རང་བྱུང་ཁམས།
མཛེས་སྡུག་གིས་རབ་ཏུ་ཕྱུག་ཅིང་།
གཏོང་ཕོད་ཀྱི་སྦར་མོ་ཡངས་པའི་རང་བྱུང་ཁམས།
ཁྱེད་ཀྱི་དྭངས་ཤིང་གཙང་བའི་ཆུ་མོ་དང་།
བསིལ་ཞིང་འཇམ་པའི་རླུང་བུ།
དམར་ཞིང་དྲོ་བའི་ཉི་འོད་ཀྱིས།
གོ་ལའི་ཁྱིམ་གཞིས་འདི་སྐྱོང་བར་མཛད་ཅིང་།
ལྗང་ཞིང་མཉེན་པའི་ལྗོན་ཤིང་དང་།
དཀར་ཞིང་ཡངས་པའི་སྤྲིན་པ།
མཐོ་ཞིང་ཡངས་པའི་རི་ཀླུང་དེ་དག་གིས།
མི་རྣམས་དེ་བས་ཀྱང་ངོ་མཚར་སྐྱེ་རུ་བཅུག
རང་བྱུང་ཁམས་ཀྱི་དངོས་པོ་ཡོད་ཚད་ནི།
ཅི་འདྲའི་ཡིད་དུ་འོང་ཞིང་།
དེ་འདྲའི་རིན་ཐང་བྲལ་བ་ཞིག་རེད་ཨང་།
དེ་ལྟར་ཡིན་ཏེ།
ལོ་ངོ་འབུམ་ཕྲག་དུ་མར།
ཁྱེད་ཀྱི་ལྷད་མེད་ཀྱི་བྱམས་བརྩེ་དང་།
ཕང་སེམས་བྲལ་བའི་གཏོང་ཕོད་ཀྱིས།
གོ་ལ་འདིར་ཚེ་སྲོག་གྲངས་མེད་བསྐྱབས་ནས།
བུ་རྒྱུད་དུ་མ་གསོ་སྐྱོང་གནང་བའི་གཏམ་རྒྱུད་ནི།
རྫོགས་མཐའ་མེད་པའི་ལྷ་སྒྲུང་དང་འདྲ།
འོན་ཀྱང་།
ཁྱེད་ལ་ཕྱིར་ཐོབ་པ་ནི།
གཏོར་བཅོམ་དང་སྦག་བཙོག
སྣང་མེད་དང་མཐོང་ཆུང་།
ད་དུང་ཆེད་དུ་མངགས་ནས།
གང་སར་རྨས་སྐྱོན་བཟོ་སྐབས།
ཁྱེད་ལ་སྐྱོ་སྣང་གིས་དྲངས་པའི་ན་ཟུག་དང་།
འུ་ཐུག་པའི་གནས་སྐབས།
ཇི་ཙམ་བྱུང་མྱོང་བ་ཤེས་མཁན་མེད་ལ།
ཤེས་དོད་ཀྱང་མེད།
དེར་བརྟེན། མ་གཞི།
ཁྱེད་ཀྱི་བཟོད་སྒོམ་ལ་མུ་མཐའ་མེད་ཅིང་།
བྱམས་སྐྱོང་ལ་རྫོགས་མཐའ་བྲལ་ཡང་།
སྐབས་རེར་ས་གཞི་གཡོས་ཤིང་རི་བོ་སྒུལ།
ལ་ལར་རྒྱ་མཚོ་སྐྱོམ་ཞིང་མཚོ་མོ་དཀྲུག
མཚམས་རེར་ཤིན་ཏུ་ཁྲོས་པའི་རླུང་འཚུབ་དང།
དྲག་ཏུ་འབར་བའི་མེ་ལྕེར་སྤྲུལ་ཏེ།
ཐེ་ཚོམ་དང་ཡ་ང་སྤུ་ཙམ་མེད་པར་ཡོད་ཚད་བཅོམ་དུས།
ཁྱེད་ལ་ཕོག་ཐུག་དང།
བློ་ཕམ་ཇི་ཙམ་བྱུང་བ་དེ་གསལ་པོར་མངོན།
སྐབས་དེའི་ཁྲོ་ཉམས་ཛ་དྲག་པའི་རྣམ་འགྱུར་དེ་ནི།
དུས་ནམ་ཡང་བརྗེད་མི་སྲིད་པས།
ཁྱེད་ལ་དགོངས་དག་ཞུ་རྒྱུ་ལས་ཅི།
གཞིས་རྩེ་བུ་ཆུང་ཚེ་རིང་། ༢༠༢༦། ༩། ༦