སྤེལ་ཞིབ་ཕྲ།

༄༅།།སྟོད་གཞས། ས་གོང་དབང་འདུས། སྟོད་གཞས་ནི་གཙོ་བོ་སྟོད་མངའ་རིས་རྒྱུད་ནས་དར་བའི་གཞས་དང་ཞབས་བྲོར་ངོས་འཛིན་པ་དང་དེ་ཡང་བོད་ཀྱི་དམངས་ཁྲོད་ཞབས་བྲོ་དང་རོལ་མོ་གཅིག་ཏུ་འདྲེས་པ་ཞིག་ཡིན་པས་དེར་སྟོད་ཁུལ་གྱི་དམངས་ཁྲོད་གླུ་གར་ཞིག་རེད་ཅེས་བཤད་ཆོག སྟོད་གཞས་ཀྱི་ཐོག་མའི་ཉམས་འགྱུར་ནི་ཞབས་བྲོ་རྒྱག་སྐབས། རྐང་པའི་འདེགས་འཇོག་ཆེ་ལ་ཤུགས་དང་ལྡན་ཏེ། སྐྱེས་པ་རྣམས་ཀྱི་རྩ་བའི་སྟངས་སྟབས་ནི་གཞུ་མོ་བཀང་ནས་མདའ་མོ་འཕེན་པའི་བཟོ་དང་། བུད་མེད་རྣམས་ཀྱི་རྩ་བའི་སྟངས་སྟབས་ནི་སྤུན་བཀལ་ནས་འཐག་ལས་བྱེད་པའི་བཟོ་ལྟ་བྱེད་པ་ཡིན། འབྲེལ་ཡོད་ཡིག་རིགས་ཀྱི་ནང་དུ་གསལ་བར་གཞིགས་ན་སྟོད་གཞས་ནི་གླུ་གཞས་དང་ཞབས་བྲོ་ཟུང་དུ་སྦྲེལ་བ་དང་རོལ་དབྱངས་གདངས་འགྱུར་སྙན་པས་ཕོ་མོ་གཞོན་དར་རྣམས་ཀྱིས་ཀྱང་སྟོད་གཞས་རྒྱག་རྒྱུར་དགའ་པོ་བྱེད་ཀྱི་ཡོད་པ་རེད། ཞབས་བྲོ་དེའི་རིགས་ལ་ལྷ་སའི་སྒྲ་སྙན་ཞབས་བྲོའང་ཟེར། སྟོད་གཞས་འདིར་ད་དུང་རྒྱག་ལུགས་ལྷོ་བྱང་གཉིས་སུ་དབྱེ་སྲོལ་ཡོད་པ་སྟེ། ལྷོ་ནི་སྟོད་ཀྱི་ལྷོ་རྒྱུད་དུ་གོ་ཞིང་གླུ་གར་དལ་ཅིང་ལྷོད་ལ་སྙན་འཇེབས་ལྡན་པ་དང་། བྱང་ནི་སྟོད་བྱང་རྒྱུད་ལ་ངོས་འཛིན་གནང་པས། གླུ་གར་དཔའ་ཉམས་དང་ལྡན་ཞིང་བློ་གཤོགས་ཆེ་བ་ལ་བག་ཕེབས་པ་བཅས་ཡོད། སྟོད་གཞས་ལྷ་སར་དར་ནས་དུས་ཚོད་གང་ཙམ་སོང་རྗེས་དེ་སྔོན་དལ་གཞས་ཟེར་བ་ལ་རྒྱང་གཞས་དང་ཞབས་བྲོ་དང་སྦྲགས་ནས་མགྱོགས་གཞས་གཏོང་བ་དེར་འཁྲུག་གཞས་ཞེས་རིགས་གཉིས་སུ་དབྱེ་བ་ཡིན། སྟོད་གཞས་དེ་དབུས་གཙང་ཁུལ་དུ་དར་ཁྱབ་བྱུང་རྗེས་སྟོད་གཞས་ཀྱི་སྒྲ་གདངས་འགྱུར་ཁུག་སོགས་ལ་དབུས་གཙང་གླུ་གར་གྱི་ཁྱད་ཆོས་དང་བསྟུན་པའི་འགྱུར་བ་གང་མཚམས་ཞིག་བྱུང་སྐད་འདུག གཞན་ཡང་མཁས་པ་འགའ་རེའི་གསུང་སྒྲོས་ལ། སྟོད་གཞས་ཞེས་པ་ནི་སྟོད་པ་ཕུལ་བའི་གཞས་ཀྱི་དོན་ལ་འཇུག་གསུང་བའང་ཡོད། འབྲུག་མོས་ཞུ་དག་བྱས།
སྒོར་གཞས།

ས་གོང་དབང་འདུས། སྒོར་གཞས་ཞེས་པ་ནི་གཞས་རར་ཞུགས་མཁན་རྣམས་ལག་གདང་སྦྲེལ་ནས་སྒོར་མོར་བྱས་ཏེ། འཁྲབ་པའི་གླུ་གར་ཞིག་ཡིན་ཏེ་སྐྱེས་ཕོ་མོ་ལྷན་དུ་འཛོམས་ནས་སྐྱེས་པས་བསྐུལ་ཏེ་བུད་མེད་ཀྱིས་ལེན་པའམ་བུད་མེད་ཀྱིས་བསྐུལ་ཏེ་སྐྱེས་པས་ལེན་པ་སོགས་ཀྱི་སྤྲོ་སྣང་ཆེ་ལ་ངལ་རྩོལ་གྱི་རྣམ་པ་ཤིན་ཏུ་ཟབ་མོ་ལྡན་པ་ཞིག་ཡིན། མདོ་སྨད་དང་དབུས་གཙང་ཁུལ་གྱི་རྒྱ་ཆེའི་གྲོང་གསེབ་ཏུ་སྒོར་གཞས་དར་གསོ་ཤིན་ཏུ་ཆེན་པོ་ཡོད། སྒོར་གཞས་ལ་རོལ་མོའི་རམ་འདེགས་མི་དགོས་པར་གཞས་འགོ་དལ་གྱི་གླུ་རུ་ལེན་པ་དང་གཞས་མཇུག་འཁྲུག་པོའི་ཞབས་བྲོས་གཅོད་པའི་ཁྱད་ཆོས་ལྡན་ཡོད། བོད་ཡུལ་གྱི་སྒོར་གཞས་ནི་རྩ་བའི་ཆ་ནས་གཅིག་མཚུངས་ཡིན་ཀྱང་ཡུལ་ལུང་སོ་སོའི་ཁྱད་ཆོས་མི་འདྲ་བར་བརྟེན་ནས་སྒོར་གཞས་ལའང་གཙང་གི་སྒོར་གཞས་དང་། ལྷོ་ཁའི་སྒོར་གཞས། སྟོད་ཀྱི་སྒོར་གཞས་སོགས་ཡོད་པས། ཞབས་བྲོའི་སྟངས་སྟབས་དང་། གཞས་གདངས་གཞས་ཚིག་སོགས་ལ་ཡུལ་ལུང་སོ་སོའི་ཁྱད་ཆོས་མི་འདྲ་བ་ཕྲན་བུ་ཡོད།

༄༅།།རྒྱལ་གཞས། ས་གོང་དབང་འདུས། རྒྱལ་གཞས་ཞེས་པ་ནི་གཙང་ཁུལ་གྱི་དིང་རི་དང་ས་སྐྱ་ཁུལ་དུ་དར་ཆེ་བའི་དམངས་ཁྲོད་ཀྱི་སྒྱུ་རྩལ་ཐུན་མོང་མིན་པ་ཞིག་རེད། དེ་ནི་ཆོས་རྒྱལ་སྲོང་བཙན་སྒམ་པོའི་དུས་ནས་དར་བ་ཡིན་སྐད་འདུག རྒྱལ་གཞས་རྒྱག་སྐབས་སྐྱེས་པ་ཚོས་གནའ་རབས་ཀྱི་དཔོན་ཆས་གྱོན་པ་དང་། བུད་མེད་ཚོས་གཙང་མོའི་ཆས་གོས་སྤྲས་ནས་རྒྱག་པ། གཞས་ཚིག་གི་ནང་དོན་རྒྱ་ཆེ་ལ་ཕུན་སུམ་ཚོགས་པ་དང་། ཞབས་བྲོ་རྒྱག་སྐབས་ལུས་ཀྱི་སྟངས་སྟབས་དལ་བ་ནས་མགྱོགས་སུ་གཏོང་བ་སོགས་ཀྱི་འགྱུར་ལྡོག་ཆེ་ལ་ས་གནས་ཀྱི་ཁྱད་ཆོས་ཟབ་པ་བཅས་ཡིན་པ་དང་། རྒྱལ་གཞས་དེ་འགོ་ཚུགས་རྗེས་ཡུན་རིང་རྒྱག་དགོས་ཀྱི་ཡོད།འགའ་ཤས་ཉིན་འཁྱོངས་རྒྱག་པའི་སྲོལ་ཡང་ཡོད།

༄༅།།ནང་མ། ས་གོང་དབང་འདུས། ནང་མ་ཞེས་པའི་ཞབས་བྲོ་དེར་ཞིབ་འཇུག་གནང་མཁན་མང་པོ་བྱུང་ཡོད་ལ་དེའི་ཐད་ཀྱི་རྩོམ་ཡིག་ཀྱང་མི་ཉུང་བ་ཞིག་མཐོང་རྒྱུ་འདུག འབྲེལ་ཡོད་ཡིག་རིགས་ཏུ་གསལ་བར་ལྟར་ན་ནང་མ་ནི་རྒྱལ་པོའི་ཕོ་བྲང་ནང་དུ་གཏོང་བའི་གཞས་ཡིན་པར་ངོས་འཛིན་ཀྱང་དེ་ནི་ཡང་དག་པའི་ལྟ་བ་ཞིག་མ་ཡིན་ཞིང་། ནང་མ་ནི་གནའ་བོའི་དམངས་ཁྲོད་ཀྱི་རོལ་མོ་དང་ཞབས་བྲོའི་རྨང་གཞིའི་ཐོག་བསྒྱུར་བཅོས་གོང་འཕེལ་བྱུང་བའི་གླུ་གཞས་ཀྱི་རྣམ་པ་ཞིག་ཡིན་པར་ངེས། ནང་མའི་གླུ་གདངས་གནའ་ཉམས་དོད་པ་དང་གར་སྟབས་ཀྱི་ཉམས་འགྱུར་མཛེས་པ། མི་རིགས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པ་བཅས་ཡིན་པས་དབུས་གཙང་ཁུལ་དུ་དར་ཁྱབ་ཤིན་ཏུ་ཆེ། ནང་མའི་གླུ་གཞས་ཀྱི་གྲུབ་ཆ་ཁག་གསུམ་དུ་དབྱེ་བ་སྟེ། དང་པོ་འཇོག་དང་བར་དུ་རྒྱང་གཞས། མཇུག་ཏུ་འཁྲུག་གཞས་བཅས་ཡིན། འཇོག་ནི་རོལ་མོ་དཀྲོལ་མ་ལས་གཞས་དང་ཞབས་བྲོ་གཉིས་ཀ་མེད། དེ་ནི་གཞས་འགོ་འཛུགས་པའི་གདངས་དབྱངས་ཡིན། རྒྱང་གཞས་ཀྱི་གདངས་དབྱངས་ནི་ནང་མའི་སྙིང་བཅུད་ལྟ་བུ་ཞིག་ཡིན་པས་གཞས་གདངས་སྙན་ཞིང་བག་ཕེབས་པ། ཞབས་བྲོ་དངོས་དེ་ཙམ་མེད་པ་ལ་གར་མཁན་གྱིས་ལུས་ཀྱི་སྟངས་སྟབས་ཀྱི་སྒེག་ཉམས་དང་གུས་ལུགས་ཀྱི་རྣམ་པ་མཚོན་བྱེད་དུ་སྐབས་རེ་ཕྱག་འབུལ་དང་ཐལ་མོ་སྦྱར་བ་ལ་སོགས་ཀྱི་གུས་འབུལ་ཞུ་སྲོལ་ཡོད། འཁྲུག་གཞས་ནི་མཚམས་ཚིགས་ཀྱི་འགྱུར་ཁུགས་མྱུར་ལ་སྤྲོ་སྣང་འཕེལ་བ་ཞིག་ཡིན་པས་དེ་ནི་ནང་མའི་གཞས་ཀྱི་ཆེས་འཁྲུག་ཤོས་སུ་གྱུར་པའི་མཚམས་དེ་ཡིན། སྟོད་གཞས་དང་ནང་མ་གཉིས་ཕྱོགས་མང་པོའི་ཐད་ཕན་ཚུན་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པས། ནང་མའི་གཞས་ནང་གི་རྩ་བའི་སྟངས་སྟབས་མང་པོ་ཞིག་ཀྱང་སྟོད་གཞས་ལ་བལྟས་ནས་བྱུང་བ་དང་། ནང་མའི་གཞས་ཚིག་ཕལ་ཆེ་བ་དྲུག་ཚིག་ཡིན་པ་དང་ནང་དོན་ཡང་ཕུན་སུམ་ཚོགས་པོ་ཡོད་པས་གཏོང་བྱའི་རོལ་མོ་ནི་སྒྲ་སྙན་དང་། གླིང་བུ། ཡང་ཆིན། པི་ཝང་། ལིང་ཤང་། དལ་ཆེན། གན་ཆག་བཅས་ལས་རོལ་མོ་གཞན་སྤྱོད་སྲོལ་མེད། འབྲུག་མོས་ཞུ་དག་བྱས།
འཆམ།

༄༅། །འཆམ། ས་གོང་དབང་འདུས། བོད་མི་གནས་ཡུལ་གྱི་དགོན་པ་མང་པོ་ཞིག་ལ་འཆམ་རྒྱག་པའི་སྲོལ་ཞིག་ཡོད་ལ་དེར་རྒྱ་ཆེའི་མང་ཚོགས་ཚོས ་ཧ་ཅང་གི་དགའ་པོ་བྱེད་ཀྱི་ཡོད། འཆམ་རྒྱག་པའི་སྲོལ་དེ་དར་ནས་ལོ་ཡུན་རིང་པོ་སོང་ཡོད་ཚོད་འདུག ངག་དབང་ཐུབ་བསྟན་མཆོག་གིས་བྲིས་གནང་བའི་《གཙང་གི་གཟིགས་མོ་ཆེན་པོ་》ལས་གསལ་བར་གཞིགས་ན། བོད་ཀྱི་དགོན་སྡེ་ཁག་གི་གར་འཆམ་ནི་ཆོས་ལུགས་ཀྱི་བྱེད་སྒོ་གལ་ཆེན་ཞིག་ཡིན། དེའང་བོད་ཀྱི་བསྟན་པ་སྔ་དར་ཏེ། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་སོགས་ཀྱི་སྐབས་སུ་ཐོག་མར་རྣལ་འབྱོར་བ་རང་ཉིད་ཐ་མལ་བའི་རྟོག་པ་དང་བྲལ་ཏེ་ཡི་དམ་ལྷའི་ང་རྒྱལ་གྱི་ངང་ནས་ལག་ཏུ་མཚོན་ཆ་ལ་སོགས་པའི་ཕྱག་མཚན་སྣ་ཚོགས་བསྣམས་ནས་འཆམ་རྒྱག་པ་དེ་ནི་གསང་སྔགས་ཀྱི་ཆོས་ལུགས་ཁོ་ནར་བརྩིས་ནས་མི་གཞན་གྱིས་རྩ་བ་ནས་ལྟ་མི་ཆོག་པའི་གསང་བ་ཅན་ཞིག་རེད། དེའི་རྗེས་རིམ་བཞིན་དམངས་ཁྲོད་ཀྱི་ཟློས་གར་དུ་གྱུར་པ་ནི་ལོ་དགུ་བརྒྱ་ཙམ་གྱི་སྔོན་དུ་ཨ་ལྕེ་སྣང་སའི་རྣམ་ཐར་གྱི་ཐོག་ནས་རྒྱལ་རྩེ་གནས་རྙིང་དགོན་པའི་འཆམ་གཟིགས་ལྟད་མོ་ནི་སེར་སྐྱ་མི་སྣ་སུ་འདྲ་ཞིག་གིས་ཀྱང་བལྟས་ཆོག་པའི་གར་འཆམ་ཞིག་ཡིན་པ་ར་འཕྲོད་གསལ་པོ་ཐུབ་ཀྱི་ཡོད། གར་འཆམ་གྱི་གཙོ་བོའི་ནང་དོན་ནི་རྣལ་འབྱོར་བའི་མཛད་པ་ཁག་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པ་དང་ཆོས་ལུགས་གྲུབ་མཐའ་ཁག་སོ་སོའི་ངོ་བོ་དང་ཁྱད་ཆོས་ལ་གཞིགས་ཏེ་སངས་རྒྱས་བྱང་སེམས་དང་ཞི་དྲག་མཁའ་འགྲོ་ཡིད་དམ་དངོས་སུ་བྱོན་པའི་ཚུལ་སྟོན་ནས་མི་ཚོར་བསོད་ནམས་ཀྱི་བྱིན་རླབས་གནང་བ་ཞིག་ཡིན།
ཟློས་གར་གྱི་བྱུང་འཕེལ་བརྗོད་པ།

༄༅། །ཟློས་གར་གྱི་བྱུང་འཕེལ་བརྗོད་པ། བོད་ཀྱི་རིག་གནས་ཆུང་བ་ལྔའི་ཡ་གྱལ་དུ་བགྲངས་པའི་ཟློས་གར་རིག་པ་ནི། འཇིག་རྟེན་ཐོག་དར་སྔ་བའི་རིག་པའི་གནས་སམ་རིག་གཞུང་ཞིག་ཡིན་ལ། གནའ་བོའི་རྒྱ་གར་དུའང་ཟློས་གར་དར་ཧ་ཅང་སྔ་ཞིང་། ངག་རྒྱུན་ལྟར་ན། ཐོག་མར་ལྷའི་ཡུལ་དུ་ཟློས་གར་དར་བ་ལ་ལྷ་རྣམས་ཀྱིས་ཚངས་པ་ཆེན་པོར་རྫོགས་ལྡན་གྱི་བསྐལ་པ་རྫོགས་རྐྱེན་སྐྱེ་བོ་དཔག་ཏུ་མེད་པ་སྡུག་བསྔལ་གྱིས་མནར་བས། དེ་རྣམས་ཀྱི་ཡིད་སུན་པ་སེལ་བ་དང་། སྤྲོ་བ་རྒྱས་པའི་ཐབས་ཟབ་མོ་ཞིག་བསྟན་དུ་གསོལ་ཞུས་པ་ལ། རིག་བྱེད་བཞི་ལས་སྲིད་སྲུང་གི་རིག་བྱེད་ནས་གཏམ་རྒྱུད་དང་། སྙན་ཚིག་གི་རིག་བྱེད་ནས་རྟ་དབྱངས། མཆོད་སྦྱིན་གྱི་རིག་བྱེད་ནས་ལུས་ཀྱི་རྣམ་འགྱུར་བྱེད་སྟངས་དང་གར་གྱི་རོལ་སྟངས། ངེས་བརྗོད་ཀྱི་རིག་བྱེད་ནས་རོའམ་ཉམས་བཅས་བླངས་ཏེ་ཟློས་གར་གྱི་རིག་བྱེད་ཅེས་པ་གསར་དུ་གཏོད་པར་མཛད་ཅེས་པའོ། །གང་ལྟར་ལྷའི་ཡུལ་དུ་ཟློས་གར་གྱི་རིག་བྱེད་ཅེས་པ་ཞིག་བྱུང་ཡོད་ཀྱང་རུང་མེད་ཀྱང་རུང་སྟེ། དོན་དུ་ཟློས་གར་གྱི་རིག་གཞུང་འདི་འཇིག་རྟེན་ཐོག་ཧ་ཅང་སྔ་དུས་སུ་དར་ཡོད་པ་ལ་ཡིད་གཉིས་ཐེ་ཚོམ་གང་ཡང་མེད། དེ་ཡང་བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོའི་སྐབས་ནས་བོན་སྒྲུང་ལྡེའུ་གསུམ་བྱུང་། དུས་རབས་བདུན་པའི་ནང་དུ་ཆོས་རྒྱལ་སྲོང་བཙན་སྒམ་པོས་བློན་ཆེན་ཐོན་མི་སམ་བྷོ་ཊ་རྒྱ་གར་ཡུལ་དུ་སཾ་སྐྲི་ཏའི་སྒྲ་སློབ་པར་བརྫངས་པ་ལྟར་ཁོང་གིས་ཀྱང་དཀའ་ངལ་ཁྱད་དུ་བསད་དེ་ཕྱི་རོལ་པའི་སློབ་དཔོན་བྲམ་ཟེ་ལི་བྱིན་ཀ་ར་དང་། ནང་པའི་སློབ་དཔོན་ལྷ་རིག་པའི་སེང་གེ་སོགས་ཚད་ལྡན་གྱི་སློབ་དཔོན་མང་དུ་བསྟེན་ནས་ཡིག་རིགས་སྣ་ཚོགས་པ་ཐུགས་སུ་ཆུད་པར་མཛད་དེ་གངས་ཅན་བོད་ཡུལ་དུ་ཕྱིར་ལོག་ཕེབས། ཡི་གེ་དག་ལས་ལེགས་ཆ་བླངས་ཏེ་བོད་ཀྱི་སྐད་དང་མཐུན་པའི་ཡི་གེ་གསར་གཏོད་མཛད་པ་དང་། ཡིག་རིགས་དེ་དག་ལ་བརྟེན་ནས་སྐ་ཅོག་ཞང་གསུམ་སོགས་ལོ་ཙཱ་བ་རྣམས་ཀྱིས་སཾ་སྐྲི་ཏའི་སྐད་ནས་བཀའ་དང་བསྟན་བཅོས་མཐའ་ཡས་ན་ཞིག་བོད་སྐད་དུ་བསྒྱུར་པ་ལས་ཟློས་གར་ཞེས་པའི་ཐ་སྙད་འདི་ཐོག་མར་བོད་ལ་དར། བོད་རང་ལ་མཚོན་ན་ཁྲི་སྲོང་ལྡེའུ་བཙན་སྐབས་བསམ་ཡས་བཞེངས་གྲུབ་ཀྱི་དགའ་སྟོན་དུ། གར་འཆམ་འབག་འཆམ་སོགས་ཤིན་ཏུ་དར་བའི་ལོ་རྒྱུས་ཡོད་ནའང་། ཟློས་གར་གྱི་གཞུང་དང་དེའི་འཁྲབ་རྩལ་སྐོར་གྱི་ལོ་རྒྱུས་ཡིག་རིགས་ནི་ད་ཕན་མ་མཐོང་། དུས་རབས་བཅུ་གཉིས་པའི་ནང་དུ་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་མཆོག་གིས་[སྙན་ངག་མེ་ལོང་མའི་]རྒྱན་དུ་མ་ཞིག་[མཁས་འཇུག]ནང་དུ་བསྒྱུར་པར་མཛད་ནས་དེ་དག་གི་རྣམ་བཤད་ཀྱང་མཛད། དེ་བཞིན་[ཟློས་གར་རབ་དགའི་འཇུག་པ] གསར་རྩོམ་གནང་བ་དེ་ནི་གངས་ཅན་བོད་ཀྱི་མཁས་པས་བརྩམས་པའི་ཟློས་གར་གྱི་བསྟན་བཅོས་ཐོག་མ་ཡིན་པར་ངེས་ཞེས་ཞོལ་པང་བསོད་ནམས་དར་རྒྱས་མཆོག་གི་[གླུ་གར་ཚངས་པའི་ཆབ་རྒྱུས]དུ་གསུངས། སྤྱིར་ཟློས་གར་ལ་ཉན་བྱའི་ཟློས་གར་དང་བལྟ་བྱའི་ཟློས་གར་གཉིས་ཡོད་པ་ལས། ༡.ཉན་བྱའི་ཟློས་གར་ཞེས་པ་དེ་ཐོག་མར་ཡུལ་ཕྱོགས་སོ་སོར་གཏན་རྒྱུད་ཀྱི་ཟློས་གར་དར་ཡོང་བའི་སྐབས་སུ་འཕྲལ་དུ་ཟློས་གར་འཁྲབ་སྟོན་བྱེད་པ་སོགས་མེད་པ་དཔེར་ན། ཕྱི་རྒྱལ་ཁག་གི་གཏན་རྒྱུད་གང་ནང་འདྲེན་བྱས་པའམ་ཡང་ན་ནང་ཁུལ་རང་ཉིད་ཀྱིས་བརྩམས་པ་གང་ཞིག་ཡིན་རུང་། ཐོག་མར་མི་གཅིག་གིས་སྒྲུང་བཤད་པ་ལྟར་བྱས་ཏེ་མི་མང་པོས་སྒྲུང་ལ་ཉན་པ་དེ་ལ་ཟེར། རང་རེ་བོད་ལ་ཆ་མཚོན་ན་གོང་དུ་ལུས་པའི་རྒྱ་དཔེ་བོད་འགྱུར་གྱི་གཏམ་རྒྱུས་ཟློས་གར་དེ་དག་ཙམ་མ་ཟད། གཙོ་བོ་[མཛད་བརྒྱ་དཔག་བསམ་འཁྲི་ཤིང་]ལ་སོགས་པ་སངས་རྒྱས་ཀྱི་རྣམ་ཐར་དག་ཡིན་ནོ། །དེ་བཞིན་ཐང་སྟོང་རྒྱལ་པོའི་གོང་དུ་གངས་ཅན་ལྗོངས་སུ་གཏམ་རྒྱུད་གསར་རྩོམ་དང་། དམངས་ཁྲོད་དུའང་སྒྲུང་གཏམ་མང་པོ་ཡོད་ཀྱང་དེ་དག་དཔེ་ཆ་དང་ཡང་ན་ངག་རྒྱུན་ལས་བཤད་པའམ། ཡང་ན་ཐང་ག་དང་ལྡེབས་རིས་སུ་འབྲི་བ་ལས་ཟློས་གར་དུ་འཁྲབ་པ་ནི་མེད། སྔར་དབུས་གཙང་ཡུལ་གྱི་རྒྱལ་རྩེ་རྫོང་དང་།རིན་སྤུངས་ཁོངས་ཀྱི་དགོན་སྡེ་རྣམས་ལ་བླ་མ་མ་ཎི་བ་ཞེས་རྒྱབ་ཏུ་ཐང་ག་ཁུར་ནས་བོད་ཟླ་བཞི་བའི་ནང་ལྷ་སར་ཡོང་མཁན་སྐོར་ཞིག་ཡོད་པར། ཁོ་ཚོས་བར་སྐོར་ཕྱི་ནང་དང་། གླིང་སྐར་ལམ་རྒྱུད། ཁྱིམ་ཚང་སོ་སོའི་སྒོ་འགྲམ་སོགས་ལ་ཐང་ག་བཀྲམ་ནས་གཏམ་རྒྱུད་ཀྱི་ཟློས་གར་ཤོད་ཀྱི་ཡོད་ཟེར། དེ་བས་ཐང་སྟོང་རྒྱལ་པོས་ཨ་ལྕེ་ལྷ་མོ་ཞེས་པ་གསར་གཏོད་མ་གནང་གོང་ཐང་ག་ནས་ཉན་བྱའི་གཏམ་རྒྱུད་ཟློས་གར་དར་བ་ཙམ་མ་གཏོགས་འཁྲབ་བྱའི་གཏམ་རྒྱུད་ཟློས་གར་མེད།…