་བས་བོད་མི་རིགས་ཀྱི་སྐད་ཡིག་ལ་རུས་ཞེན་དཀར་བའི་ཡིད་ཀྱི་དུང་སྒྲ་ལྷང་ངེ་བ་ཞིག་ཡིན་ཕྱིར། ཁོ་བོར་མཚོན་ན་འདི་ལས་སྙན་པ་ཅི་ཞིག་ཡོད། འདིར་འཁོད་པའི་སྙན་རྩོམ་ཡོད་ཚད་སྐབས་དང་དུས་སུ་ཡིད་ལ་གང་དྲན་ཤར་མར་བྲིས་པ་ལས་ཀུན་སློང་གང་རུང་ཞིག་བཅངས་ནས་བྲིས་པ་ཧ་ལམ་མེད་ཀྱང་། ཚིག་རྒྱན་གྱི་རྙོག་འཛིང་དོར་ནས་གོ་བདེ་ཞིང་། བརྗོད་བྱ་ཡང་སྟབས་བདེ་དང་འཚོ་བ་དངོས་ལ་རེག་ཐབས་ནི་བདག་གི་ཐོག་མའི་བསམ་འདུན་ཉག་ཅིག་དེ་ཡིན། ད་དུང་དེབ་འདིའི་ཁ་བྱང་ལ། བསིལ་ལྷམ་གྱི་ཐག་སྒྲ། ཞེས་བཏགས་པ་ཡང་མཐོང་རེག་དཀའ་བའི་ནོར་བུའི་རིགས་སམ། ཡང་ན་ངོས་འཛིན་དཀའ་བའི་མེ་ཏོག་གི་མིང་ཚིག་སྟོང་པ་དེ་དག་ལས་ལྡོག་སྟེ། ཉིན་རེའི་འཚོ་བའི་ནང་ཧ་ཅང་བཀའ་དྲིན་ཆེ་བའི་ལྷམ་རིགས་ཤིག་བདམས་ཏེ་དོན་དངོས་ཀྱི་འཚོ་བ་ལ་རེག་ཐབས་བྱས་ཡོད། མཚམས་འདིར་བསིལ་ལྷམ་གྱི་ཐག་སྒྲ་ཞུ་སྒྲིག་གནང་མཁན་རྣམ་གྲྭ་རྒན་ཐུབ་བསྟན་ཡར་འཕེལ་ལགས་སུ་ལག་གཉིས་ཐལ་མོ་སྦྱར་ནས་བཀའ་དྲིན་ཆེ་ཞེས་ཞུ་རྒྱུ་མ་ཟད། ཀློག་པ་པོ་སྐུ་ཉིད་ལ་ཡང་ཐུགས་རྗེ་ཆེ་ཞུ་བར་འདོད། བདག་ནི་ཆུང་དུས་ཞིང་པའི་ཁྱིམ་ཚང་དུ་འཚར་ལོངས་བྱུང་ཞིང་། དེ་རྗེས་ཤིང་བཟོའི་ལས་ལ་འཇུག་པར་མ་ཟད། ནུབ་ཕྱོགས་ཨ་རིར་སླེབས་རྗེས་ཀྱང་འཚོ་བའི་དོན་དུ་ཤིང་བཟོའི་ལག་རྩལ་དོན་དུ་གཉེར་དགོས་པ་བཅས་ལས། རྩོམ་ཡིག་གི་གཞུང་ལུགས་ལ་སྦྱངས་པ་ལྟ་ཅི། དུས་ཐུང་ཞིག་ལས་རིག་པའི་གཞུང་ལུགས་ལ་སློབ་གཉེར་བྱེད་ཁོམ་མ་བྱུང་སྟབས། འདིར་རིན་ཐང་ཆེ་བའི་རྩོམ་ཡིག་མེད་ངེས་ཀྱང་། ཤེས་བྱ་ཡོན་ཏན་ལྡན་ཞིང་། ལོ་ན་ཕྲ་བའི་རྗེས་རབས་རྣམས་ལ་མདུན་བསྐྱོད་ཀྱི་སེམས་ཤུགས་ཤིག་སྦྱིན་ཐུབ་ན། བདག་གི་རེ་བ་དེ་གས་གྲུབ་པ་ལགས། ཞེས་ཤིང་བཟོ་བ་གཞིས་རྩེ་བུ་ཆུང་ཚེ་རིང་གིས་ཕྱི་ལོ་ ༢༠༢༥ ཟླ་བ་ ༡༡ ཚེས་ ༡ ཉིན་ལ།།
ཨག་བྷར་གྱི་སྒྲུང་སྒྱུར་བ་པོའི་སྔོན་གླེང་།
ཀ༽ ཨག་བྷར་གྱི་སྒྲུང་གི་ཁྱད་ཆོས། རྒྱ་གར་གྱི་དམངས་སྒྲུང་གྲགས་ཅན་ཨག་བྷར་གྱི་གཏམ་རྒྱུད་འདི་དག་ནི། སྤྱིར་བཏང་གི་སྒྲུང་ཙམ་མ་ཡིན་པར། རིག་པ་རྣོ་བ། བཞད་གད་ཀྱི་བྲོ་བ་ཆེ་བ། མི་ཆོས་ཀྱི་ལྟ་བ་ཟབ་པ་བཅས་ཐུན་མོང་མ་ཡིན་པའི་ཁྱད་ཆོས་གསུམ་དང་ལྡན། ལྷག་པར་དུ་བློན་པོ་བྷིར་བྷལ་གྱིས་རྒྱལ་པོའི་ཁྱད་མཚར་གྱི་དྲི་བ་རྣམས་ལ་དངོས་ཡོད་དང་མཐུན་པའི་ལན་འདེབས་སྟངས་འདིས། ཀློག་པ་པོའི་བསམ་བློའི་ཁ་ཕྱོགས་གསར་པ་ཞིག་ཏུ་འཁྲིད་པར་བྱེད་པར་མ་ཟད། སྒྲུང་འདི་དག་གི་མཇུག་འབྲས་ནི་ཡིད་ལ་མ་འཁོར་བའི་ལྐོག་གྱུར་དང་། ཧ་ལས་དགོས་པའི་བཞད་གད་ཀྱིས་ཕྱུག་པས་ཀློག་པ་པོར་སུན་སྣང་མི་སྟེར་བའི་ཁྱད་ཆོས་ལྡན། ཡང་སྒོས་རྒྱལ་པོས་བློན་པོར་ཚོད་ལྟ་བྱེད་པ་དང་། བློན་པོས་རྒྱལ་པོའི་ནོར་འཁྲུལ་གསལ་འདོན་བྱེད་པ་སོགས་ཀྱིས་མི་དང་མིའི་བར་གྱི་འབྲེལ་བ་དང་། དབང་འཛིན་པས་དམངས་ལ་བཟུང་བའི་ལྟ་སྟངས་སོགས་ཀྱི་བརྗོད་བྱ་ཟབ་མོ་འདུས་ཡོད།
ཁ༽ སྔོན་གླེང་དང་རྒྱབ་ལྗོངས། རྒྱ་གར་འཕགས་པའི་ཡུལ་གྱི་རྒྱལ་པོ་ཆེན་པོ་ཨག་བྷར་ (Emperor Akbar) དང་། ཁོང་གི་བློན་པོ་ཤེས་རབ་ཅན་བྷིར་བྷལ་ (Birbal) རྣམ་གཉིས་ཀྱི་གཏམ་རྒྱུད་ནི། ལོ་ངོ་བརྒྱ་ཕྲག་མང་པོའི་རིང་འཛམ་གླིང་གི་ཡུལ་གྲུ་ཀུན་ཏུ་ཡོངས་སུ་གྲགས་ཤིང་། ལྷག་པར་ཤར་ཕྱོགས་ཨེ་ཤེ་ཡའི་ཡུལ་གྲུ་ཀུན་ཏུ་བློ་གྲོས་ཀྱི་མིག་འབྱེད་པའི་མིག་ལྟོས་ལྟ་བུར་གྱུར་ཡོད། སྒྲུང་འདི་དག་ནི་བཞད་གད་ཀྱི་བྲོ་བ་དང་ལྡན་ལ། དྲི་བ་དྲིས་ལན་རྣོ་ངར་ཅན་དང་། གནད་དོན་ལ་གདོང་ལེན་བྱེད་སྟངས་ཀྱི་སྤྱང་གྲུང་སོགས་ཀྱིས་ཕྱུག་པ་ཞིག་ཡིན།
ག༽ པར་སྐྲུན་གྱི་དགོས་དམིགས་དང་སྟོང་ཆ་ཁ་སྐོང་། དེང་གི་ཆར་བོད་ཀྱི་ཤེས་རིག་ཁོར་ཡུག་ནང་། སློབ་ཕྲུག་རྣམས་ཀྱི་བོད་ཡིག་ཀློག་རྩལ་དང་གོ་སྟོབས་གོང་འཕེལ་གཏོང་བར་བྱིས་པའི་ཀློག་དེབ་ཀྱི་མཐུན་རྐྱེན་ཤིན་ཏུ་དཀོན་པའི་སྟོང་ཆ་ཆེན་པོ་ཞིག་ལྷག་ཡོད། ཁྱད་པར་དུ་གཞི་རིམ་བར་མའི་སློབ་ཕྲུག་རྣམས་ལ་མཚོན་ན། སློབ་ཚན་ཙམ་མ་ཡིན་པར། སྤྲོ་སྣང་འདྲེན་པའི་ཞར་བྱུང་ཀློག་དེབ་ཀྱི་དགོས་མཁོ་ཤིན་ཏུ་ཆེ་བས། ད་ལམ་ཨག་བྷར་གྱི་སྒྲུང་འདི་ཉིད་བོད་འགྱུར་ཞུས་ཏེ་པར་སྐྲུན་བྱེད་དོན་ནི། བོད་ཀྱི་བྱིས་པའི་ཀློག་དེབ་ཀྱི་སྟོང་ཆ་དེ་ཉིད་ཁ་སྐོང་བྱ་རྒྱུ་དེ་ཡིན།
ང༽ དམིགས་ཡུལ་དང་རེ་བ། སྒྲུང་དེབ་འདི་བརྒྱུད་ནས་སློབ་ཕྲུག་རྣམས་ཀྱིས་སྤྲོ་སྣང་དང་བཅས་ཏེ་བོད་ཀྱི་བརྡ་དག་དང་ཚིག་སྦྱོར་ལ་གོམས་འདྲིས་ཡོང་བ་དང་། བྷིར་བྷལ་གྱི་སྤྱང་གྲུང་ལྡན་པའི་བྱེད་བབ་ལ་བརྟེན་ནས། བྱིས་པ་རྣམས་ཀྱི་བསམ་བློ་གཏོང་སྟངས་དང་དཀའ་ངལ་སེལ་བའི་རིག་པ་འཕེལ་བར་རོགས་འདེགས་བྱེད་པའི་རེ་བ་བཅངས་ཡོད། སྒྲུང་འདི་དག་གི་ནང་དུ་དྲང་བདེན་དང་། ལྷག་བསམ། འདྲ་མཉམ་སོགས་ཀྱི་བཟང་སྤྱོད་སློབ་གསོས་ཕྱུག་པར་མ་ཟད། སློབ་མའི་ཤེས་ཚད་དང་འཚམ་པའི་བསམ་གཞིག་གི་དྲི་བ་ཟུར་བཀོད་བྱས་ཡོད་པ་འདིས། ཁོ་ཚོའི་བསམ་བློའི་སྒོ་མོ་འབྱེད་པ་དང་། གོ་རྟོགས་གཏིང་ཟབ་ཏུ་གཏོང་བ། དེ་བཞིན་དཔྱད་ཞིབ་ཀྱི་ནུས་པ་གོང་འཕེལ་དུ་གཏོང་བར་དམིགས་ཡོད།
ཅ༽ ཀློག་པ་པོར་འབོད་སྐུལ། གཅེས་པའི་ན་གཞོན་སློབ་ཕྲུག་ཚོ། ཁྱེད་རྣམ་པས་སྒྲུང་འདི་དག་ཀློག་སྐབས་ཡི་གེའི་དོན་དག་ཙམ་མ་ཡིན་པར། རང་ཉིད་བྷིར་བྷལ་གྱི་གོ་གནས་སུ་བཞག་ནས་བསམ་བློ་ཞིག་བཏང་སྟེ་ཀློག་རོགས། གལ་ཏེ་རྒྱལ་པོ་ཨག་བྷར་གྱིས་ཁྱེད་ལ་དྲི་བ་འདི་འདྲ་ཞིག་དྲིས་ཚེ། ཁྱེད་ཀྱིས་ལན་ཇི་ལྟར་འདེབས་སམ། གནད་དོན་འདི་འདྲ་ཞིག་འཕྲད་ཚེ་ཁྱེད་ཀྱིས་སྤྱང་གྲུང་ཇི་ལྟར་འདོན་ནམ། སྒྲུང་འདི་དག་གི་བྲོ་བ་ནི་བསམ་བློ་གཏོང་སྟངས་ཀྱི་སྒྱུ་རྩལ་ལ་ཐུག་ཡོད་པས། ཁྱེད་ཀྱིས་ཀྱང་བྷིར་བྷལ་དང་མཉམ་དུ་བློ་གྲོས་ཀྱི་གཤོག་པ་བསྐྱོད་དེ་སྒྲུང་གི་བྲོ་བ་མྱོང་བར་མཛོད།
སྒྲུང་གཏམ་རེ་རེའི་མཇུག་ཏུ་བཀོད་པའི་བསམ་གཞིག་གི་དྲི་བ་འདི་དག་གིས། ཁྱེད་ཀྱི་གོ་སྟོབས་བརྟག་པ་དང་། གནད་དོན་དབྱེ་ཞིབ་ཀྱི་ནུས་པ། མི་ཚེའི་བསླབ་བྱ་ལེན་པ་བཅས་ལ་ཕན་གྲོགས་བྱེད་ངེས་ལ། འདི་བརྒྱུད་ནས་བོད་ཀྱི་ན་གཞོན་སློབ་ཕྲུག་རྣམས་ཀྱི་བོད་ཡིག་ཀློག་རྩལ་དང་། དཔྱད་ཞིབ་ཀྱི་བློ་གྲོས། བསམ་བློའི་དཔལ་ཡོན་བཅས་གོང་འཕེལ་དུ་འགྲོ་བའི་རེ་བ་དང་སྨོན་འདུན་ཞུ་རྒྱུ་བཅས། སྒྲ་སྒྱུར་བ་གཞིས་རྩེ་བུ་ཆུང་ཚེ་རིང་གིས་ཕྱི་ལོ་ ༢༠༢༦ ཟླ་ ༤ ཚེས་ ༢༠ ཉིན།།
རྩོམ་པ་པོ་དང་སྒྲ་སྒྱུར་བ་གཞིས་རྩེ་བུ་ཆུང་ཚེ་རིང་ལགས་ཀྱི་ལོ་རྒྱུས་སྙིང་བསྡུས།
གཞིས་རྩེ་བུ་ཆུང་ཚེ་རིང་ལགས་ནི། ཕྱི་ལོ་ ༡༩༦༧ ལོར་གཙང་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་ཕྱུག་པོ་གཞུང་དུ་སྐུ་འཁྲུངས། ཁོང་འཁྲུངས་པའི་སྐབས་ཏག་ཏག་བོད་ས་ཡོངས་ལ་རྙིང་བཞི་རྩ་གཏོར་གྱི་རིག་གནས་གསར་བརྗེ་ཟེར་བའི་རྒྱལ་ཕུང་དམངས་གནོད་ཀྱི་དུས་ངན་གྱི་ཡོལ་བ་ཁྱབ་བཞིན་ཡོད་པས། ཆུང་དུས་ཀྱི་བག་ཆགས་ནི་ཞེད་སྣང་དང་། ལྟོགས་སྐོམ་གྲང་གསུམ་གྱི་དཀའ་སྡུག་གི་མྱོང་བ་ཞིག་ཏུ་གྱུར།
འོན་ཀྱང་ཁོང་གིས་དཀའ་ངལ་དེ་དག་གི་ཁྲོད་ནས་ཐོབ་པའི་གོ་སྐབས་ཡོད་ཚད་ལ་གཅེས་འཛིན་གྱིས། ཐོག་མར་ཕྱུགས་རྫི་བ་ཞིག་ནས་རིམ་བཞིན་ཤིང་བཟོ་བ་དང་། དེ་ནས་ཤིང་བརྐོས་པ་སོགས་རང་ཉིད་ཀྱི་གནས་བབ་ཡར་རྒྱས་གཏོང་བར་འབད་བརྩོན་ཅི་ནུས་གནང་།
དགུང་ལོ་ ༢༥ སོན་པ་ཕྱི་ལོ་ ༡༩༩༢ ལོར་རང་ཡུལ་རྒྱབ་ཏུ་བསྐྱུར་ནས་རྒྱ་གར་འཕགས་ཡུལ་ལ་བཙན་བྱོལ་དུ་ཕེབས། ཐོག་མར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། བཙན་བྱོལ་བོད་གཞུང་གི་ཐུགས་རྗེ་བཀའ་དྲིན་ལས། ཕྱི་ལོ་ ༡༩༩༢ ལོར་སྦིར་སུ་ཇཱ་བོད་ཁྱིམ་སློབ་གྲྭར་འཛུལ་ཞུགས་ཀྱིས་མི་ལོ་གསུམ་རིང་སློབ་གཉེར་གནང་། དེ་ནས་ཕྱི་ལོ་ ༡༩༩༥ ལོར་གསར་དུ་བཙུགས་པའི་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་འཛུལ་ཞུགས་ཀྱིས་དགེ་རྒན་འོས་སྦྱོང་གནང་ཞིང་། བོད་ཀྱི་ལོ་རྒྱུས་དང་རིག་གཞུང་ལ་སྦྱངས་པ་ཡུན་རིང་མཛད།
ཕྱི་ལོ་ ༡༩༩༧ ལོར་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་འཛིན་སྐྱོང་དང་ཉམས་ཞིབ་སྡེ་ཚན་དུ་ཕྱག་ལས་གནང་། དེ་རྗེས་བོད་ཁྱིམ་དགེ་འོས་སློབ་གཉེར་ཁང་དུ་མི་ལོ་ ༡༠ རིང་དགེ་རྒན་གྱི་སྲི་ཞུ་ལེགས་པར་བསྒྲུབས། སྐབས་དེར་ཆབ་སྲིད་བཙོན་ཟུར་གྲགས་ཅན་ཨ་མ་ཨ་བདེ་ལགས་ཀྱི་མི་ཚེའི་ལོ་རྒྱུས་བོད་སྒྱུར་གནང་བ་དང་། ཕྱི་ལོ་ ༢༠༠༥ ལོར་ཕྱག་རོགས་གཞན་དང་མཉམ་དུ་ང་ཚོའི་བོད་ཅེས་པའི་དུས་དེབ་འདོན་སྤེལ་གྱི་ཐུགས་འགན་རྐང་བཞེས་གནང་།
ཕྱི་ལོ་ ༢༠༠༧ ལོར་ཨ་རིར་གནས་སྤོས་ཀྱིས། གཞིས་རྩེ་སྐྱིད་སྡུག་གསར་འཛུགས་དང་ཚོགས་གཙོའི་ལས་འགན་བཞེས། དེ་བཞིན་བརྙན་པར་གྱི་ལམ་ནས་བོད་ཀྱི་ལོ་རྒྱུས་རིག་གནས་འགྲེམས་སྤེལ་གྱི་ལས་གཞི་འགོ་འཛུགས་ཀྱིས་འགན་འཛིན་གྱི་ཐུགས་འགན་བཞེས་ཡོད། ད་ལྟའི་ཆར་བྱང་ཨ་རིའི་དབུས་གཙང་ཆོལ་ཁའི་ཚོགས་གཙོའི་ལས་ཁུར་ཞུ་མུས་ཡིན་པ་དང་། ཕྱི་ལོ་ ༢༠༢༦ རྩོམ་ཡིག་ཕྱོགས་བསྒྲིགས་དེབ་ཕྲེང་དང་པོ་སིལ་ལྷམ་གྱི་ཐག་སྒྲ་དང་། ཕྱི་ལོ་ ༢༠༢༦ ལོར་ཨག་བྷར་དང་བྷིལ་བྷལ་གྱི་སྒྲུང་བོད་འགྱུར་པར་སྐྲུན་གནང་ཡོད་པ་བཅས་ཀྱི་ལོ་རྒྱུས་སྙིང་བསྡུས་སོ།།
