བསམ་ཡས་ནས་གསར་རྙེད་རྣམ་སྣང་རྡོ་སྐུའི་སྐོར་ཟིན་བྲིས།
མཁས་དབང་ར་སེ་དཀོན་རྒྱམ།
ཉེ་དུས་སུ་༢༠༢༡ལོར་དཔལ་བསམ་ཡས་མི་འགྱུར་ལྷུན་གྱི་གྲུབ་པའི་གཙུག་ལག་ཁང་གི་གླིང་ཕྲན། མི་གཡོ་བསམ་གཏན་གླིང་གི་ཉེ་འགྲམ་དུ་བསྐོར་ལམ་བཟོ་བཅོས་སྐབས་གསར་དུ་རྙེད་པའི་འབྲོ་བཟའ་ཁྲི་མོ་ལེགས་ཀྱིས་ལྷ་བཙན་པོ་དགུང་དུ་གཤེགས་པར་སྐུ་ཡོན་ལ་བཞེངས་པའི་རྣམ་པར་སྣང་མཛད་ཀྱི་རྡོ་བརྐོས་སྐུ་བརྙན་ཆག་དུམ་དང་བསྔོ་བྱང་སོགས་ལ་དཔྱད་པའི་桑耶寺桑丹林大日如来石刻圆雕造像的发现及意义རྩོམ་ཡིག་དང་།
སྐུ་པར་བཅས་དྲྭ་ལམ་དུ་མཇལ་བའི་སྐལ་བ་བཟང་པོ་བྱུང་བས། རྩོམ་པ་པོ་གང་ལ་བཅོས་མིན་གྱི་བཀའ་དྲིན་ཆེ་ཞུ་བ་ཡིན་ལ།དྲྭ་ལམ་དུ་མཁས་པ་འགའ་ཡིས་མཚམས་སྦྱོར་དུ་འབྲོ་བཟའ་ཁྲི་མ་ལོད་ཀྱིས་བཞེངས་པའི་རྣམ་པར་སྣང་མཛད་ཀྱི་སྐུ་ཞེས་བཀོད་པའང་མཇལ་བྱུང་བས་ཡ་མཚན་ཡང་ཅུང་ཟད་བྱུང་།
རྡོ་བརྐོས་སྐུ་བརྙན་དེའི་བཞུགས་ཁྲིའི་ངོས་ལ་ཞལ་བྱང་བཀོད་ཡོད་འདུག་པ་ལ། ད་ལྟ་ཡང་ཆ་ཤས་ཡིག་ཕྲེང་གཉིས་བཞུགས་པ་ནི། སྲོང་ལྡེ་བརྩན་གྱི་སྐུ་རིང་ལ།།གོར་མ་ལ་རྣམ་པར་སྣང་་་་་་་་་་་་་་་སྲོང་བརྩན་གུང་དུ་གཤེགས་པའྀ་སྐུ་ཡོན་དུ།།ཇོ་མོ་ཁྲི་མོ་ལེགས་ཀྱྀས་་་་་་་་་་་་་་ཞེས་འཁོད་འདུག་གོ།
ངོ་མཚར་ཅན་གྱི་སྐུ་འདི་ཉིད་ཀྱི་ཁུངས་གང་ཡིན་བཙལ་བ་ན། དེ་ནི་རྡོ་སྐུའི་ཞལ་བྱང་རང་ལ་བརྟེན་རྒྱུ་ལས་མ་འདས་པར་མངོན་ཡོད། ཕྱོགས་གཞན་ནས་བསམ་གཞིགས་བྱས་ན་བསམ་ཡས་ཀྱི་དཀར་ཆག་ཏུ་གྲགས་པའི་སྦ་བཞེད་ལས། བསམ་གཏན་གླིང་ན་རྣམ་པར་སྣང་མཛད་ཡབ་རྒྱལ་པོའི་ཐུགས་དམ་གཉན་པོ་བྱིན་རླབས་ཅན་རིགས་ལྔ། འཁོར་ཉན་ཐོས་ཆེན་པོ་བཅུ་དྲུག་དང་བཅས་པ། ཞེས་གསལ་བ་དང་། ཀ་ཐོག་སི་ཏུའི་དབུས་གཙང་གནས་ཡིག་ལས་བསམ་ཡས་སྐབས། ནུབ་སྨད་མི་གཡོ་བསམ་གཏན་གླིང་དུ། རྣམ་སྣང་རྡོ་སྐུ་མི་ཚད་དབུ་རྒྱན་གསེར་ཟངས། རིགས་བཞི། སེམས་དཔའ་བཞི། སེམས་མ་བཞི། ཁྲོ་བོ་གཉིས་བཅས། ཞེས་གསལ་བས་ན། སྔ་མར་སྐུ་རྒྱུ་གང་ཡིན་མ་གསལ་ན་ཡང་། ཕྱི་མར་རྡོ་སྐུ་ཞེས་ཁ་གསལ་བར་བཀོད་ཡོད་པས། ཁ་ཅིག་གིས་གསར་རྙེད་འདི་དང་དོན་གཅིག་གོ་སྙམ་ན། དེ་ནི་ཡོངས་སུ་ནོར་བ་ཡིན་པར་ཤེས་དགོས།
ད་ལྟ་གསར་རྙེད་རྡོ་སྐུ་འདི་ཉིད་ས་ཆ་དེ་ནས་རྙེད་པའི་དབང་གིས་ཐོག་མར་མི་གཡོ་བསམ་གཏན་གྱི་དཀར་ཆག་ལ་བལྟ་དགོས་པ་ཡིན་མོད། གོང་གསལ་དཀར་ཆག་ན་བཀོད་པའི་རྣམ་པར་སྣང་མཛད་དང་ཡོངས་སུ་ཐ་དད་ཡིན་པ་ཐེ་ཚོམ་མེད་དེ། དཀར་ཆག་ནང་གསལ་ནི་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་རིང་ལ་ཐུགས་དམ་གྱི་རྟེན་དུ་བཞེངས་པ་ཅིག་ཡིན་པ་དང་། གསར་རྙེད་འདི་ནི་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྲས་བཙན་པོ་ཁྲི་ལྡེ་སྲོང་བཙན་སྐུ་གཤེགས་རྗེས་བཙུན་མོས་དགེ་རྩར་དམིགས་ནས་བཞེངས་པ་ཅིག་ཡིན་པས། ཡོངས་སུ་ཐ་དད་ཡིན་པར་གསལ་པོར་མངོན་ཡོད་པའི་ཕྱིར་རོ།
རྡོ་སྐུའི་ཞལ་བྱང་རང་ལ་དགོངས་པ་བཞེས་ན། ལྷ་བཙན་པོ་ཁྲི་སྲོང་ལྡེ་བརྩན་གྱི་སྐུ་རིང་ལ། གོར་མ་ལ་རྣམ་པར་སྣང་མཛད་ཀྱི་སྐུ་བརྙན་བགྱིས་པ་ལ་དཔེ་བགྱིས་ཏེ། ལྷ་བཙན་པོ་ཁྲི་ལྡེ་སྲོང་བརྩན་གུང་དུ་གཤེགས་པའི་སྐུ་ཡོན་དུ།།ཇོ་མོ་ཁྲི་མོ་ལེགས་ཀྱིས་ཡོན་བདག་བྱས་ཏེ་བཟོ་བོས་བཞེངས་པའོ།།ཞེས་བཀོད་ཡོད་པ་ཆ་འཇོག་བྱ་བར་འོས་ཏེ། བཙན་པོ་ཁྲི་སྲོང་གི་སྐུ་རིང་ལ་གོར་མར་བརྐོས་པའི་རྣམ་སྣང་དེ་ནི་མི་གཡོ་བསམ་གཏན་གླིང་ན་བཞུགས་པའི་རྟེན་གཙོ་སྟེ། ཀ་ཐོག་པའི་གནས་ཡིག་ན་གསལ་བའི་རྡོ་སྐུ་དེ་ཉིད་ཡིན་པར་ཤེས་དགོས། གཞན་དུ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་རིང་ལ། གོར་མ་ལ་རྣམ་སྣང་བརྐོས་པ་དེ་བཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་དགེ་རྩར་ཇོ་མོས་བཞེངས་ཏེ། མི་གཡོ་བསམ་གཏན་གླིང་གི་རྟེན་གཙོར་བཞུགས་སུ་གསོལ་བ་ཡིན་པར་འདོད་ན། ཡབ་བཙན་པོ་ཁྲི་སྲོང་ལྡེ་བཙན་ཞལ་བཞུགས་སྐབས་སྲས་བཙན་པོ་ཁྲི་ལྡེ་སྲོང་བཙན་སྐུ་གཤེགས་པར་ཁས་ལེན་དགོས་པར་ཐལ་ཡོད་དོ།།
ཇོ་མོ་ཁྲི་མོ་ལེགས་ནི་བཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་བཙུན་མོ་ཡིན་པས། ཆོས་བྱུང་མཁས་དགར་བཞུགས་པའི་བཀའ་གཙིགས་ན།ཇོ་མོ་འབྲོ་བཟའ་ཁྲི་མོ་ལེགས། ཞེས་གསལ་བར་འཁོད་ཡོད་ལ།ཁོང་གིས་བཙན་པོ་ཕྱི་ལོ་༨༡༥ལོར་སྐུ་གཤེགས་རྗེས་ཡོན་སྦྱར་ནས་བཞེངས་ཏེ། མི་གཡོ་བསམ་གཏན་གླིང་དུ་བཞུགས་སུ་གསོལ་བ་ཅིག་ཡིན་པ་གསལ་པོར་མངོན་ཡོད།་འདིར་རྡོ་ལ་བརྐོས་ཀྱི་མི་སྣའི་མིང་ཡོད་ས་གཏོར་སྐྱོན་འཕོགས་པས་མི་གསལ་མོད། གལ་ཏེ་ཡོད་ན་སྐབས་དེའི་སྐུ་དང་མཆོད་རྟེན་ཁག་གི་བརྐོ་བ་པོ་གང་ཡིན་རྟོགས་ནུས་ལ། ཡང་ན་ཁམས་ཀྱི་འུར་རྔུ་བྱམས་ཆེན་གྱི་རྡོ་སྐུ་བརྐོ་མཁན་དང་གཅིག་པ་ཡིན་ཡང་སྲིད་དོ། ། བསམ་ཡས་གཙུག་ལག་ཁང་དར་རྒུད་ཀྱི་ལོ་ཟླའི་བགྲོད་པའི་ནང་ཆེར་མི་མངོན་པར་གྱུར་ཏེ་གབ་པར་བཞུགས་པའི་རྡོ་སྐུ་འདི་ཡིས་བཙན་པོའི་དུས་ཀྱི་རྡོ་བརྐོས་ལག་རྩལ་དང་། ལྷག་པར་དུ་བཙན་པོའི་དུས་ཀྱི་བསམ་ཡས་ཀྱི་སྐུ་རྟེན་རྣམས་ཀྱི་བཟོ་དབྱིབས་རྣམ་པ་ཅི་འདྲ་ཡིན་པའི་ངང་ཚུལ་དུས་རབས་ཉེར་གཅིག་པའི་མི་ལ་ངོ་སྤྲོད་ཁ་གསལ་ལ་ཁུངས་དག་པ་ཅིག་གནང་ཡོད་དོ།།།༢༠༢༤/༡༢/༢༡
སྐུ་འདི་འབྲོ་བཟའ་ཁྲི་མ་ལོད་ཀྱིས་བཞེངས་པ་མ་ཡིན་པར། འབྲོ་བཟའ་ཁྲི་རྒྱལ་མོ་བཙན་ནམ་བྱང་ཆུབ་སྨན་གྱིས་བཞེངས་པ་ཡིན་ལས་ཆེ་བར་འདུག
ཇོ་མོ་ཞེས་པར་དཔགས་ན་ཁྲི་རྒྱལ་མོ་བཙུན་མིན་ནམ་སྙམ་མོད། ཁྲི་མོ་ལགས་ཀྱྀ། ཞེས་པ་ལྟར་ན་ཁྲི་མ་ལེགས་མིན་ནམ་སྙམ་པ་ཞིག་ཀྱང་མཆིས།