ཕྱིར་དྲན།

ཕྱིར་དྲན།

ཕྱིར་དྲན།

ང་རང་ཕྱིར་དྲན་གྱི་དྲྭ་བར་ཚུད་དེ།

བསམ་གཞིག་གི་ཀློང་དུ་འཁྱམས་ནས།

མི་ལོ་ལྔ་བཅུ་ལྷག་གི་ལ་ཀླུང་བརྒལ།

ལོ་ངོ་དེ་དག་གི་རིང་ལ།

བདག་ལ་དྲིན་ཆེ་བའི་ཕ་མ།

ཤ་ཚ་བའི་སྤུན་མཆེད།

སྙིང་ཉེ་བའི་གྲོགས་པོ་སྟེ།

འདྲིས་ཟབ་པའི་མི་སྣ་ཡོད་ཚད་

སླར་ཡང་ཐེངས་གཅིག་མཇལ།

ངས་ཕྱིར་འགྲོ་གིན་འགྲོ་གིན།

སོང་མྱོང་བའི་ས་ཆ་དང་།

འགྲོ་འདོད་པའི་གནས།

བྱས་ཚར་བའི་ལས་དང་།

བགྱིད་འདོད་པའི་བྱ་བ་ཡོད་ཚད་མིག་ལམ་དུ་འཆར།

རྒན་རབས་ཀྱིས་གསུངས་ན།

མི་ཚེ་ནི་ཀྱག་ཀྱོག་མང་བས།

མདུན་དུ་བལྟ་བ་ལས།

རྒྱབ་ཏུ་བལྟ་མི་འོས་ལ།

མཐོ་སར་བསྐྱོད་པ་ལས།

དམའ་སར་འགྲོ་མི་འོས་ཟེར།

འོན་ཀྱང་དོན་དངོས་སུ།

དམའ་སའི་སྐས་འཛེགས་དེ་བརྒྱུད་ནས་

མཐོ་སར་སླེབས་པ་དང་།

ད་ལྟའི་གོམ་གང་ལ་བརྟེན་ནས།

མ་འོངས་པའི་ལས་དབང་བསྐྲུན་པར་ངེས་ལ།

སྔར་སོང་ཉམས་མྱོང་གི་རྒྱང་ཤེལ་ལས།

འབྱུང་འགྱུར་གྱི་ལམ་བུ་གསལ་པོར་མཐོང་བས།

འདས་དོན་ལ་དྲན་གསོ་བྱ་རྒྱུ་ནི།

རིན་ཆེན་གྱི་གཏེར་མཛོད་ཅིག་དང་ཧ་ཅང་འདྲ།

དེ་ལྟར།

ངས་བསམ་ཤེས་ཀྱི་ཕྲེང་རྡོག་རེ་རེ་བརྒྱུད།

དྲིན་ཅན་གྱི་མི་སྣ་ཡོད་དོ་ཅོག

ཡིད་ལ་གསལ་པོར་མངོན་ཏེ།

ང་རང་གང་ནས་ཡོང་ཞིང་།

གང་དུ་ཆས་པ་དང་།

གང་གི་སླད་དུ་འཚོ་དགོས་པ་ཡང་།

གསལ་པོར་རྟོགས།

གཞིས་རྩེ་བུ་ཆུང་ཚེ་རིང་། ༢༠༢༦། ༨། ༡

བརྒྱུད་སྐུལ།

མཆན་སྤེལ།