རིག་གཞུང་ཞིབ་འཇུག་བརྒྱུད་ནས་བོད་ཀྱི་ཤེས་རིག་ལ་དཔྱད་པ།

རིག་གཞུང་ཞིབ་འཇུག་བརྒྱུད་ནས་བོད་ཀྱི་ཤེས་རིག་ལ་དཔྱད་པ།

༄༅། །རིག་གཞུང་ཞིབ་འཇུག་བརྒྱུད་ནས་བོད་ཀྱི་ཤེས་རིག་ལ་དཔྱད་པ།

 

༼ནོར་བྲང་ཨོ་རྒྱན་ལགས་(༡༩༣༣-༢༠༢༤) ལ་བཅར་འདྲི་ཞུས་པ།༽

 

བཅར་འདྲི་བ། ༢༠༡༥ ལོའི་ཀྲུང་ཧྭ་གཏེར་མཛོད་བོད་ཡིག་གླེགས་བམ་སྐོར་གྱི་དཔྱད་གླེང་གྲོས་ཚོགས་ཐོག་དགེ་རྒན་ལགས་དང་ཞལ་མཇལ་བྱུང་བས་དགའ་བ་འབུམ་གྱིས་བརྟས་ཀྱང་། དུས་ཚོད་ཀྱི་དབང་གིས་དགེ་རྒན་ལགས་ལ་ཞེ་ལྷོད་ལྷོད་ཀྱིས་བཀའ་འདྲི་ཞུ་མ་ཐུབ། སྟབས་ལེགས་པ་ཞིག་ལ་ང་རང་ཡོད་སའི་ཞིབ་འཇུག་ལས་ཁུངས་ནས་བོད་ཀྱི་རྡེལ་རྩིས་སྐོར་གྱི་ཡིག་ཆ་དག་སྒྲིག་དང་ཞིབ་འཇུག་བགྱི་བའི་ལས་གཞིའི་འགན་ངའི་ཕྲག་སྟེང་དུ་བཞག་པས།

འདིའི་སྔོན་དུ་ཐེངས་གང་མང་ལ་ཡིག་ཆའི་བརྩད་འཚོལ་དང་། དག་སྒྲིག མཆན་འགྲེལ་དང་ཞིབ་འཇུག་སོགས་ཀྱི་སྐོར་ནས་བཀའ་འདྲི་མི་ཉུང་བར་ཞུས་པ་ལ་དགོངས་འགལ་མེད་པར་མཁྱེན། ངེད་ཀྱི་ལས་ཀ་དེ་ད་ལྟ་ཡོངས་སུ་ཚེགས་བྱན་ཆུབ་པར་བཟོས་ཚར། ༢༠༡༧ ལོར་དཔེ་སྐྲུན་བྱ་རྩིས་ཡོད། དེབ་འདིའི་གྲུབ་འབྲས་ལ་མཚོན་ན་རྒན་ལགས་དང་ཁ་བྲལ་ཐབས་མེད། ཡང་བསྐྱར་ལག་ཟུང་སྙིང་ཁར་སྦྱར་ཏེ་ཐུགས་རྗེ་ཆེ་ཞུ་བ་ཡིན། དགེ་རྒན་ལགས་ནི་ཀྲུང་གོའི་རྒྱལ་ནང་གི་བོད་རིག་པ་མཁས་ཅན་རྒན་གྲས་ཡིན་པའི་ཆ་ནས། ཀྲུང་གོའི་བོད་རིག་པའི་འཕེལ་རྒྱས་དང་རིག་ཚན་གྱི་འགྱུར་ལྡོག་སོགས་ཕྱོགས་གང་ཐད་ནས་བདེན་དཔང་བྱེད་མི་ལྟ་བུ་གྱུར་ཡོད། ཐོག་མར་ཁྱེད་ཀྱི་མི་ཚེ་ལོ་རྒྱུས་སྐོར་ནས་མཚམས་སྦྱོར་ཞིབ་ཚགས་ཤིག་བྱ་རོགས་གནང་ཞུ།

ནོར་བྲང་ཨོ་རྒྱན། ངའི་མིང་ལ་ནོར་བྲང་ཨོ་རྒྱན་ཟེར་ཞིང༌། བོད་རང་སྐྱོང་ལྗོངས་གཞིས་རྩེ་གྲོང་ཁྱེར་གཞིས་རྩེ་ཆུས་ཁོངས་ཀྱི་གདོང་དཀར་ཤང་ཟངས་ལུང་ཟེར་བའི་ཁྱིམ་ཚང་དཀྱུས་མ་ཞིག་ཏུ་སྐྱེས་པ་ཡིན། ཟངས་ལུང་ཟེར་བ་ནི་སྔོན་དུས་ཀྱི་ལོ་རྒྱུས་ནང་ཁྲལ་པ་རྙིང་ཁུངས་ཀྱི་རིགས་ཡིན་ཞིང་། ལྕགས་སྟག་ཞིབ་གཞུང་སོགས་སུ་དེའི་སྐོར་ནས་མང་པོ་ཐོན་ཡོང་གི་འདུག ངེད་ཚང་གི་ཁྱིམ་ཚང་འདིའི་རྒྱུད་ལ་སྔོན་སོང་གྲགས་ཅན་གྱི་མི་སྣ་མང་པོ་འཁྲུངས་མྱོང་ཡོད། ང་རང་གི་ཤེས་གསལ་ལྟར་ན་ངའི་ཨ་ཁུ་ནོར་བུ་བྲང་ཁང་ཝང་བློ་རྒྱན་ཟེར་བ་དང་། གཞན་ཞིག་ནི་པཎ་ཆེན་སྐུ་ཕྲེང་དགུ་པའི་ནང་ལ་ཁྱད་དུ་འཕགས་པའི་སོག་པོའི་བླ་མ་ཞིག་ཕེབས་པ་དེའི་རྡོ་རྗེ་སློབ་དཔོན་ཡུན་རིང་གནང་བའི་དགེ་བཤེས་ཤིག་ཡོད། རྗེས་སུ་དགོངས་པ་ཞུས་ནས་ང་ཚོའི་ནོར་བུ་བྲང་ཁང་རང་དུ་གདོང་དགའ་སྟེང་རྒྱས་དགོན་ཟེར་བའི་དགོན་པ་ཞིག་ཡོད་པ་དེའི་དགོན་བདག་བྱས་ནས་བཞུགས་པ་རེད། དགོན་པ་རང་ལ་དགེ་འདུན་བཅུ་དྲུག་ཙམ་ཡོད། ཁྱིམ་ཚང་གི་ལོ་རྒྱུས་ངོས་ནས་བཤད་ན་སྐད་གྲགས་ཆེན་པོ་དེ་འདྲ་རེད།

ངའི་ངོས་བཤད་པ་ཡིན་ན། ང་ནི་༡༩༣༣ ལོར་ཡབ་དགྲ་ལྷ་དང་ཡུམ་སྤེན་པ་སྒྲོལ་མ་གཉིས་ཀྱི་བུར་སྐྱེས་པ་ཡིན། ངེད་ཀྱི་ཁྱིམ་ཚང་སྤྱིར་བཏང་གི་སྐྱ་བོ་དང་མི་འདྲ་བར་ཤག་གཙང་གི་གྲྭ་བ་ཡིན་པས་རང་ལོ་བདུན་གྱི་སྟེང་བཀྲ་ཤིས་ལྷུན་པོ་དགོན་པའི་གྲྭ་ས་འགྲིམས་པ་དང་། དགེ་ཕྲུག་བྱས་ནས་དཔེ་ཀློག་གི་གོམ་པ་དང་པོ་དུས་དེ་ནས་བཙུགས།

བཀྲ་ཤིས་ལྷུན་པོ་[1]རུ་ཐོས་བསམ་གླིང་དང་། དཀྱིལ་ཁང༌། ཤར་རྩེ། རྒྱུད་པ་དང་བཅས་པའི་གྲྭ་ཚང་བཞི་ཡོད་པའི་ཡ་གྱལ་དཀྱིལ་ཁང་[2]གྲྭ་ཚང་མདངས་ཅན་མི་ཚན་གྱི་སྒྲིག་ལ་ཞུགས་པའི་ཆོས་མིང་ལ་བློ་བཟང་དབྱིན་གཉེན་གསོལ། ཡིན་ནའང་ང་ནི་ཁྱིམ་ཚང་ཆེན་པོ་ཞིག་གི་ཡིན་པས་གྲྭ་པ་དཀྱུས་མ་ཞིག་གིས་འོས་པར་མེད་པས་ནོར་བུ་བྲང་ཁང་རང་གི་བོད་ཡིག་གི་སློབ་གྲྭར་ཞུགས། ནོར་བུ་བྲང་ཁང་གི་བོད་ཡིག་སློབ་གྲྭ་ནི་གཞིས་རྩེ་ས་ཆར་སྐད་གྲགས་ཆེ་ཤོས་དེ་ཡིན། སྔོན་ཆད་སློབ་གྲྭ་དེ་ནས་བླ་མ་བསོད་ནམས་དང་བདེ་བཞིན་ལྷུན་པོ་སོགས་ཁ་སང་དེ་རིང་ཡང་མང་པོ་ཞིག་གིས་མཁྱེན་པ་དེ་འདྲ་མཐར་ཕྱིན་པ་རེད། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་འཕྲིན་ལས་དབང་རྒྱལ་ཟེར་བ་ཡང་སློབ་གྲྭ་དེ་རུ་ངེད་གཉིས་སློབ་གྲོགས་བྱས་ནས་མཐར་ཕྱིན་པ་རེད། དེ་དུས་ཀྱི་སློབ་གྲྭ་དང་ད་ལྟའི་སློབ་གྲྭ་གཉིས་ཅུང་མི་འདྲ། སྔོན་ཆད་ཀྱི་སློབ་གྲྭ་རུ་ཡིག་གཟུགས་སྦྱངས་བ་དེ་གཙོ་བོར་འཛིན་པ་ཡིན། ནོར་བུ་བྲང་ཁང་ལ་མཚོན་ན་ཡིག་གཟུགས་སྦྱོང་བ་དང་། ལྷག་པར་དུ་རྡེའུ་གཏོང་བ་གཉིས་གཙོ་བོ་ཡིན་པ་ལས། སུམ་རྟགས་དག་གསུམ་མང་པོ་ཁྲིད་ཀྱིན་མེད་པ་རེད། སློབ་གྲྭ་ཞུགས་དུས་ཀྱང་ད་ལྟ་ནང་བཞིན་སློབ་ཡོན་སྤྲོད་དགོས་མེད་པར། དགེ་རྒན་ལ་སྐྱབས་རྟེན་དུ་ཁ་བཏགས་ཤིག་དབུལ་བས་ཆོག

སློབ་གྲྭ་དེར་སློབ་མ་བདུན་ཅུ་བརྒྱད་ཅུ་ལྷག་ཡོད། དེ་ལྟར་སློབ་གྲྭ་དེར་ཞུགས་ནས་བོད་ཡིག་དང་རྡེའུ་གཏོང་སྟངས་སྦྱངས་པ་ཡིན། རྡེའུ་གཏོང་སྟངས་ནི་སློབ་མ་ལོ་ཆུང་ཆུང་ནས་ཁྲིད་ཀི་རེད། དེའི་རྗེས་སུ་རང་ཉིད་ལོ་ཆུང་ཡིན་ཡང་སྤྱོད་པ་འཇམ་ལ་དཔེ་ཆ་བལྟ་རྒྱུར་དགའ་པོ་ཡོད་པས་དཀྱིལ་ཁང་རིན་པོ་ཆེའི་སྐུ་མདུན་ནས་ལྔ་པ་ཆེན་པོའི་སྙན་འགྲེལ་བཀའ་འདྲི་ཞུས་ནས་བཀའ་འདྲི་ཞུས་ནས་སློབ་ཚན་ཆ་ཚང་ཕྱིན་ཅིང༌། པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པའི་མཚན་ཞབས་པ་རྡོ་གདན་པ་དཀའ་ཆེན་ངག་དབང་ལགས་ཞུ་བ་དང་། དཀའ་ཆེན་བཟོད་པ་ལགས། དཀའ་ཆེན་པདྨ་ལགས་སོགས་མཁས་པའི་དབང་པོ་དུ་མར་བསྟེན་ནས་སུམ་རྟགས་དག་གསུམ་དང་སྙན་ངག་མེ་ལོང་མའི་གཞུང་ཁྲིད། མངོན་བརྗོད་བཅས་རྒྱས་པར་ཞུས། བཀྲ་ཤིས་ལྷུན་པོ་དགོན་པར་སྐད་གྲགས་ཡོད་པའི་མཁས་དབང་དག་ལ་བསྟེན་ནས་སུམ་རྟགས་དག་གསུམ་ལ་འབད་པས་སྦྱངས་པ་ཡིན་ཞིང༌། བོད་ཀྱི་ཐུན་མོང་རིག་གནས་དེ་ཉིད་དཔྱིས་ཕྱིན་པར་སྦྱངས་ནས་རིག་པའི་གཞུང་ལུགས་ཁྱོན་ཡོངས་ལ་གཞན་དྲིང་མི་འཇོག་པ་ཞིག་འོང་ཡང་། གཞུང་ཆེན་བཀའ་པོད་ལྔ་མ་སྦྱངས་ཚེ་བོད་ཀྱི་རིག་གནས་དཔྱིས་ཕྱིན་པ་ཞིག་ཤེས་མི་ཐུབ་པར་བསམས་ནས་དཀའ་ཆེན་ཚང་གི་སྐུ་དྲུང་དུ་གཞུང་ཆེན་བཀའ་པོད་ལྔ་སྦྱངས་པ་ཡིན། ཡུན་རིང་བོ་མ་འགོར་བར། ༡༩༥༥ ལོར་པཎ་ཆེན་རིན་པོ་ཆེ་ནས་ང་རང་བཀྲ་ཤིས་ལྷུན་པོ་དགོན་པོར་ཞབས་སྡོད་བྱེད་དགོས་པ་རེད་གསུངས་ནས། བདེ་ཆེན་ཕོ་བྲང་[3]གསར་བསྐྲུན་གྱི་ཨར་པོའི་སྤྱི་ཁྱབ་ཀྱི་དྲུང་ཡིག་ལ་བསྐོས་པས་བསྡུས་རྭ་ནས་གཞུང་ཆེན་མོར་སྦྱངས་པའི་གོ་སྐབས་དབེན་པར་གྱུར། ད་ལྟ་ཡིན་ནའང་ཐུན་མོང་རིག་གནས་ལ་ཏོག་ཙམ་ངེས་པ་ཆེ་རུང་གཞུང་ཆེན་མོར་སྦྱངས་སྟོབས་ཀྱི་ཡོན་ཏན་ཞན་པས་བློ་འགྱོད་ཆེན་པོ་འདུག འདི་ནི་ང་ཡི་འདས་སོང་བའི་དུས་ཚོད་ནང་གི་ལོ་རྒྱུས་རགས་མོ་ཞིག་ཡིན།

 

བཅར་འདྲི་བ། དགེ་རྒན་ལགས་བདེ་ཆེན་ཕོ་བྲང་གསར་བཞེངས་ཀྱི་ཨར་པོའི་སྤྱི་ཁྱབ་དྲུང་ཡིག་བྱེད་དུས་ད་དུང་དགེ་འདུན་པ་ཡིན་ནམ།

ནོར་བྲང་ཨོ་རྒྱན། དེ་དུས་གྲྭ་བ་ཡིན། བཀྲ་ཤིས་ལྷུན་པོའི་ཞབས་སྡོད་པ་ཟེར་བ་དེ་རེད། ལས་ཀ་གཙོ་བོ་ཡིན་ན་དྲུང་ཡིག་གི་ལས་ཀ་རྣམས་བསྒྲུབ་དགོས། དམངས་གཙོ་བཅོས་སྒྱུར་བྱས་རྗེས་སུ། སྐྱ་སར་བུད་པ་མ་གཏོགས། སྔོན་མ་གྲྭ་བ་རང་ཡིན། གླུ་ལེན་མི་ཤེས་བྲོ་ཡང་འཁྲབ་རྒྱུར་མི་དགའ་བར་སློབ་སྦྱོང་གཅིག་པུར་དགའ་བའི་གྲྭ་བ་བཙུན་པོ་བ་ཞིག་ཡིན། ལྷག་པར་དུ་ཆུང་དུས་སོ་སོ་རང་ཉིད་དགའ་བ་སྤྲོས་པའི་གོམས་གཤིས་ཀྱི་དབང་གིས་སྙན་ངག་ལ་མོས་པ་ཆེན་པོ་ཡོད། ས་ཆ་གང་དུ་སོང་ཡང་སྙན་ཚིག་ཅིག་དང་འབྲེལ་ནས་ཡོད་ལ། རང་གིས་བྲིས་པའི་སྙན་ངག་དེ་དག་ཀྱང་ཁ་གསལ་ལ་སྦྱོར་བདེ་བ་རྐྱང་རྐྱང་ཡིན། ཁ་སང་དེ་རིང་བལྟ་དུས་ཀྱང་དོན་སྙིང་ཡོད་པར་བསམ་ཡོད། དེའི་རྗེས༡༩༥༥ལོར་པཎ་ཆེན་རིན་པོ་ཆེའི་བཀས་དགོངས་གཞི་བཞག་སྟེང་ཞབས་སྡོད་བྱས་ཏེ། བདེ་ཆེན་ཕོ་བྲང་གསར་བཞེངས་ཀྱི་ཨར་པོ་སྤྱི་འདོམས་པའི་དྲུང་ཡིག་གི་ལས་ཀ་གཉེར་ནས་བསྡད་པ་ཡིན་ལ། ༡༩༥༨ལོར་པཎ་ཆེན་རིན་པོ་ཆེའི་བཀས་གནང་ནས་འཕྲུལ་འཁོར་སློབ་གྲྭའི་[4]སློབ་སྤྱི་གནང་བར་བཏང་བྱུང་། གཙོ་བོར་བོད་ཡིག་སློབ་ཁྲིད་ཀྱི་ལས་ཀ་དམིགས་སུ་འཛིན་རྒྱུ་བྱས་པ་རེད། དེ་དུས་ཀྱི་ངོས་ནས་བཤད་ན་འཕྲུལ་འཁོར་སྒྲིག་འཛུགས་ཤིན་ཏུ་བཙན་པས་དེར་བྱུང་རྒྱལ་དུ་འགྲོ་ཆོག་གི་མེད་པ་དང༌། དེ་དུས་ངའི་ཁྱིམ་གྱི་དོན་དག་ཙག་ཙིག་གི་རྐྱེན་པས་སློབ་སྤྱི་ལ་མི་མངགས་པའི་དགོངས་པ་ཞུས་ཀྱང༌། པཎ་ཆེན་རིན་པོ་ཆེ་ནས་ཆོག་མཆན་མ་གནང་ལ་ཁྱིམ་ཚང་གི་དོན་དག་ཚེགས་ཡང་དུ་གཏོང་བར་དམིགས་ནས་ངའི་ཁྱིམ་དུ་ཞལ་པར་ཞིག་ཀྱང་བཙུགས་ནས་སློབ་སྤྱིའི་ལས་གནས་ལ་ཡང་བསྐྱར་མངགས། ( དེ་དུས་བཀྲ་ཤིས་ལྷུན་པོ་དགོན་པར་ཞལ་པར་བཅུ་ཙམ་ལས་མེད་པ་རེད། )ངས་ཀྱང་རང་ནུས་ཅི་ལྕོགས་ཀྱིས་འཕྲུལ་འཁོར་སློབ་གྲྭའི་སློབ་སྤྱི་བྱས་ནས་བསྡད་པ་ཡིན། དེང་སང་བཤད་ན་སློབ་སྤྱི་ཟེར་བ་རེད། དེ་དུས་སྡོད་དཔོན་ཟེར། ༡༩༥༩ལོར་དམངས་གཙོ་བཅོས་བསྒྱུར་བྱས་པ་རེད་ལ་ང་ཡང་སྐྱ་སར་བབས་ཏེ་འཐབ་ཕྱོགས་གཅིག་གྱུར་པུའུ་ནས་ཀྲུའུ་རེན་ཁོངས་གཏོགས་ཀྱི་ལས་ཀར་མངགས་བྱུང༌། དེ་རུ་ལོ་ངོ་ཉི་ཤུ་ལྷག་གི་རིང་དུ་ལས་ཀ་བྱས་པ་ཡིན། དང་པོར་སྲིད་གཞུང་ནང་གི་དམངས་སྲིད་ཀྱི་ལས་ཀ་དང༌། དེ་ནས་གཞུང་སྒྲུབ་ཁང་གི་ལས་ཀ་བྱས་ནས་ལོ་ངོ་ཉི་ཤུ་ལྷག་གི་རིང་དུ་གཞིས་རྩེ་གྲོང་ཁྱེར་དུ་བསྡད་པ་ཡིན། ༡༩༨༡ལོར་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་ཡོན་ཀྲང་སྔོན་མ་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་ང་ལ་རིག་གནས་ཡོད་པར་གཟིགས་ནས། གདན་འདྲེན་བྱས་བྱུང་བས་ལྷ་ས་རུ་ལས་གནས་སྤོར་ཏེ། ༡༩༩༡ལོའི་བར་དུ་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་དུ་སྔ་ཕྱིར《བོད་ལྗོངས་ཞིབ་འཇུག》 གི་རྩོམ་སྒྲིག་པ་དང་། གནའ་དཔེ་དཔེ་སྐྲུན་ཁང་གི་ཧྲིག་ཀྲང་གཞོན་པ་བཅས་ཀྱི་འགན་འཁུར། ལས་ཞོར་དུས་གསེང་དང་བསྟུན་ཏེ་ཁྲོ་རུ་མཁན་ཆེན་ཚེ་རྣམ་རིན་པོ་ཆེའི་ཞབས་ལ་གཏུགས་ནས་དཀར་ནག་རྩིས་རིག་དང༌། སྒྲ་མཚམས་སྦྱོར་ལྔ་པ། སྡེབ་སྦྱོར་རིན་འབྱུང་བཅས་ཞུས་ནས་སྐར་རྩིས་ཀྱི་སྦྱངས་འབྲས་མཚོན་ཆེད་དུ་ཁྲོ་བོ་ཞེས་པ་འབྱུང་བ་བཞི་ལྡན་ཤིང་མོ་གླང་ལོའི་ལོ་ཐོ་ཟླ་གཞོན་སྣང་བ་ཞེས་པ་ལྔ་བསྡུས་ལ་བརྟེན་པའི་ཟླ་བཤད་དང་། དུས་གཟེར། ཟླ་འཛིན་ལ་སོགས་པ་ཆ་ཚང་བ་ཤོག་གྲངས༩༧ཡོད་པ་ཞིག་བརྩམས་པར་མཁན་ཆེན་མཆོག་ནས་ལེགས་སོའི་དབུགས་དབྱུང་ཐོབ་པ་དང་། ནཱ་ལེནྡྲའི་མཁན་ཆེན་ཚུལ་ཁྲིམས་རྒྱལ་མཚན་མཆོག་ནས་བཤེས་སྤྲིངས་སློབ་ཁྲིད་ཞུས།

༡༩༩༤ལོར་རང་ལོ་དྲུག་ཅུ་རེ་གཅིག་ཏུ་སླེབས་སྐབས་ལས་འཁྱུར་ངལ་གསོ་བྱས་ཤིང་། ༡༩༩༥ལོར་བོད་སྐད་ཡིག་མཛུབ་སྟོན་ཨུ་ཡོན་ལྷན་ཁང་དང་། བོད་ལྗོངས་སློབ་གྲྭ་ཆེན་མོ་མཉམ་སྦྲེལ་ནས་བོད་ཡིག་གློག་རྡུལ་འཕྲུལ་འཁོར་ནང་བོད་ཡིག་གྲུབ་གཞིའི་རྒྱལ་སྤྱིའི་ཚད་གཞི་ཅན་དུ་བསྒྱུར་རྒྱུའི་ཆེད་བོད་སྐད་ཡིག་མཛུབ་སྟོན་ཨུ་ཡོན་ལྷན་ཁང་གི་དབུ་འཛིན་རྒན་ཚེ་རིང་ཆོས་རྒྱལ་ལགས་དང་། བོད་ལྗོངས་སློབ་གྲྭ་ཆེན་མོའི་གློག་རྡུལ་གྱི་ཕྱག་ལས་གནང་མཁན་ཉི་མ་བཀྲ་ཤིས་ལགས་དང་མཉམ་དུ་ཨ་མེ་རི་ཀ་དང༌། ཧྥིན་ལན་རྒྱལ་ཁབ་ཁག་གཉིས་ལ་བསྐྱོད་དེ། བྱ་བ་དེའི་ནང་ཧུར་བརྩོན་གྱིས་ཞུགས་པར་བྱས་འབྲས་གཟེངས་སུ་ཐོན་པའི་བྱ་དགའ་ཡང་ཐོབ། ལས་འཁྱུར་ངལ་གསོ་བྱས་རྗེས་ཁ་ན་ཏ་རུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་གྲོས་ཚོགས་ལ་ཞུགས་པར་ཕྱིན་པ་ཡིན། མདོར་དྲིལ་ན། མི་ཚེ་གཅིག་ལ་བོད་ཀྱི་རིག་གནས་སྦྱངས་པ་ཡིན་ཞིང་། རིག་གནས་ཞིབ་འཇུག་གི་ལས་ཀ་ནན་གྱིས་སྐྱེལ་བ་ཡིན། ད་ལྟའང་བོད་ཀྱི་རིག་གནས་ལ་ཞིབ་འཇུག་བྱེད་བཞིན་ཡོད།

 

བཅར་འདྲི་བ། གོང་ནས་ཐེངས་གང་མང་ཞིག་ལ་དགེ་རྒན་ལགས་ཀྱིས་ནོར་བུ་བྲང་ཁང་སྐོར་གསུངས་བྱུང༌། ནོར་བུ་བྲང་ཁང་ནི་རྒན་ལགས་ལ་མཚོན་ན་འཚར་ལོངས་བྱུང་བར་དོན་སྙིང་གལ་ཆེན་ཡོད་པའི་ཆ་ནས་དེའི་སྐོར་གྱི་གནས་ཚུལ་རགས་རམ་ཞིག་ངོ་སྤྲོད་གནང་བར་མཁྱེན་ཞུ།

ནོར་བྲང་ཨོ་རྒྱན། ནོར་བུ་བྲང་ཁང་ཟེར་བ་ནི་བཀྲ་ཤིས་ལྷུན་པོ་དགོན་པའི་ནང་གི་ཤག་ཚང་ཆེ་བའི་གྲས་རེད། འོན་ཀྱང་ང་ཚོ་རང་གི་ཐོག་མའི་དགེ་རྒན་གྱིས་འདི་ལྟར་ཐོ་རྩིས་བྱེད་དུས་ནོར་བུ་བྲང་ཁང་མིན་པར་གཞིས་རྩེའི་མདངས་ཅན་པ་ཟེར་བ་དེ་ཚང་རེད། ཨ་ཁུ་ཝང་བློ་རྒྱན་བཞུགས་དུས་མདངས་ཅན་པ་ཟེར་བ་རེད་མ་གཏོགས་ནོར་བུ་བྲང་ཁང་ཟེར་གྱི་མེད། རྗེས་སུ་པཎ་ཆེན་སྐུ་ཕྲེང་དགུ་པ་རྒྱལ་ནང་དུ་ཕེབས་རིང་དུ། གཞིས་རྩེ་ས་ཆར་གནས་ཚུལ་མང་པོ་བྱུང་ཡོད་པ་རེད། ནོར་བུ་བྲང་ཁང་ཡང་རྒྱུད་པ་སྟོང་བར་ཆགས། དེའི་མི་རྒྱུད་ཀྱི་ནང་ནས་སྒེར་པ་དཔལ་ལྡིང་པ་ཟེར་བ་ཞིག་ཡོད་པ་དེ་ངའི་ཨ་ཁུ་དམ་པས་གསོས་པ་དང༌། ཁོང་གིས་གཞིས་རྙིང་གི་ཀ་གདུང་དང་སྐུ་གསུང་ཐུགས་རྟེན་མང་པོ་རྟ་ལ་བཀལ་ནས་མདངས་ཅན་ཚང་ལ་སྐྱེལ་བ་དང་། དེའི་རིན་པར་གསེར་ཊམ་བཅོ་ལྔ་སྤྲད་པར་བཤད། རྗེས་སུ་མདངས་ཆེན་ཚང་གི་ཤར་རྒྱུད་ཀྱི་ཁང་པ་སྔོན་མ་ནས་ཡོད་ལ། ནུབ་རྒྱུད་ཀྱི་ཁང་པ་གསར་བཞེངས་བྱས་པ་དེ་ནོར་བུ་བྲང་ཁང་དུ་གྱུར་པ་རེད། དེ་དུས་དཔེ་ཆའང་མང་པོ་འཁྱེར་ཡོད་པ་འདྲ། ནོར་བུ་བྲང་ཁང་ལ་མཚོན་ན། པཎ་ཆེན་སྐུ་ཕྲེང་བདུན་པའི་སྐབས་སུ་སྐད་གྲགས་ཆོད་པའི་མི་སྣ་མང་པོ་འཁྲུངས་མྱོང་ཡོད། པཎ་ཆེན་སྐུ་ཕྲེང་དགུ་པའི་[5]སྐབས་སུ་མི་ཤུལ་ཁང་སྟོང་དུ་ལུས་པས་མདངས་ཅན་པས་བསྐྱར་གསོ་བྱས་ནས་མིང་བསྒྱུར་བ་རེད།

 

བཅར་འདྲི་བ། ནོར་བུ་བྲང་ཁང་ནི་བཀྲ་ཤིས་ལྷུན་པའི་སྒེར་ཤག་ཡིན་ན་དེ་དང་བཀྲ་ཤིས་ལྷུན་པོ་དགོན་པའི་བར་དུ་འབྲེལ་བ་ག་འདྲ་ཡོད།

ནོར་བྲང་ཨོ་རྒྱན། ནོར་བུ་བྲང་ཁང་དང་བཀྲ་ཤིས་ལྷུན་པོ་དགོན་པ་བར་གྱི་འབྲེལ་བའི་ངོས་ནས་བཤད་ན། བཀྲ་ཤིས་ལྷུན་པོ་དགོན་པའི་ནང་དུ་གཟིམ་ཤག་ཅེས་ཐོབ་མཁན་མང་པོ་མེད། བཀྲ་ཤིས་ལྷུན་པོ་ནས་ནོར་བྲང་གཟིམ་ཤག་ཟེར་བ་རེད་མ་གཏོགས་ནོར་བུ་བྲང་ཁང་ཟེར་གི་མ་རེད། གཟིམ་ཤག་ཟེར་དོན་ཡང་པཎ་ཆེན་སྐུ་ཕྲེང་ཞབས་ཀྱིས་བཅགས་མྱོང་ཡོད་པས་གཟིམ་ཤག་ཅེས་པའི་མིང་དེ་ཐོབ་པ་རེད། སྔོན་མ་པཎ་ཆེན་སྐུ་ཕྲེང་བརྒྱད་པ་དགུ་པ་ཞབས་ཀྱིས་བཅགས་པའི་ལོ་རྒྱུས་བཤད་སྲོལ་འདུག ང་རང་གིས་ཤེས་ཚོད་ལྟར་ན་པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་མོ་ནོར་བུ་བྲང་ཁང་དུ་ཞབས་ཀྱིས་བཅགས་པའི་རྗེས་སུ་གཟིམ་ཤག་ནོར་བྲང་ཞེས་ཐོབ་པ་རེད། གཟིམ་ཤག་ཅེས་པར་དམིགས་བསལ་གྱི་ཐོབ་ཐང་ཞིག་ཡོད་ཅིང༌། སྤྱི་བཏང་གི་ཁྱིམ་ཚང་དང་མི་འདྲ་བར་དབང་ཆ་དང་འགན་འཁྲི་ཆེ་ཙམ་ཡོད་པ་རེད། དཔེར་ན་རྒྱལ་ཁབ་ཀྱི་ཆོས་ཁྲིམས་པས་མི་འཛིན་དགོས་བྱུང་ཡང་གང་བྱུང་ངང་གཟིམ་ཤག་ཏུ་འཛུལ་རྒྱུ་མེད་པ་ལ་སོགས་པའི་ཁྱད་ཆོས་དང་དབང་ཐང་ལྟ་བུ་ཞིག་ཡོད། དེ་ལྟར་དུ་གཟིམ་ཤག་ཐོབ་མཁན་མང་པོ་མེད། ནོར་བུ་བྲང་ཁང་གི་ཁང་པ་རྒྱ་ཆེ་ཞིང༌། ཐོག་སོ་བཞི་ཡོད་པའི་གོང་ལར་སྤེན་བད་ཐོག་སོ་གཅིག་ཙམ་གྱི་ཐོག་མུ་ཕྲེང་ཞེས་པ་གདུང་མའི་ཐོག་འབུར་བརྐོས་སྒོར་ཐིག་དཀར་རག་དཀར་པོ་བྱུགས་པ་ཉིས་བརྩེགས་འཁོར་མར་ཡོད་པ་དང་། ལྷག་པར་ཐོག་སོ་བཞི་པའི་དབུ་གཡབ་ཀྱི་ལྡེབས་རིས་ལ་པཎ་ཆེན་སྐུ་ཕྲེང་དྲུག་པ་ནང་སར་ཕེབས་དུས་ཀྱི་རི་མོ་དང༌། པཎ་ཆེན་སྐུ་ཕྲེང་དགུ་བ་ནང་ས་ནས་བཀྲ་ཤིས་ལྷུན་པོར་ཞབས་སོར་འཁོད་པའི་རི་མོ། སྐབས་དེའི་བཀྲ་ཤིས་ལྷུན་པོའི་དགོན་པའི་རྒྱ་ཁྱོན་གྱི་ལྡེབས་རིས་བཅས་ཡོད། མདོར་ན། ནོར་བུ་བྲང་ཁང་ནི་བཀྲ་ཤིས་ལྷུན་པོ་དགོན་པའི་ནང་ནས་ཁྱིམ་ཚང་ཆེན་པོ་ཡིན་པ་དང༌། བྲང་ཁང་དེ་ལ་དམིགས་བསལ་གྱི་དབང་ཆ་ཞིག་ཡོད་པ་དེ་འདྲ་ཞིག་རེད།

 

བཅར་འདྲི་བ། བཀྲ་ཤིས་ལྷུན་པོ་དགོན་པའི་ནང་དུ་སྒེར་གྱི་གཟིམ་ཤག་ག་ཚོད་ཡོད་དམ།

ནོར་བྲང་ཨོ་རྒྱན། ངའི་དྲན་ཚོད་ལ་བཀྲ་ཤིས་ལྷུན་པོ་དགོན་པའི་ནང་དུ་ཁྱིམ་ཚང་ཆེན་པོ་དེ་འདྲ་གསུམ་ཡོད་དེ། ནོར་བུ་བྲང་ཁང་དང༌། ཆོས་འབྱོར་ཁང་གསར། རྡོ་གདན་པ་བཅས་ཁྱིམ་ཚང་ཆེན་པོ་གསུམ་ཡོད། ད་དུང་དེ་ལས་ཆུང་བའི་སྐུ་དྲག་གི་ཁྱིམ་ཚང་ཁ་ཤས་ཤིག་ཡོད། ཁྱིམ་ཚང་ཆེ་ཆུང་དེ་ཡང་དཔལ་འབྱོར་གྱི་སྟོབས་ཤུགས་དྲག་ཞན་གྱིས་དབྱེ་བ་འབྱེད་པ་རེད། རྡོ་གདན་པ་ཞེས་པ་ནི་བཀྲ་ཤིས་ལྷུན་པོ་དགོན་པར་རྡོ་གདན་པ་ཟེར་བའི་མི་ཚང་ཞིག་ཡོད། དེ་ལ་བརྟེན་ནས་རྡོ་གདན་པ་ཞེས་ཐོགས་པ་རེད། ཁྱིམ་ཚང་ཆེན་པོ་དེ་གསུམ་ལས་ནོར་བུ་བྲང་ཁང་མ་གཏོགས། རྡོ་གདན་པ་དང་ཆོས་འབྱོར་ཁང་གསར་གཉིས་ལ་གཟིམ་ཤག་གི་ཐོབ་ཐང་མེད།

 

བཅར་འདྲི་བ། དགེ་རྒན་ལགས་ཀྱིས་རྒྱལ་སྤྱིའི་བོད་རིག་པའི་འཕེལ་རྒྱས་ལ་བྱས་རྗེས་ངེས་ཅན་བཞག་ཡོད། དེས་ན། རྒན་ལགས་ནས་རང་ཉིད་ཀྱི་གྲུབ་འབྲས་སྐོར་ནས་ཅུང་གསུང་རོགས་ཞུ།

ནོར་བྲང་ཨོ་རྒྱན། བོད་རིག་པའི་སྐོར་ནས་དཔྱད་རྩོམ་མང་པོ་སྤེལ་མྱོང༌། དེ་ལ་དེ་བསྟུན་གྱི་གྲུབ་འབྲས་ཀྱང་མི་དམན་པ་ཞིག་ཐོབ་ཡོད། དམིགས་སུ་བཀར་ནས་བཤད་ན། བོད་རིག་པའི་དཔེ་རྙིང་འཚོལ་སྡུད་དང་དཔེ་སྐྲུན་ཐད་དུ་རང་ངོས་ནས་ངོ་གནོང་མི་དགོས་པའི་ལས་ཀ་བྱས་ཡོད། ༡༩༨༧ལོ་ནས་བཟུང་བོད་རང་སྐྱོང་ལྗོངས་དཔེ་རྙིང་དཔེ་སྐྲུན་ཁང་གི་ཀྲུའུ་རེན་གྱི་ལས་གནས་སུ་སྤར་བ་དང་། དེ་དུས་རིག་གནས་གསར་བརྗེའི་སྐབས་སུ་དཔེ་ཆ་མང་པོ་འཐོར་འཁྱར་རུ་ཕྱིན་ཡོད་པ་དམིགས་སུ་འཆར་བཀོད་བཟོས་ཏེ། བོད་ཡིག་དཔེ་རྙིང་བསྡུ་སྒྲིག་དང་། དཔེ་སྐྲུན་གྱི་ལས་ཀ་གཙོ་བོར་བསྒྲུབས་པ་ཡིན། ལས་ཀ་སྒྲུབ་པའི་གོ་རིམ་ཁྲོད། དཀའ་ངལ་ཡང་མི་ཉུང་བར་འཕྲད་ཡོད། དེ་དུས་ཁ་སང་དེ་རིང་ནང་བཞིན་གྱི་དཔར་མ་ཟེར་བ་ཞིག་མེད་ཀྱང༌། མི་གཞན་ལ་དཔེ་ཆ་གཡར་ཏེ་བསྐྱར་དུ་དཔར། བསྐྱར་དུ་དཔར་རྗེས་ཁོང་ལ་གཡར་གླ་སྤྲད། དེ་ལྟར་དཔེ་ཆ་མང་པོ་ཞིག་བསྡུ་རུབ་བྱེད་ཐུབ་སོང༌། དཔེར་ན་ལྡེའུ་ཆོས་འབྱུང་དང་། འཛམ་གླིང་རྒྱས་བཤད། བོད་ཀྱི་ལོ་རྒྱུས་དོན་རྐྱེན་ལ་སོགས་པའི་དཔེ་ཆ་མང་པོ་རང་ངོས་ནས་བསྡུ་རུབ་དང་དཔེ་སྐྲུན་བྱས་པ་ཡིན། དཔེ་སྐྲུན་བྱེད་དུས་སྒོར་མོ་མང་པོ་མེད་དེ་ལོ་རེར་གོང་རིམ་ནས་སྒོར་བདུན་བརྒྱ་ཙམ་ལས་ཡོང་གི་མེད་པས་ལས་ཀ་མང་པོ་བྱེད་ཐུབ་ཀི་མེད། ཡིན་ནའང་ད་ཆ་ལག་སོན་བྱུང་བའི་དཔེ་རྒྱུན་གང་ཐུབ་ཅི་ཐུབ་སྒོས་དཔེ་སྐྲུན་བྱས་པ་དང་། ལྷག་པར་དུ་ང་རང་གིས་ཨུ་ཚུགས་བྱས་ནས་བརྩམས་སྒྲུང་སྙན་ངག་གི་དཔེ་ཆ་མང་པོ་བསྡུ་རུབ་བྱས་པ་ཡིན། དཔེ་སྐྲུན་བྱེད་དུས་རང་བཟོའི་བསམ་བློ་ཕྲ་མོ་ཙམ་ཡང་མེད་པར། མ་དཔེ་ན་ཅི་ལྟར་ཡོད་པ་དེ་ལྟར་དུ་ཡིག་འབྲུ་གཅིག་ལའང་བཟོ་བཅོས་མ་བརྒྱབ་པར་སྐྲུན་བྱས་པ་ཡིན། ཡང་མ་དག་རྒྱུན་འབྱམས་སུ་ཕྱིན་པ་མངོན་གསལ་ཡིན་པ་དག་ལ་བཟོ་བཅོས་བྱེད་པ་མ་གཏོགས་དཔེ་ཆའི་ནང་དོན་ལ་བཟོ་བཅོས་ཡེ་ནས་བཏང་མེད། ལོ་རྒྱུས་དཔེ་རྙིང་གི་གནད་དོན་ཐད་ནས་བཤད་པ་ཡིན་ན། དུས་སྐབས་སོ་སོའི་གནས་ཚུལ་མི་འདྲ་བས་ཡིག་ཆ་དང་སྔོན་མའི་རྡོ་རིང་གི་ཡི་གེ་དེ་དག་སྔོན་མ་ནང་བཞིན་སོར་བཞག་བྱེད་རྒྱུ་ལས་བཟོ་བཅོས་བྱས་ན་མི་འགྲིག་པར་བསམ་ནས་བཟོ་བཅོས་ཅི་ཡང་བྱས་མེད། བགྱི་བ་དེ་ནི་ཁ་སང་དེ་རིང་བསམ་ནའང་ལས་ཀ་ལེགས་པོར་འཁྱོངས་ཡོད་པར་མ་ཟད་རང་ངོས་ནས་སྤོབས་པ་སྐྱེས་རྒྱུ་ཉག་ཅིག་རེད་བསམ་བྱུང༌། ཁྲོ་རུ་མཁན་ཆེན་དང༌། དགེ་རྒན་ཚུལ་ཁྲིམས་རྒྱལ་མཚན། སྨན་རྩིས་ཁང་གི་དགེ་རྒན་བྱམས་པ་འཕྲིན་ལས། དུང་དཀར་རིན་པོ་ཆེ་སོགས་སྐབས་དེའི་མཁས་པ་དག་གིས་ཀྱང་དཔེ་རྙིང་བསྡུ་སྒྲིག་ཡག་པོ་བྱས་འདུག་ཅེས་ཏེ་བསྟོད་པའི་མཐེ་བོང་བསྒྲེངས་བྱུང་།

ང་རང་གིས་བསམ་པར་བོད་ཀྱི་རིག་གནས་ཐད་དུ་དཔེ་རྙིང་ནི་གལ་ཆེན་པོ་ཞིག་རེད་བསམ་བྱུང་ལ། དཔེ་རྙིང་བསྡུ་རུབ་ཀྱི་ལས་ཀ་ལེགས་པོ་ཞིག་བྱུང་ན། བོད་ཀྱི་རིག་གནས་འཛིན་སྐྱོང་སྤེལ་གསུམ་གྱི་བྱ་གཞག་ཡར་ངོའི་ཟླ་ལྟར་འཕེལ་བའི་གསོས་སུ་འགྱུར་བར་ཕན་ཐོགས་ཆེ་སྙམ་པ་དང༌། དང་པོ་ནས་དཔེ་རྙིང་གི་དཀར་ཆག་ཆེན་པོ་ཞིག་བཟོ་རྒྱུའི་འཆར་གཞི་ཡོད། ཡིན་ནའང་ང་རང་ལོ་ཁ་ཤས་ཞིག་མ་གཏོགས་དཔེ་རྙིང་ལས་ཀར་ཞུགས་མེད་པས་དེ་ཙམ་དཀའ་ལས་ཡོད། སྤྱིར་བཏང་དུ་བཤད་ན། བོད་ཡིག་ཐོག་གི་ཡིག་རྙིང་ནི་བགྲང་གིས་མི་ལངས་པ་ཞིག་ཡོད་པ་རེད། འོན་ཀྱང་དོན་དངོས་ཐོག་ཅི་ཙམ་ཡོད་པ་མི་གསལ་བས་དེའི་དོན་གསལ་བའི་དཀར་ཆག་ཅིག་ངེས་པར་དུ་དགོས་པར་འདུག་བསམ་ནས་དཀར་ཆག་ཁ་ཤས་ཞིག་བསྡུ་རུབ་ཀྱིས་བཟོས་པ་ཡིན། ལས་གནས་སྤོས་པའི་རྗེས་སུ་དཀར་ཆག་བཟོ་རྒྱུའི་ལས་མཚམས་བཞག་པ་མ་གཏོགས་དེའི་རྨང་གཞིའི་ལས་ཀ་ང་རང་གིས་བྱས་པ་ཡིན།

དེ་ལྟར་ངའི་བོད་རིག་པའི་རིག་གཞུང་གི་ལམ་བུར་ཕྱིར་མིག་ཅིག་བལྟ་དུས། བོད་ཀྱི་དཔེ་རྙིང་བསྡུ་རུབ་དང་དཔེ་སྐྲུན་ཐོག་ལ་ངོ་གནོང་མི་དགོས་པ་ཞིག་བྱས་ཡོད་པར་བསམ་ལ། དེ་དག་ནི་ལྷག་པ་ཀྲུའུ་ཞི་ནས་ཕྱི་གསལ་ནང་གསལ་ཡིན་ལ་ཁོང་གིས་ཀྱང་སྔ་གཞུག་ཏུ་ཐུགས་འཁུར་ཟབ་བཞེས་གནང་ཡོད་པ་དང༌། ལྷག་པ་ཀྲུའུ་ཞི་ལས་གནས་སྤོར་རྗེས་དཔེ་རྙིང་ཐད་དུ་འཕེལ་རྒྱས་ཆེན་པོ་བྱུང་མེད་པ་ལྟ་བུར་གྱུར་འདུག དཔེ་རྙིང་དཔེ་སྐྲུན་གྱི་དཔེ་ཚོགས་དེ་ལ 《གངས་ཅན་རིག་མཛོད》 ཟེར་བ་དང༌། རྩོམ་སྒྲིག་གི་འགན་འཁུར་བ་གཙོ་བོ་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཡིན། ང་རང་གཙོ་སྒྲིག་འགན་འཁུར་བ་ཡིན་ཡང་། ཆབ་སྤེལ་ལགས་ཀྱིས་ཡོན་ཀྲང་གཞོན་པའི་འགན་ཡང་འཁུར་བཞིན་ཡོད་པས་གཞུང་དོན་གྱི་ལས་ཀ་མང་པོ་ཡོད། ལྡེའུ་ཆོས་འབྱུང་སོགས་དཔེ་ཆ་ཉུང་ཤས་ཙམ་ལས་དཔེ་རྙིང་དཔེ་སྐྲུན་གྱི་ལས་ཀ་ཕལ་ཆེར་ང་རང་གིས་བྱས་པ་ཡིན་ལ། གངས་ཅན་རིག་མཛོད་ཀྱི་དཔེ་ཚོགས་སུམ་ཅུ་ལྷག་ཙམ་ཡོད་པ་ང་རང་དཔེ་རྙིང་དཔེ་སྐྲུན་ཁང་དུ་ལོ་གསུམ་བསྡད་པའི་རིང་དུ་བགྱིས་པ་ཡིན།

གཞན་དུ།《བོད་སིལ་བུའི་བྱུང་བ་བརྗོད་པ་ཤེལ་དཀར་ཕྲེང་བ》དང་། 《ཆོས་རྒྱལ་དྲི་མེད་ཀུན་ལྡན་གྱི་རྟོགས་བརྗོད་བསྔགས་འོས་བསྔགས་པའི་འགྲེལ་པ་པད་དཀར་ཆུན་པོ》《བོད་ཀྱི་དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་ཀྱི་འགྲེལ་པ་ཡིད་ཀྱི་དགའ་སྟོན》《རྙིང་མ་བ་དང་། བཀའ་བརྒྱུད་པ། ས་སྐྱ་པ། དགེ་ལུགས་པ། ཞ་ལུ་པ་བཅས་གྲུབ་མཐའ་ཆེན་པོ་ལྔའི་ཞལ་འདོན་ཕྱོགས་བསྒྲིགས》 བོད་རིག་པའི་མཁས་དབང་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་མཆོག་དང་མཉམ་དུ་རྩོམ་སྒྲིག་གནང་བའི 《བོད་ཀྱི་ལོ་རྒྱུས་རགས་རིམ་གླེང་བ་གཡུ་ཡི་ཕྲེང་བ།》 《ཆོས་རྣམ་ཀུན་བཏུས》སོགས་བརྩམས་ཆོས་དེབ་གྲངས་ཉི་ཤུ་བརྒལ་བ་དང་ཡིག་འབྲུ་བྱེ་བ་གཉིས་ལ་ཉེ་བ་ཟིན་ཡོད།

བཅར་འདྲི་བ། དགེ་རྒན་ལགས་ནས་བོད་ཀྱི་རིག་གནས་ཀྱི་ཕྱོགས་མང་པོའི་ཐད་ཞིབ་འཇུག་གནང་ཡོད་འདུག འདི་ནས་ཞིབ་འཇུག་གི་ཁ་ཕྱོགས་གཙོ་བོ་གང་ཡིན་པའི་ཐད་ནས་གསུང་རོགས་ཞུ།

 ནོར་བྲང་ཨོ་རྒྱན། ཞིབ་འཇུག་མང་པོ་བྱས་མྱོང་ཡོད། ལོ་རྒྱུས་དང་ཆོས་ལུགས། རྡེལ་རྩིས་དང་རྩོམ་རིག་སོགས་གང་ཐད་ནས་ཞིབ་འཇུག་མི་ཉུང་བ་བགྱིས་པ་ཡིན། གཙོ་བོ་ཐོག་ནས་བཤད་ན་རྩོམ་རིག་ཡིན་ངེས། རྩོམ་རིག་སྐོར་ནས་ཞིབ་འཇུག་དེ་ཙམ་མང་པོ་བྱས་ཡོད།

བཅར་འདྲི་བ། དགེ་རྒན་ལགས་ཀྱི་ཞིབ་འཇུག་གི་ལམ་བུ་ལ་ཕྱི་མིག་ལྟ་དུས། བོད་ཀྱི་ལོ་རྒྱུས་གཡུ་ཡི་ཕྲེང་བ་ནི་གྲུབ་འབྲས་གལ་ཆེན་ཞིག་ཡིན་ངེས། ལྷག་ཏུ། དེང་རབས་ཀྱི་བོད་ཡིག་དཔྱད་འབྲས་ཐོག་ནས་བོད་རང་གི་ལོ་རྒྱུས་ཆ་ཚང་འཐུས་པའི་ལོ་རྒྱུས་དེབ་ཅིག་ཡིན་པས་ཞིབ་འཇུག་གི་སྡེ་ནས་གདེང་འཇོག་དང་ཁས་ལེན་མང་པོ་མཛད་ཀྱིན་འདུག དེ་བས། དགེ་རྒན་ལགས་ནས་དེབ་དེ་འབྲི་དགོས་པའི་དམིགས་ཡུལ་དང་རྒྱབ་ལྗོངས་སྐོར་ནས་ཅུང་གསུང་རོགས་ཞུ།

ནོར་བྲང་ཨོ་རྒྱན། བོད་ཀྱི་ལོ་རྒྱུས་གཡུ་ཡི་ཕྲེང་བ་ནི་ང་རང་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་དུ་ཡོད་དུས་ཀྱི་གྲུབ་འབྲས་གལ་ཆེན་ཞིག་ཡིན། དེ་དུས་བོད་ལྗོངས་དྲིལ་བསྒྲགས་པུའུ་ཡིས་དབུ་ཁྲིད་འོག བོད་ལྗོང་རྒྱང་བསྒྲགས་ལས་ཁུངས་ཀྱི་རྩ་བའི་འགན་འཁུར་གནང་ནས། བོད་ལྗོངས་ཀྱི་མཁས་དབང་རྣམས་ལ་བོད་ཀྱི་ལོ་རྒྱུས་ཀྱི་དུམ་བུ་རེ་རེ་བྱས་ནས་བཤད་པའི་གོ་སྐབས་གནང་བ་རེད། དྲིལ་བསྒྲགས་པུའུ་ཀྲང་ནི་རྡོ་ཟླ་ཟེར་བ་དེ་ཡིན། མཁས་དབང་རྣམ་པ་ནི་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་དང་། བོད་ལྗོངས་སློབ་གྲྭ་ཆེན་མོ། བོད་ལྗོངས་གསོ་རིག་སློབ་གླིང་སོགས་ནས་ཡིན། ང་ཚོ་སྤྱི་ཚོགས་ཚན་རིག་ཁང་གི་མཁས་དབང་གི་གསུང་བཤད་དེ་སྐབས་དེའི་ཡོན་ཀྲང་ལྷག་པ་ཕུན་ཚོགས་ནས་ཕྱོགས་གཅིག་ཏུ་བསྡུ་རུབ་བཟོས་ཏེ་བོད་ཀྱི་ལོ་རྒྱུས་ཀྱི་དེབ་ཅིག་སྒྲིག་རྒྱུའི་འཆར་བཀོད་གནང་བ་རེད། རྗེས་སུ་བསྡུ་རུབ་བྱས་པའི་རྩོམ་སྟན་གྱི་རྨང་གཞི་ཐོག་བོད་ཀྱི་ལོ་རྒྱུས་གཡུ་ཡི་ཕྲེང་བ་དངོས་སུ་གྲུབ་སོང༌། དེབ་དེའི་གྲུབ་པར་ལྷག་པ་ཕུན་ཚོགས་ལགས་ལ་བཀའ་དྲིན་ཞུ་འོས་པར་འདོད།

རྩོམ་འབྲི་ལས་བགོས་ཀྱི་ཆ་ནས། ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་དང་ངེད་གཉིས་ནས་འགན་ཁུར་བ་ཡིན། དེའི་ཁྲོད་ཀྱི་བོད་ཀྱི་ཆོས་ལུགས་གནད་དོན་མང་པོ་ང་རང་གིས་བྲིས་པ་ཡིན་པ་དང༌། ས་སྐྱའི་དུས་སྐབས་ཀྱི་གནད་དོན་དག་ནི་ཡིད་གཟབ་གནང་དགོས་པ་ཞིག་ཡིན་ཕྱིན་ཆབ་སྤེལ་ལགས་ཀྱིས་བྲིས་པ་རེད། ཕག་གྲུ་དུས་སྐབས་ཀྱི་དོན་དག་མང་པོ་ཞིག་ང་རང་གིས་བྲིས་པ་ཡིན། དགའ་ལྡན་ཕོ་བྲང་དུས་སྐབས་ཀྱི་ལོ་རྒྱུས་དག་ནི་ངས་རྒྱ་ཡིག་གི་ཡིག་ཆའི་ཀློག་འདོན་ནུས་པ་ཞན་པར་དམིགས་ནས་ཆབ་སྤེལ་ལགས་ཀྱི་དགོངས་པ་ལྟར་ཕུན་ཚོགས་ཚེ་རིང་ལགས་ཀྱིས་བྲིས་པ་རེད། དེ་ལྟར་མདོར་བསྡུས་ནས་བཤད་ན། བོད་ཀྱི་ལོ་རྒྱུས་གཡུ་ཡི་ཕྲེང་བ་ནི་ང་ཚོ་མི་མང་པོ་ཞིག་གི་ཧུར་ཐག་འབད་ཐག་བྱས་ནས་བརྩམས་པ་ཞིག་ཡིན། རྗེས་སུ་གཡུ་ཕྲེང་ལ་རྒྱལ་ཁབ་ཀྱི་དཔེ་ཆོས་བྱ་དགའ་ཐོབ་པར་ང་དང་ཆབ་སྤེལ་གྱི་མིང་མ་གཏོགས་ཡོད་པ་མ་རེད། དེ་ནས་ཇོ་མོ་གླང་མའི་བྱ་དགའ་ཞིག་ཐོབ་པ་ཡང་ང་དང་ཆབ་སྤེལ་གྱི་མིང་མ་གཏོགས་མེད། རྗེས་སོར་རྒྱ་ཡིག་ལ་འགྱུར་དུས་གཙོ་བོར་ཕུན་ཚོགས་ཚེ་རིང་གི་ལས་ཀ་བྱས་པས་ཁོང་གི་མིང་ཡང་ཚུད་ཡོད་པ་རེད། གཡུ་ཕྲེང་རྒྱ་ཡིག་ལ་བསྒྱུར་སྐབས་ཁྲིན་ཆིན་དབྱིན་ལགས་ཡག་པོ་ཡོད་པ་སྨོས་མེད་རེད། དེ་ལས་གཞན་སྐལ་བཟང་ཡེ་ཤེས་དང་། ཧའུ་ཙོང་ཡིན་སོགས་བོད་ཡིག་ལ་དེ་འདྲ་བྱང་ཆ་མེད་ཙང་འགྱུར་མའང་དེ་འདྲ་ཡག་པོ་ཞིག་རེད་མི་འདུག

གཞན་དུ། བསྐྱར་དཔར་གནང་དུས་གཡུ་ཡི་ཕྲེང་བ་དེ་འགྱུར་ནས་ཤ་ཡི་ཕྲེང་བར་འགྱུར་འདུག དེ་ནི་ཆབ་སྤེལ་ཀྲུའུ་རེན་ནས་ཀྱང་ཤེས་ཚོད་མི་འདུག དོན་དངོས་ཐོག་ནས་བཤད་ན། བསྐྱར་དུ་དཔར་དུས་ཆབ་སྤེལ་དང་ངེད་གཉིས་ལ་དེ་འདྲ་བྱས་ན་ཡོང་མིན་གྱི་སྐད་ཆ་འདྲི་དགོས་པ་རེད། དཔེར་ན་ཡི་གེའི་དག་ཆ་སོགས་ལ་བཟོ་བཅོས་བྱ་རྒྱུ་ཅུང་ཙམ་ཡོད། ཡིན་ནའང་སྐད་ཆ་འདྲི་མཁན་མ་བྱུང་བར་དཔེ་ཆའི་རྒྱབ་ཤོག་ལ་འགྱུར་བ་བཏང་ནས་བསྐྱར་དུ་དཔར་འདུག དོན་དག་འདི་ཆབ་སྤེལ་ཀྲུའུ་རེན་ལ་དགོངས་འཆར་ཡོད་ལ། ང་རང་ལའང་བསམ་འཆར་འདུག གཡུ་ཡི་ཕྲེང་བ་ཟེར་བའི་རྒྱུ་མཚན་གྱི་ཆ་ནས་བཤད་ན། ལྷག་པ་ཀྲུའུ་ཞི་དང་བཅས་པའི་མཁས་པ་མང་པོ་ཞིག་གི་དགོངས་པ་བསྡུར་བ་དང་། བཙན་མོ་སད་མ་ཀར་གྱི་སྲོང་བཙན་ལ་གཡུ་བསྐུར་བ། དེ་བཞིན་བོད་ཀྱི་རིག་གནས་ཁྲོད་ནས་གཡུ་ཡི་གོ་གནས་གལ་ཆེན་བཟུང་ཡོད་པ་ལ་དམིགས་ནས་གཡུ་ཡི་ཕྲེང་བ་ཞེས་སུ་བཏགས་ཡོད་པ་རེད། ཡིན་ཡང་བསྐྱར་དུ་དཔར་དུས་ང་ཚོ་ལའང་སྐད་ཆ་མི་འདྲི་བ་དང་། རིག་གནས་ཀྱི་དོན་སྙིང་ལ་ཡང་བསམ་བློ་བཏང་ནས་བསམ་ཤེས་མི་བྱེད་པར་གཡུ་ཡི་ཕྲེང་བ་དེ་ཤ་ཡི་ཕྲེང་བར་འགྱུར་བ་བཏང་ཡོད་པ་རེད། འོན་ཀྱང་དགའ་འོས་པ་ཞིག་ལ་རྒྱབ་ཤོག་ལ་འགྱུར་བ་བཏང་བ་ལས་ནང་དོན་ལ་འགྱུར་བ་མང་པོ་བཏང་མི་འདུག དེའི་རྗེས་སུ་ཧྲག་བསྡུས་ཀྱི་དེབ་ཅིག་བཟོས་ཡོད། ངའི་མིང་བཀོད་ཡོད་པ་མ་གཏོགས་སྔ་མའི་བརྩམས་ཆོས་ཀྱི་ནང་དོན་དང་འགལ་འཛོལ་དུ་ཤོར་བ་མང་པོ་ཞིག་འདུག གཡུ་ཕྲེང་ལ་མཚོན་ན་ལོ་རྒྱུས་ཀྱི་ཡིག་ཆ་གལ་ཆེན་པོ་རེད་ལ། དཔེ་ཆ་དེའི་ནང་ཅུང་གཟུ་བོའི་སྒོ་ནས་དྲང་ལྡོག་གཉིས་ནས་དཔྱད་པ་བཏང་ཡོད།

 

བཅར་འདྲི་བ། དགེ་རྒན་ལགས་ནས་མཛད་པའི་བོད་སིལ་བུའི་བྱུང་བ་བརྗོད་པ་ཤེལ་དཀར་ཕྲེང་བ་ནི་བོད་ཀྱི་ལོ་རྒྱུས་ཞིབ་འཇུག་ལ་མཚོན་ན་བྱས་རྗེས་ཤིན་ཏུ་ཆེ་ལ། དེའི་ནང་དུ་ཡིག་ཆ་ཁུངས་བཙུན་མང་པོ་བེད་སྤྱད་གནང་ཡོད་པ་མ་ཟད། དཔེ་རྒྱུན་དཀོན་པའི་བོན་པོའི་ཡིག་ཆའང་མང་པོ་དྲངས་ཡོད། དེས་ན། དགེ་རྒན་ལགས་ནས་སྐབས་དེའི་ལོ་རྒྱུས་ཞིབ་འཇུག་གི་གནས་བབ་དང་མི་འདང་སའི་སྐོར་ནས་ཅུང་གསུང་རོགས་ཞུ།

ནོར་བྲང་ཨོ་རྒྱན། ང་ཡིས་བརྩམས་པའི་བོད་སིལ་བུ་དུས་སྐབས་ཀྱི་ལོ་རྒྱུས་དཔེ་ཆ་ཞིག་ཡོད་ལ། ཚང་མས་དགའ་པོ་བྱེད་བཞིན་འདུག ཡིན་ནའང་བསྐྱར་དཔར་གྱི་མཐུན་རྐྱེན་མ་འཛོམས་པར་ལུས་པ་རེད། དེའི་ནང་གཙོ་བོ་བོད་ཀྱི་ལོ་རྒྱུས་སུ་བྱུང་བའི་ཞིང་པའི་གྱེན་ལོག་གི་སྐོར་མང་ཙམ་ཡོད་པ་དང༌། བོད་ཀྱི་ལོ་རྒྱུས་སུ་བྱུང་བའི་ཞིང་པའི་གྱེན་ལོག་དང་རྒྱའི་ལོ་རྒྱུས་སུ་བྱུང་བའི་ཞིང་པའི་གྱེན་ལོག་གཉིས་རྦད་དེ་མི་འདྲ། རྒྱལ་ནང་ལ་མཚོན་ན་ཞིང་པའི་གྱེན་ལོག་བྱུང་དུས་སྲིད་གཞུང་ཞིག་གི་མགོ་རྟིང་སློག་ནས་སྲིད་གཞུང་གསར་པ་ཞིག་བཙུགས་པའི་ནང་དོན་རེད། བོད་ལ་མཚོན་ན་བོད་བཙན་པོའི་རྒྱལ་ཁབ་ཀྱི་གཅིག་གྱུར་གྱི་སྲིད་དབང་དེ་འཐོར་བ་རེད། འོན་ཀྱང་བཙན་པོ་རང་གི་གདུང་རྒྱུད་དེས་མུ་མཐུད་ལུང་སྐྱོང་དང་སྤུན་སྐྱོང་གནང་ནས་བསྡད་པ་ནི་བོད་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཞིག་རེད།

བོད་ཀྱི་ལོ་རྒྱུས་ཐོག་ནས་བཤད་ན། སྔ་མའི་བཙན་པོ་གཏོར་བ་རེད། བཙན་པོའི་གདུང་རྒྱུད་ཁྱོན་ནས་ཡོད་པ་མ་རེད་ཟེར་བའི་ཚིག་འབྲུ་གཅིག་ཀྱང་ཡོད་པ་མ་རེད། རྗེས་སོར་ལུང་སྐྱོང་དང་སྤུན་སྐྱོང་གནང་མཁན་ནི་བཙན་པོའི་གདུང་རྒྱུད་རྐྱང་རྐྱང་རེད། དེ་ནི་བོད་ཀྱི་ལོ་རྒྱུས་ཐོག་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་རེད་འདོད། དེ་དག་གི་ནང་དོན་ང་ཡིས་བྲིས་པའི་བོད་སིལ་བུའི་དུས་ཀྱི་ལོ་རྒྱུས་ཤེལ་དཀར་ཕྲེང་བ་ཞེས་པ་དེར་གསལ་བོར་བཀོད་ཡོད་ལ། དེའི་ཁྲོད་ཀྱི་ལོ་ཚིགས་ཀྱི་ནང་དོན་དེ་དག་ཅུང་དག་ལ་གསལ་པོ་ཞིག་ཡོད།

 

བཅར་འདྲི་བ། དེབ་ཐེར་འདིའི་ནང་དུ་དཔེ་རྒྱུན་དཀོན་པའི་རིགས་གང་དག་བེད་སྤྱོད་གནང་ཡོད་དམ།

ནོར་བྲང་ཨོ་རྒྱན། མཁས་པ་ལྡེའུས་མཛད་པའི་ལྡེའུ་ཆོས་འབྱུང་དང་། ལྡེའུ་ཇོ་སྲས་ཀྱིས་མཛད་པའི་ཆོས་འབྱུང་བསྟན་པའི་རྒྱལ་མཚན། ཉང་ཉི་མ་འོད་ཟེར་གྱིས་མཛད་པའི་ཆོས་འབྱུང་མེ་ཏོག་སྙིང་པོ། བུ་སྟོན་ཐམས་ཅད་མཁྱེན་པས་མཛད་པའི་བསྟན་པ་སྤྱིའི་ཆོས་འབྱུང་། བོན་གྱི་དར་རྒྱས་གསལ་སྒྲོན། ས་ཆེན་གྲགས་པའི་རྒྱལ་མཚན་གྱིས་མཛད་པའི་རྒྱལ་རབས། ཀ་ཐོག་ཚེ་དབང་ནོར་བུས་མཛད་པའི་བོད་རྗེ་བཙན་པོའི་གདུང་རབས་ཚིག་ཉུང་དོན་གསལ་ལ་སོགས་པ་དང་། བསྟན་པ་ཕྱི་དར་སྐབས་བོད་དུ་མཁས་གྲུབ་ལོ་པཎ་ཇི་ལྟར་བྱོན་པའི་སྐོར་ཞུས་ཆེན་ཚུལ་ཁྲིམས་རིན་ཆེན་གྱིས་མཛད་པའི་སྡེ་དགེའི་བསྟན་འགྱུར་དཀར་ཆག་གཙོ་བོར་བཟུང་བ་བཅས་ཡིག་ཆ་དེ་དག་ནི་ཤིན་ཏུ་ཡིད་རྟོན་རུང་བ་རྐྱང་རྐྱང་རེད་འདུག

 

བཅར་འདྲི་བ། བོད་སིལ་བུའི་བྱུང་བ་བརྗོད་པ་ཤེལ་དཀར་ཕྲེང་བ ཞེས་པའི་ནང་དུ་། མཁས་པ་ལྡེའུའི་ཆོས་འབྱུང་ལས་བརྩམས་དུས་ཅུང་ཕྱི་བ་ལྡེའུ་ཇོ་སྲས་ཀྱི་ཆོས་འབྱུང་བསྟན་པའི་རྒྱ་མཚོཞེས་བཀོད་འདུག་པས། མཁས་པ་ལྡེའུ་ཇོ་སྲས་ཞེས་པ་ཡང་སྙིང་མི་གཅིག་ཡིན་ནམ་ཡང་ན་ཐ་དད་ཡིན། དེར་སྒྲུབ་བྱེད་གང་ཡོད་དམ།

ནོར་བྲང་ཨོ་རྒྱན། མཁས་པ་ལྡེའུ་དང་ལྡེའུ་ཇོ་སྲས་ཞེས་པ་ནི། ཁོང་གཉིས་ཡབ་སྲས་ཀྱི་འབྲེལ་བ་ཡིན་པ་ལས་མི་གཅིག་མ་ཡིན་པ་གཏན་འཁེལ་གྱིས་བཤད་ཆོག་སྙམ། གང་ཡིན་ཞེ་ན། ལོ་རྒྱུས་ཐོག་མཁས་པ་མང་པོའི་རྣམ་ཐར་ལ་གཞིགས་ན་བླ་སློབ་ཡབ་སྲས་ཀྱི་འབྲེལ་བ་དང་། གདུང་རྒྱུད་ཡབ་སྲས་ཀྱི་འབྲེལ་བའི་ཐད་ནས་ཕན་ཚུན་གཞོགས་འདེགས་སམ་རྒྱབ་སྐྱོར་གནང་རེས་ཀྱི་གནས་ཚུལ་རྟག་པར་མངོན་པ་བཞིན་འདི་གཉིས་ནི་གདུང་རྒྱུད་ལྡེའུ་ལས་བྱུང་བའི་ཡབ་སྲས་ཀྱི་འབྲེལ་བ་ཞིག་ཡིན་པ་མཁས་པ་ལྡེའུ་དང་ལྡེའུ་ཇོ་སྲས་ཞེས་པ་མངོན་པར་གསལ་བ་གདུང་རྒྱུད་ཡབ་སྲས་ཏེ་མི་གཉིས་ཡིན་པ་ཚིག་ཐག་བཅད་ནས་བཤད་ཆོག་པ་ཞིག་ཡིན། སྒྲུབ་བྱེད་ནི་གོང་དུ་མཚན་གྱི་རྣམ་གྲངས་དང་། ཆོས་འབྱུང་དེ་གཉིས་ཀྱི་ནང་དོན་ཐད་གཞི་མཐུན་པའི་གནད་དོན་མང་པོ་ཡོད་པ་ལྡེའུ་ཇོ་སྲས་ཀྱི་དཔེ་སྐྲུན་གསལ་བཤད་ནང་བཤད་པ་དེ་ནི་དོན་ལ་གནས། དེ་ཡང་མཁས་པ་ལྡེའུས་མཛད་པའི་ཆོས་འབྱུང་ནང་ཅུང་ཟད་ཞལ་མི་གསལ་བ་དང་། ཆ་མི་ཚང་བ་ཇོ་སྲས་ཀྱིས་ཞབས་འདེགས་ཁ་སྐོང་གི་ཚུལ་དུ་གསུངས་པ་གོར་མ་ཆག་པ་དེས་མཚོན་ནུས།

 

བཅར་འདྲི་བ། རྡེལ་རྩིས་ནི་དགེ་རྒན་ལགས་ཀྱི་ཞིབ་འཇུག་གི་ནང་དོན་གལ་ཆེན་ཞིག་ཡིན་འདུག འདིའི་སྔོན་དུ་དགེ་རྒན་ལགས་ནས་མཛད་པའི་རྡེལ་རྩིས་ཀྱི་དཔྱད་རྩོམ་མཇལ་མྱོང་ཡོད། སྤྱིར་བཏང་རྡེལ་རྩིས་ནི་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་མ་ཟད། བོད་ཀྱི་ཡིག་ཚགས་ཀྱི་བརྒྱ་ཆ་བཞི་བཅུ་ཡས་མས་རྡེལ་རྩིས་དང་འབྲེལ་བ་དོན་དམ་དུ་ཡོད། དེས་ན། དགེ་རྒན་ལགས་ནས་རྡེལ་རྩིས་ཀྱི་ལོ་རྒྱུས་སམ་རྡེལ་རྩིས་སྦྱངས་པའི་གོ་རིམ་སྐོར་ནས་གསུངས་པར་ཞུ།

ནོར་བྲང་ཨོ་རྒྱན། རྡེལ་རྩིས་རིག་གནས་སྦྱངས་བར་སྔོན་ཆད་ནོར་བུ་བྲང་ཁང་རང་ལ་བོད་ཡིག་གི་སློབ་གྲྭ་ཞིག་ཡོད། སློབ་གྲྭ་དེ་རུ་ཉིན་རེ་བཞིན་གྱི་ཞོགས་པར་ཡི་གེ་ཁྲིད། དགོང་ཁར་རྡེའུ་གཏོང་དུ་བཅུག་ནས་རྡེལ་རྩིས་བསླབ་ཀི་རེད། ང་རང་གིས་རྡེལ་རྩིས་དེ་ལྟར་སྦྱངས་པ་ཡིན། ལྷག་པར་དུ་ངའི་ཁྱིམ་ཚང་ནོར་བུ་བྲང་ཁང་གི་དགོངས་བསམ་ངེས་ཅན་ཞིག་ཡོད། ནོར་བུ་བྲང་ཁང་ལ་མཚོན་ན་སྐུ་དྲག་དེ་འདྲ་མ་རེད། ཁྱིམ་ཚང་དེ་དཔལ་འབྱོར་གྱི་ཐོག་ནས་ཤུགས་ཆེན་པོ་ཡོད། ང་ནི་དེ་དུས་སྐུ་དྲག་གསོ་སྐྱོང་བྱ་རྒྱུ་མིན་པར་ཁྱིམ་ཚང་འཛིན་པར་གསོ་སྐྱོང་བྱ་ཡུལ་ཡིན་པས་རྡེལ་རྩིས་སྦྱོང་བ་ལ་རེ་བ་ཤིན་ཏུ་མཐོ་པོ་ཡོད། དེ་ལྟར་དུ། ངའི་ཨ་ཁུ་དམ་པ་དེས་ཀྱང་དཔེ་ཁྲིད་སོགས་ཤིན་ཏུ་གཟབ་ནན་བྱེད། ནོར་བུ་བྲང་ཁང་ལ་ངམ་རིང་ཡོངས་ཁྱབ་པ་ཟེར་བ་ཞིག་ཡོད། ངམ་རིང་ཡོངས་ཁྱབ་པ་ཟེར་བ་ནི་ངམ་རིང་རྫོང་ཁོངས་ཀྱི་ཁྲལ་བསྡུ་བ་བོ་ལ་ཡོངས་ཁྱབ་པ་ཟེར་གྱི་ཡོད་པ་རེད། ཁྲལ་བསྡུ་བ་ལ་ངམ་རིང་རྫོང་རྫོང་སྡོད་དང་། ཡོངས་ཁྱབ་པ། བཀའ་ཤག་བཅས་གོ་གནས་གསུམ་ཡོད། རྫོང་ལ་རྫོང་སྡོད་མི་གཉིས་ཡོད། ཡོངས་ཁྱབ་ཟེར་བ་ནི་ང་ཚོ་ནོར་བུ་བྲང་ཁང་རང་ལ་ཁ་འཛིན་གཏན་འཁེལ་རང་འཇགས་རེད། རྡེལ་རྩིས་གཏོང་དུས་ལོ་གཅིག་ལ་འདུ་ཁོངས་རྩིས་རྒྱག་ཟེར་གི་རེད། མི་སེར་གྱི་ཁྲལ་ཡོངས་རྫོགས་ཡར་ལ་བསྡུས་ནས། ལོ་རེ་རེར་འདུ་ཁོངས་རྩིས་རྒྱག་ཐེངས་རེ་ཡོད་པ་རེད། འདུ་ཁོངས་རྩིས་རྒྱག་བྱེད་དུས་ལས་དྲུང་ནང་ཆེ་ཤོས་ཀྱི་རྡེའུ་གཏོང་བ་རེད། རང་ལོ་བཅོ་བརྒྱད་སྟེང་ཨ་ཁུ་དམ་པ་དེའི་མཛུབ་སྟོན་འོག་རྡེའུ་བཏང་བ་ཡིན། རྡེའུ་གཏོང་དུས་སུ་རྩིས་ཀྱི་རྣམ་གྲངས་མང་པོ་ཡོད། ཁྲལ་མང་པོ་བསྡུ་དགོས་པས་རྟ་ཁལ་རྒྱུགས་པ་རེད། རྟ་ཁལ་རྒྱུགས་ཟེར་བ་ནི་རྟ་བོ་དང་ཁལ་མ་རྒྱུགས་ནས་ཚད་གཞལ་བ་གོ་ན་འགྲིག ལུང་པ་སོ་སོར་ཁྱིམ་ཚང་ཁག་མང་པོ་ཡོད་པས་ག་ཚོད་གཏོང་དང་། ག་ཚོད་མར་འཐེན་པའི་རྩིས་རྒྱག་པར་རྩིས་ཀྱི་རྣམ་གྲངས་ཕལ་ཆེར་བརྒྱ་ལྷག་ཡོད། ཁ་སང་དེ་རིང་ཡིན་ན་ཉི་མ་རེ་རེའི་བྱུང་བ་དང་སོང་བའི་ཁལ་ལྟ་བུ་རེད། དེ་ཡིན་ན་ལོ་གཅིག་གི་ལྡབ་གཅིག་ལས་ཡོད་པ་མ་རེད། རྡེའུ་དེ་གཏོང་དུས་ང་ལ་ཨ་ཁུ་དམ་པ་དེས་སྦྱོང་བརྡར་གནང་སྟེ་ལོ་ཆུང་ཆུང་ཡིན་དུས་རྡེའུ་གཏོང་བར་བཅུག་ནས་རྫོང་གི་ལས་དྲུང་གི་ཚབ་ངས་བྱས་པ་ཡིན། དེ་དུས་ངམ་རིང་གི་ནང་ནས་ཡག་པོ་འདུག་ཟེར་བ་ད་ལྟའང་བག་ཆགས་ཟབ་པར་འདུག དེ་ནི་ངས་རྡེལ་རྩིས་སྦྱངས་པའི་གོ་རིམ་ལྟ་བུ་ཞིག་རེད།

 

བཅར་འདྲི་བ། རྡེལ་གཞུང་སརྒ་བརྒྱད་པའི་རྩོམ་པ་པོའི་ལོ་རྒྱུས་དང་རྡེལ་གཞུང་དེའི་ཁྱད་ཆོས་སྐོར་ནས་ཅུང་གསུངས་པར་ཞུ།

ནོར་བྲང་ཨོ་རྒྱན། དེའི་སྐོར་ནས་ངས་མང་པོ་བཤད་གི་མིན། རྡེའུ་གཞུང་སརྒ་བརྒྱད་པ་ལ་ཁྱད་ཆོས་མང་པོ་ཡོད་པ་རེད། བྲེ་གཞལ་བ་དང༌། འབོ། ཆ་ཕྲན་ཟེར་བ་སོགས་ནི་ཆེ་ཆུང་གྲ་རྒྱས་ཀྱི་ཐོག་ནས་ཡར་སྤར་མར་འཕྲི་བའི་གནད་དོན་ཞིག་རེད། ང་ཚོས་བཤད་ན་སྒྱུར་བགོ་སྣོན་འཐེན་ཟེར་བ་ལྟ་བུ་རེད། རྡེའུ་གཏོང་དུས་སུའང་སྒྱུར་བགོ་སྣོན་འཐེན་གང་ཡང་བྱེད་དགོས་པའི་གནད་དོན་ཞིག་རེད། དཔེར་ན་འབོ་ཆེ་བ་ནས་ཆུང་བར་འགྱུར་དགོས་གཙོ་བོ་ཡིན་ན་ཁྲལ་བསྡུ་བར་སྤྱོད་པའི་རིག་གནས་ཤིག་རེད། སརྒ་བརྒྱད་པའི་ནང་གི་དུས་གཅོག་དགོས་ན་ཟུར་ཞེས། སྤར་དགོས་ན་འགྲོ་ཟེར་བ་ལྟ་བུ་ཤེས་གསལ་ལྟར་རེད།

 

བཅར་འདྲི་བ། དབུས་དང་གཙང་གི་རྡེལ་རྩིས་སྦྱངས་སྲོལ་སྐོར་ནས་ཁྱད་པར་འདྲ་ཡོད་དམ།

ནོར་བྲང་ཨོ་རྒྱན། དབུས་དང་གཙང་གཉིས་ཀྱི་རྡེལ་རྩིས་ཀྱི་འགྲོ་སྟངས་གཅིག་པ་གཅིག་རྐྱང་རེད། དབུས་སུ་རྩིས་ཁང་ལས་བྱེད་མི་སྣས་རྡེལ་རྩིས་དེ་ཡིན་གཅིག་མིན་གཉིས་སྦྱོང་དགོས། རྩེ་ཤོད་གཉིས་ལས་ཤོད་དྲུང་གིས་ངེས་པར་སྦྱོང་དགོས་པ་དང་། སྦྱངས་ཚར་ནས་ད་དུང་ཡིག་རྒྱུགས་ལེན་དགོས། ཡིག་རྒྱུགས་བླངས་ནས་འཕྲོད་པ་ཡིན་ན་ད་གཟོད་རྩིས་ཁང་དུ་ཕྱིན་ནས་ལས་ཀ་བྱེད་ཆོག་པ་དེ་འདྲ་རེད། བཀྲ་ཤིས་ལྷུན་པོ་དགོན་པར་རྩིས་ཁང་གི་ཚུལ་དུ་ཡིག་ཚངས་པ་ཟེར་བ་ཞིག་ཡོད། ཡིག་ཚངས་པ་དེས་རྡེལ་རྩིས་སྦྱངས་དགོས་པ་དང་། རྡེལ་རྩིས་ཀྱི་འགྲོ་སྟངས་གཅིག་པ་གཅིག་རྐྱང་རེད། དེ་དུས་རྡེའུ་གཞུང་ཟུར་རྩིས་དེ་དབུས་གཙང་གཉིས་ནས་བེད་སྤྱོད་གཏོང་བཞིན་ཡོད། རྡེལ་གཞུང་ཟུར་རྩིས་དེ་འདུས་བྱུང་ཨནྣད་ཁོང་གིས་བརྩམས་གནང་བ་ཞིག་མ་རེད། དེ་ནི་སྔ་མ་རང་ནས་རྩིས་བརྒྱབ། ལག་ལེན་ཏུ་བཏབ་པ་མང་པོ་ཡོད་པ་ཐོར་བུ་གནས་པ་ཞིག་མ་གཏོགས་གཏན་ནས་མེད་པ་ཞིག་ཡེ་ནས་མ་རེད། བོད་ཀྱི་རིག་གནས་དེ་ཆོས་ལུགས་དང་འབྲེལ་བ་བྱུང་ཡོད་པས་ལོ་རྒྱུས་ཞིབ་ཆ་ལྡན་ལ་ཆ་ཚང་བ་ཞིག་ཡོད་ཅིང་། ཆོས་ལུགས་རང་དང་འབྲེལ་བ་མེད་པའི་རིག་གནས་དག་ནི་ཅུང་རྙོག་དྲ་ཅན་ལྟ་བུར་གྱུར་ཡོད། སྐབས་དེ་དུས་སུ་མི་ཚང་མས་དགོངས་པ་གནང་ས་ཆོས་ལུགས་མ་གཏོགས་གཞན་དག་ལ་དོ་སྣང་བྱེད་ཀི་མེད་པས་དེ་དག་གི་ཡིག་ཆ་ཤིན་ཏུ་ནས་དཀོན་པོ་རེད། དེ་བས་འདུས་བྱུང་ཨནྣད་དེ་དག་ཕྱོགས་སྒྲིག་གནང་བ་རེད་མ་གཏོགས་ཁོང་གིས་གསར་གཏོད་གནང་བ་དེ་འདྲ་མ་རེད། ཡང་བོད་ཀྱི་ལོ་རྒྱུས་སྟེང་དུ་དཔལ་འབྱོར་གྱི་རིག་པའི་གཞུང་ལུགས་ཞིག་ཡོད་པ་མ་རེད་ཟེར་བའི་གླེང་ཕྱོགས་ཞིག་ཡོད་པ་རེད། དེ་ནི་ཁོ་རྣམས་ཚོས་ཧ་མ་གོ་བ་རེད་མ་གཏོགས། དོན་དངོས་ཐོག་དེ་འདྲ་མ་རེད་ལ་བོད་ལ་དཔལ་འབྱོར་གྱི་རིག་པའི་གཞུང་ལུགས་ཤིག་ཡོད་པ་མ་ཟད། ད་དུང་ཕུན་སུམ་ཚོགས་པོ་ཞིག་ཡོད་ཟེར་རྒྱུ་དེ་ཡིན། ཡིན་ནའང་ད་ལྟའི་སྤྱི་ཚོགས་གསར་པར་ལག་ལེན་དུ་བསྟར་མི་དགོས་པས་ཕན་ཐོགས་ཆེན་པོ་ཡོད་པ་མ་རེད། ཁ་སང་དེ་རིང་སྲིད་ཇུས་ཀྱི་ཁ་ཕྱོགས་བཟང་བས་ཕྱོགས་གང་ཅིའི་ཐད་དུ་ཉམས་པ་སོར་ཆུད་དང་། མ་ཉམས་གོང་འཕེལ་དུ་གཏོང་རྒྱུའི་དགོངས་བཞེས་གནང་གི་ཡོད་པར་དམིགས་ནས། རྡེལ་རྩིས་ཀྱི་རིག་གནས་འདི་ཕུན་སུམ་ཇེ་ཚོགས་སུ་བཏང་བ་ཡིན་ན་བོད་གཅིག་པུ་མ་ཡིན་པར། ཀྲུང་གོ་ཡོངས་ཀྱི་རིག་གནས་ཐད་དུ་གཟི་བརྗིད་ཀྱི་ལས་ཀ་ཞིག་སྒྲུབ་པ་ཡིན་པས། དངོས་གནས་རྒྱལ་ཁབ་ཕྱི་ནང་ཀུན་དུ་མངོན་ཆོག་པ་ཞིག་ཀྱང་རེད་བསམ།

གནད་དོན་གཙོ་བོ་ནི་ཧྲིལ་བོའི་ངོས་ནས་བཤད་ན། དཔེར་ན་འགྲོ་ལྟ་བུར་མཚོན་ན་ཁལ་གཅིག་རེད། མར་ལ་ཆ་མཚོན་ན་ཉག་གཅིག་རེད། དབུས་གཙང་གཉིས་ལ་ཉག་དང་ཁལ་གཉིས་ཀྱི་ཐོག་ནས་འབུམ་གཅིག་གི་ཁྱད་པར་ཡོད་པ་རེད། ལྷ་ཁལ་ཟེར་གི་རེད། ལྷ་སའི་མར་གྱི་ལྷ་ཁལ་གསུམ་ལ་གཞིས་ཀ་རྩེའི་ལྷ་ཁལ་གཉིས་རེད། ཤོག་ཁ་ཡང་གཞིས་ཀ་རྩེ་ལས་ལྷ་ས་བདུན་གཅིག་གི་ཆུང་བ་ཡོད་པ་རེད། དེ་ལྟར་ཆེ་ཆུང་གི་ཐོག་ནས་བཤད་ན་ལྷ་སའི་དེ་ཅུང་ཆུང་བར་ཡོད་པ་རེད། སྔོན་ཆད་སྤྱི་ཚོགས་རྙིང་པའི་སྐབས་སུ་མར་ལྷ་ཁལ་གཅིག་ཟེར་དུས་གཞིས་ཀ་རྩེ་རུ་དེ་ཁལ་ཅིག་ལོངས་ཀྱི་མེད་པ་རེད།

 

བཅར་འདྲི་བ། རྡེལ་རྩིས་ནི་བོད་རང་ལ་མཚོན་ན་དཔལ་འབྱོར་གྱི་གཞུང་གལ་ཆེན་ཡིན་པ་དང་། མིག་སྔར་དེ་ལ་ཞིབ་འཇུག་བྱེད་མཁན་མེད་པ་དང་དཔེ་རྒྱུན་དཀོན་པོ་ཡོད་པ་སོགས་ཀྱི་གནས་ཚུལ་ལ་དམིགས་ནས་གསུང་རོགས།

ནོར་བྲང་ཨོ་རྒྱན། དེ་གོང་དུ་ཏོག་ཙམ་བཤད་པ་ལྟར་གཙོ་བོ་གཅིག་ནས་བོད་ཀྱི་ལོ་རྒྱུས་ཐོག་ནས་བལྟ་སྐབས། ཆོས་ལུགས་དང་འབྲེལ་བ་ཆེན་པོ་མེད་པའི་གནད་དོན་དག་ལ་ཡིག་ཆ་ཕུན་སུམ་ཚོགས་པོ་མེད་པ་དང་། ལྷག་པར་དུ་དཔལ་འབྱོར་རིག་པའི་སྐོར་གྱི་དཔྱད་གཞིའི་ཡིག་ཆ་ཤིན་ཏུ་ནས་དཀོན་པོ་རེད། ལྔ་པ་ཆེན་པོའི་སྐབས་ཀྱི་སྡེ་སྲིད་སངས་རྒྱ་མཚོའི་མཆོད་སྡོང་འཛམ་གླིང་རྒྱན་གཅིག་གི་དཀར་ཆག་ཏུ་དཔྱད་གཞི་ཅུང་ཙམ་ཡོད་པ་རེད། གསེར་ག་ཚོད་འབྲུ་ག་ཚོད་ཡིན་པ་སོགས་གསལ་ཞིང་དག་པར་ཡོད། དུས་ཚོད་ཀྱི་ཐོག་ནས་མང་པོ་ཡོད་མྱོང་བ་རེད་མ་གཏོགས། ཐད་ཀར་རང་བཙལ་དགོས་བྱུང་ན་ཤིན་ཏུ་ནས་ཉུང་བ་ཞིག་རེད། སྐབས་དེ་དུས་མི་རེར་གླ་ཆ་ག་ཚོད་གནང་དགོས་པ་དང་། འབྲུ་ལ་ཕབ་ན་ག་ཚོད་ཡིན་པ། ཁ་སང་དེ་རིང་འབྲུ་ལ་ཕབ་ན་མངོན་གསལ་དོད་པ་ཡོད་མ་གཏོགས། དངུལ་ཊམ་ཆུང་ཆུང་ཡིན་པའི་རྒྱུ་མཚན་གྱིས་ཁལ་ལ་བགུགས་ན་དཀའ་ལས་ཅི་ཡང་ཡོད་པ་མ་རེད། དེ་ལྟར་ལོ་རྒྱུས་ཀྱི་ཐོག་ནས་བལྟས་ན་དེ་ནི་ང་ཚོའི་ཞན་ཆ་ཞིག་རེད་འདུག རིག་པའི་གཞུང་ལུགས་དཔེར་ན་ཚད་མ་རིག་པ་ལ་སོགས་པ་ནི་བསམ་གྱིས་མི་ཁྱབ་པ་ཞིག་ཡོད་པ་རེད། དེ་ལྟར་འདི་དག་ཐད་ཀར་རང་ཉིད་ལ་འབྲེལ་བ་བྱུང་ན་མ་གཏོགས་དོ་སྣང་བྱེད་ཀི་མ་རེད། ཐད་ཀར་འབྲེལ་བ་ཡོད་པ་དཔེར་ན་སྲིད་གཞུང་གི་སྐུ་དྲག་སྐྱ་བོ་དག་གི་རྡེལ་རྩིས་མ་སྦྱངས་ན་ཆུང་ཆུང་སྐབས་སུ་ཡིག་རྒྱུགས་འཕྲོད་དཀའ་ལ། ཡིག་རྒྱུགས་འཕྲོད་དེ་རྫོང་དཔོན་བྱས་རྗེས་ཀྱང་རིམ་གྱིས་ལས་ཀ་དེ་དག་ལས་དྲུང་སོ་སོས་གཉེར་རྒྱུར་ཆགས་པས་འབྲེལ་བ་ཆེན་པོ་མེད་པར་འགྱུར་འགྲོ་བས། ད་ཆ་བཙལ་དུས་དེའི་སྐོར་གྱི་ཡིག་ཆ་ཉུང་ཉུང་རེད། ངའི་ལག་ཏུ་ཡོད་པ་དེ་དག་གིས་དེ་ལྟར་བྱེད་དགོས་བསམ་པ་མ་གཏོགས་ཕན་ཐོགས་ཆེན་པོ་འབྱུང་གི་རེད་བསམ་གི་མི་འདུག ད་ཡོད་ཀྱི་ངོས་ནས་བཤད་ན། རྡེའུ་གཞུང་ཟུར་རྩིས་ཤོག་ངོས་བཅུ་དྲུག་དང་རི་མོའི་ཤོག་ངོས་བཞི་བརྩིས་ན་བསྡོམས་ཤོག་ངོས་ཉི་ཤུ་ལས་མི་འདུག དེའི་ཐོག་ལ་གཞིས་རྩེའི་དྲུང་སོ་བསྟན་འཛིན་ཞེས་པ་དེའི་ཡིག་ཆ་ཤོག་ངོས་དོན་བརྒྱད་ལྷག་ཙམ་ཡོད། དེ་མིན་པའི་བྲིས་མ་ཁ་ཤས་ཞིག་ཡོད།

 

བཅར་འདྲི་བ། སྔོན་མའི་ཁྲལ་བསྡུ་ཚུལ་གྱི་ཐད་ནས་གཅིག་གསུང་རོགས།

ནོར་བྲང་ཨོ་རྒྱན། སྔོན་མའི་ཁྲལ་བསྡུ་ཚུལ་གྱི་ཐད་དུ་ངས་གནད་དོན་གཉིས་ཀྱི་ཐོག་ནས་བཤད་རྒྱུ་ཡིན། གཅིག་ཡིན་ན་ངམ་རིང་ཡོངས་ཁྱབ་ཟེར་བ་དེ་རེད། ངམ་རིང་ཡོངས་ཁྱབ་ཟེར་བ་ནི་སྤྱི་བཏང་གི་ཁྲལ་བསྡུ་མཁན་རེད། ཁྲལ་བསྡུ་སྐབས་མར་ནི་མར་རང་གིས་འཇལ་དགོས་པ་རེད། དེ་ལས་གཞན་པའི་འབྲུ་རིགས་ལ་སོགས་པ་སྦྱོར་བདེ་དབང་གིས་དངུལ་འགྱུར་བཏང་ནས་འཇལ་དགོས། འགྱུར་བ་དེ་གཏོང་མཁན་ཡང་པཎ་ཆེན་རིན་པོ་ཆེ་ཚང་ནས་བདེ་པོ་མི་འདུག་བསམ་ནས། སྐར་སྲང་ཐེངས་བཞི་རེད་ཞེས་ཏེ་འབྲུ་རིགས་ཀྱི་གྲངས་ཀ་དེ་དག་དངུལ་ལ་ཕབ་པས་སྟབས་བདེ་པོ་ཞིག་ཡོད་པ་རེད། གཞིས་ཀ་སོ་སོས་བཏབ་པའི་ས་ཞིང་དང༌། མི་སེར་གྱི་ཁྲལ། བོགས་མ་དང་བཅས་པ་ཚང་མ་དངུལ་འགྱུར་བཏང་ཡོད་པས་དངུལ་ཉུང་ཉུང༌དེ་བསྡུ་བ་ལས་གཞན་དཀའ་ལས་ཅི་ཡང་མི་འདུག སྔ་མ་སྔ་མར་དངུལ་དེ་འབོ་གཅིག་ལ་གྲངས་ཀ་གཅིག་ཡིན་ན་དངུལ་སྟོང་ཆེན་པོ་ཡིན་ཡང་སྲིད། རྗེས་སོར་དངུལ་ལ་རིན་ཐང་ཆེན་པོ་མེད་པས་ཊམ་ག་གཅིག་སྲང་དོ་མཐོ་རུ་བཏང་སོང་ཡང་དངུལ་དེ་ལ་མང་པོ་ཡོད་པ་མ་རེད། ང་ཚོས་ངམ་རིང་ཡོངས་ཁྱབ་ཟེར་བ་དེ་ཁྲལ་བསྡུ་མཁན་རེད། མར་བསྡུ་རྒྱུ་མང་པོ་ཡོད་པ་རེད། ཕལ་ཆེར་དོལ་པ་བརྒྱ་ལྷག་ཡོང་གི་ཡོད། འབྲུ་རིགས་བསྡུ་བ་ལ་དཀའ་ལས་ཅི་ཡང་མེད། ངམ་རིང་ཡོངས་ཁྱབ་ཟེར་དུས་མར་བསྡུ་བ་མ་གཏོགས་མང་ཆེར་དངུལ་འགྱུར་བཏང་ཡོད་པས་གཞན་ལས་དཀའ་ལས་ཆེན་པོ་མེད། ཁྲལ་བསྡུ་མཁན་གྱི་མིང་ལ་ཡོངས་ཁྱབ་ཟེར་ཞིང་དེ་ནི་གོ་ཐོབ་ཅིག་ཡིན། རྫོང་སོ་སོའི་སྣེ་མོ་ལས་འཛིན་ལྟ་བུ་ཡིན་ལ་གཞན་གཞིས་ཀ་སོ་སོས་བསྡུ་ངེས་རེད། གཞིས་ཀ་སོ་སོས་བཏབ་པའི་སྟོན་ཐོག་དེ་ནི་གཞིས་ཀ་ལ་འཇལ་དགོས་ཀྱི་ཡོད། མི་སེར་གྱི་ཁྲལ་ནི་གཞིས་ཀ་དེར་ལས་ཀ་བྱེད་དགོས་ཀྱི་ཡོད། དཔེར་ན་དེ་དུས་གལ་ཆེ་བ་ཞིག་ལ་དམག་ཁྲལ་འཇལ་རྒྱུ་དེ་རེད། ཆིན་རྒྱལ་རབས་སྐབས་ནས་བཙུགས་པའི་རྒྱ་སྦྱོང་དམག་མི་ཟེར་བ་ཞིག་ཡོད། དེ་ནི་གལ་ཆེན་པོ་ཞིག་རེད། དམག་ཞབས་འཐེན་དུས་གོ་ཁྲབ་སོགས་རང་ཉིད་ཀྱིས་སྒྲིག་དགོས་པས་ཁྲལ་ལྕི་མོ་ཡོད། འོན་ཀྱང་མི་སེར་རང་ནས་ཀྱང་ཁྲལ་མང་པོ་སྤྲོད་ཀྱི་མི་འདུག སྐབས་དེ་དུས་ཀྱི་ཁྲལ་པ་རང་ནས་མ་གཏོགས་མི་སེར་བསྡུས་ཆུང་ཟེར་བ་དེ་ཁ་སང་དེ་རིང་གི་ནང་གཟན་ཟེར་བ་དེ་རེད། གཞིས་ཀ་རྩེ་ལ་ཆ་བཞག་ནས་བཤད་ན་ནང་གཟན་གྱི་ཁྲལ་ཅི་ཡང་གཞལ་མི་དགོས་པས་ནང་གཟན་སྐྱིད་ཤོས་རེད། ནང་གཟན་ཟེར་བ་ནི་ཁྲལ་པའི་གཤམ་དུ་ཁང་པ་གཅིག་གཉིས་ཟིན་ནས་སྡོད་མཁན་ཞིག་ཡོད་པ་བསྡུས་ཆུང་ཟེར་བ་དེ་རེད་ལ། དེས་ཁང་པའི་ཁང་གླ་སྤྲོད་དགོས་པ་མ་གཏོགས་ཁྲལ་རིགས་ཅི་ཡང་གཞལ་མི་དགོས་པ་རེད། ཁྲལ་པ་ཟེར་བ་དེར་དཀའ་ལས་ཆེན་པོ་ཡོད་པ་རེད། སྐུ་དྲག་གི་གཞིས་ཀའི་ས་ཞིང་བཏབ་པ་ཁྲལ་ལ་གཞལ་དགོས་ཤིང་། བོགས་མ་འབྲུ་རིགས་ཀྱིས་དངོས་སུ་འཇལ་བ་ཞིག་དང་། དངོས་སུ་འཇལ་མི་དགོས་པ་དེ་དངུལ་གྱིས་འཇལ་དགོས་པ་རེད། བཞད་མཐོང་སྨོན་རྫོང་ཟེར་བ་ཞིག་ཡོད་པ་དེའི་རྒྱུད་ཀྱི་ཁྲལ་པས་ཚྭ་ལུད་དང་། དགར་རུ་སོགས་ཁྲལ་གྱི་རྣམ་གྲངས་མ་འདྲ་བ་ཁ་ཤས་ཞིག་འཇལ་དགོས་པར་འདུག་པ་མ་གཏོགས། ཁྲལ་རིགས་སྣ་ཁ་མང་པོ་མི་འདུག་ཅིང༌། དང་པོ་ཁྲལ་རིགས་བསྡུ་རྒྱུ་གཏན་འཁེལ་བྱེད་དུས་ཅུང་རྒྱས་ལ་ཞིབ་མོ་ཅིག་ཡོད་པ་འདྲ། རྡེའུ་གཏོང་སྐབས་རྡེའུ་ནག་པོ་ཞིག་འབྱུང་བ་ཐོ་བཟོ་ཟེར་བ་དེ་དག་གིས་ཁྲལ་འཇལ་དགོས་པ་ལྟ་བུ། དེ་ལྟར་ཁྲལ་གྱི་བསྡུ་སྟངས་ཡིན་ན་དེ་འདྲ་རེད། ཁྲལ་བསྡུ་བ་དེ་ཡང་ལོ་རེ་རེར་དེ་ལྟར་བྱས། དགའ་ལྡན་ལྔ་མཆོད་གོང་དུ་ལོ་གཅིག་གི་ཁྲལ་ཚང་མ་བསྐྱལ་ཚར་བ་རེད། སྤྱིར་བཏང་གི་འགྲོ་སྟངས་ལྟ་བུ་དེ་འདྲ་རེད། ཁྲལ་གྱི་རྣམ་གྲངས་ལ་འདྲ་མིན་མང་པོ་ཡོད་པ་རེད། གཞུང་སྒེར་ཆོས་གསུམ་གྱི་ཁྲལ་ཡོད་ཅིང་། སྐུ་དྲག་གི་གཞིས་ཀ་ཡིན་ན། ཁྱིམ་ཚང་སོ་སོའི་གནས་ཚུལ་གཞིགས་ནས་ལ་གཏད་ཆེ་དང་ལ་གཏད་ཆུང་ཞེས་འདྲ་མི་འདྲ་མང་པོ་ཡོད་པ་རེད། ཆོས་གཞིས་ལ་བོགས་མ་སྤྲོད་པ་མ་གཏོགས་གཞན་གྱི་ཁྲལ་རིགས་མེད། གཞུང་ཁོངས་ཀྱི་མི་སེར་དག་གིས་གཙོ་བོ་རྐང་འགྲོ་ལག་འདོན་ཟེར་བའི་རྐང་འགྲོ་ཟེར་བ་དེ་ཁྲལ་ལས་འུ་ལག་རྒྱུགས་དགོས་པ་ཞིག་རེད་ལ། ལག་འདོན་གྱི་ཁྲལ་ལྗིད་པོ་མེད་ཅིང༌། མི་བདག་ལ་སྤྲད་ཅེས་པའི་མི་བདག་དེ་ལོ་རྒྱུས་ཀྱི་ཁྲིམས་ལུགས་ཡིག་ཆར་ཡོད་པ་མ་གཏོགས། དོན་དངོས་ཐོག་དེ་འདྲ་ཉུང་ཉུང་རེད། ང་ཚོ་རང་ལ་མཚོན་ན་རྫོང་གཞིས་དེ་འདྲ་ཡོད་ཀྱང་དེ་ཚོར་མི་བདག་ཟེར་བ་ཞིག་བྱུང་མྱོང་ཡོད་པ་མ་རེད་ཅིང༌། གཙོ་བོ་སུ་སུ་ཞིག་གི་མི་ཁོངས་རེད་ཟེར་བ་དེ་གལ་ཆེན་པོ་རེད་ལ། སྐབས་དེ་དུས་སྤྱི་ནས་བཤད་ན་ཅུང་གུ་ཡངས་པོ་དེ་འདྲ་རེད།

 

བཅར་འདྲི་བ། རྐང་འགྲོ་ལག་འདོནཞེས་པ་ནི་བོད་ཀྱི་སྲིད་རྙིང་པའི་དཔལ་འབྱོར་འདུ་ཁོངས་རྩིས་རྒྱག་དང་ཁྲལ་འུལ་སྐུལ་གཏོང་གི་རྩ་བའི་མིང་ཚིག་ཅིག་རེད། ཁྱེད་ནས་སྟབས་བདེ་བ་དང་གོ་བདེ་བའི་འགྲེལ་པ་རགས་ཙམ་གནང་རོགས།

ནོར་བྲང་ཨོ་རྒྱན། “རྐང་འགྲོ་ལག་འདོན” ཞེས་པ་ནི་སྤྱི་ཚོགས་རྙིང་པའི་སྐབས་ཀྱི་ཁྲལ་འུལ་ལམ་ལུགས་རྒྱུན་གཏན་སྤྱོད་པའི་མིང་ཚིག་ཅིག་ཡིན། དེ་ཡང་རྐང་འགྲོ་ནི་ས་ཞིང་རྐང་ལ་གཞིགས་པའི་ཁྲལ་ཏེ་དམག་ཁྲལ་དང་། རྫོང་གཞིས་རང་གི་བདག་འདོམས་བྱེད་པའི་ས་ཞིང་འདེབས་སྐྱོང་གི་འུ་ལག དཔོན་རིགས་རྫོང་སྐྱེལ་ས་ཚིགས་ཀྱི་རྟ་ཁལ་ལ་སོགས་པ་དངུལ་དངོས་ལག་འདོན་མ་དགོས་པའི་འུ་ལག་གི་ཁྲལ་རིགས་ཀུན་ལ་རྐང་འགྲོ་ཟེར་ཞིང་། ལག་འདོན་ནི་གཞུང་སྒེར་ཆོས་གསུམ་གྱི་ས་ཞིང་གི་བོགས་མ་དང་། ས་ཞིང་སོན་འགྲོར་གཞིགས་པའི་ཁྲལ་རིགས་སྣ་ཚོགས་ཏེ། དཔེར་ན་འབྲུ་ཁྲལ་དང་། རྩ་ཁྲལ། ཤིང་ཁྲལ། མི་བོགས་སོགས་གང་ལྟར་ལག་ནས་འདོན་དགོས་པའི་ཁྲལ་རིགས་ཡོངས་ཀྱི་སྤྱི་མིང་ལ་ལག་འདོན་ཟེར་བ་ལྟ་བུའོ། །

 

བཅར་འདྲི་བ། དགེ་རྒན་ལགས་ཀྱིས་སྔོན་མ་བཀྲ་ཤིས་ལྷུན་པོ་ནས་བོད་ཀྱི་ཆོས་ལུགས་ལ་ཐོས་པ་ཟབ་མོ་ཡོད་པས། བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་ཁག་གི་ཞལ་འདོམས་ཕྱོགས་བསྒྲིགས་མཛད་ཡོད་ལ། དེབ་དེ་བསྒྲིག་དགོས་པའི་དམིགས་ཡུལ་དང་ཀུན་སློང་སྐོར་ནས་ཅུང་གསུང་རོགས།

ནོར་བྲང་ཨོ་རྒྱན། ཞལ་འདོན་ཕྱོགས་སྒྲིག་གི་སྐོར་ལ་དགེ་ལུགས་པ་དང་། བཀའ་བརྒྱུད་པ། རྙིང་མ་བ། ས་སྐྱ། ཞ་ལུ་ལུགས་བཅས་གྲུབ་མཐའ་ཆེན་མོ་ལྔ་བོར་ཞལ་འདོན་ཕྱོགས་སྒྲིག་ཡོད་པ་རེད། ཞལ་འདོན་ཕྱོགས་སྒྲིག་གི་ཆེས་ཐོག་མའི་རྨང་གཞི་ལྟ་བུ་ནི་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་བཏོན་པ་རེད། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་བཏོན་པའི་སྐབས་སུ་མཚོ་སྔོན་སོགས་ནས་ཀྱང་དུམ་བུ་དུམ་བུ་རེ་བཏོན་བྱུང་། ཕུན་སུམ་ཚོགས་པོ་མིན་འདུག དེ་བས་དེ་ལ་གཞིགས་ནས་སྤྱི་ནས་གཅིག་བཏོན་ན་སྙམ་པའི་ཀུན་སློང་སྐྱེས་ནས། སྐབས་དེའི་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་སྐུལ་མ་བྱུང་བར་ངས་ལས་ཀ་དེ་ཕན་པ་ཆེ་བར་མཐོང་ནས་ཁས་བླངས་པ་ཡིན། ཡིན་ནའང་ཞལ་འདོན་ཕྱོགས་སྒྲིག་དངོས་སུ་སྒྲིག་དུས་ཁུངས་བཙུན་པོ་ཞིག་མེད་ན་འགྲིག་གི་མེད་པས། ཞལ་འདོན་ཕྱོགས་སྒྲིག་ལ་དཔེ་ཆ་བལྟ་དུས་གང་བྱུང་སྤེལ་མི་ཆོག་པར་སྙན་ནས་སྙན་བརྒྱུད་པའི་སྙན་བརྒྱུད་ཟེར་བ་ཞིག་ཡོད་པ་ཕུད་པའི་སྤྱིར་བཏང་ཁ་སྣོན་བྱས་པ་དེ་ཚང་མའི་ཆེད་དུ་ཡིན་ལ། ལས་ཀ་དེ་ཡང་ང་གཅིག་པུས་བྱས་པ་ཞིག་མིན་པར། སྐབས་དེར་སྐུ་བཞུགས་གནང་བའི་བླ་མ་དང༌། འཕགས་པའི་དགེ་འདུན་ལ་སོགས་པ་མང་པོ་ཞིག་གི་ཞབས་ལ་གཏུགས་ནས་བཀའ་འདྲི་ཞུས། དེ་ནས་སྔོན་ཆད་ཀྱི་ཡིག་ཆར་བཀོད་པའི་ཞལ་འདོན་སོགས་བསྡུ་རུབ་བྱས་ཏེ། ཉིན་གཅིག་གི་སྔ་མོ་མལ་ལས་ལངས་བ་ནས་དགོང་མོ་ཉལ་ཁའི་བར་དུ་བྱ་བ་ལྟ་བུ་ཅི་འདྲ་ཡོད་པ། དེ་དག་གི་ཐོག་ནས་དཀོན་མཆོག་གསུམ་ལ་སོགས་པའི་ནང་དོན་ག་ས་གང་ནས་བསྡུས་ཏེ་ཞལ་འདོན་ཕྱོགས་སྒྲིག་འདི་བཏོན་པ་ཡིན་ཞིང་། མི་རྣམས་ཀྱིས་ཀྱང་དགའ་པོ་གནང་ནས་ཞལ་འདོན་ཕྱོགས་སྒྲིག་འདི་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་ཐེངས་གང་མང་ལ་བསྐྱར་དུ་དཔར་ཡོད་པ་རེད་ལ། དཔེ་ཆ་དགོས་ངེས་ཅན་ཞིག་ཡིན་པས་ཚང་མས་དགའ་པོ་གནང་གི་འདུག ཞལ་འདོན་ཕྱོགས་སྒྲིག་ཟེར་བ་དེ་བོད་རང་གི་ངོས་ནས་བཤད་ན། ནང་བའི་ཆོས་ལ་དད་པའི་སྐྱེ་འགྲོ་ཀུན་གྱིས་གྲུབ་མཐའ་སོ་སོའི་དཔེ་ཆ་ལ་བལྟ་བཞིན་ཡོད་ཀྱང་འགལ་བ་ཅི་ཡང་ཡོད་པ་མ་རེད། བདག་གི་སྟོན་པས་བསྟན་པའི་ཐར་བ་དང་ཐམས་ཅད་མཁྱེན་པའི་དགོངས་པ་དེ་རེད། གཙོ་བོ་ཡིན་ན་བདག་ལས་གཞན་གཅེས་ཀྱི་སེམས་འདི་ཡིན། དེ་ལྟར་ཡིན་པས་ཞལ་འདོན་ཕྱོགས་སྒྲིག་འདིའི་ནང་དུ་བསམ་བློར་ཤུགས་རྐྱེན་ཐེབས་ངེས་པའི་ནང་དོན་མང་པོ་ཞིག་ཡོད་པ་རེད། སྐབས་དེ་དུས་ཞལ་འདོན་འདི་དག་ཕྱོགས་སྒྲིག་བྱས་པ་ནི་ང་རང་གི་དད་པའི་སྒོ་གསུམ་རྩལ་དུ་བཏོན་པས་ཧུར་ཐག་འབད་ཐག་བྱས་ནས་བསྐྲུན་པ་ཞིག་ཡིན་ལ། མི་རྣམས་ཀྱི་དགའ་པོ་གནང་གི་འདུག་ཅིང་ཁྱབ་རྒྱ་ཡང་ཆེན་པོ་འདུག ཞལ་འདོན་ཕྱོགས་སྒྲིག་དེ་དཔེ་ཆ་ཡོངས་རྫོགས་བསྡུ་རུབ་བྱས་པ་དེ་འདྲ་ཞིག་མ་རེད། ཐེམ་སྤུངས་མ་ཟེར་བ་དང་། སྙན་བརྒྱུད་ཀྱི་གདམས་ངག་ཟེར་བ་དེ་དག་གཏན་ནས་བཤད་མི་ཆོག་པ་ཞིག་རེད། དཔེར་ན། པཎ་ཆེན་གྱི་དཔེ་བརྒྱུད་ནི་དབང་ལུང་ཁྲིད་གསུམ་མ་བྱུང་བར་བྱུང་རྒྱལ་དུ་བལྟ་རྒྱུ་མེད་པ་དང༌། ལྷག་པར་དུ་རྩ་རླུང་གི་གནད་དོན་དེ་དག་གང་བྱུང་དུ་བལྟ་ཆོག་གི་མེད་ཅེས་པའི་བཀའ་རྒྱ་དེ་འདྲ་ཡོད་ཅིང༌། རྩ་རླུང་ལ་རང་དབང་འཐོབ་ན་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་རེད། རྗེ་མི་ལ་རས་པ་ལྟར་རྩ་རླུང་ལ་རང་དབང་ཐོབ་པ་ཡིན་ན་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་རེད། རྩ་རླུང་གི་དུས་སུ་དབང་ལུང་ཁྲིད་གསུམ་ཆ་ཚང་མ་ཐོབ་ན་མི་འགྲིག་པས་དེ་དག་ཞལ་འདོན་ཕྱོགས་སྒྲིག་ཏུ་བཀོད་མེད་པ་དང་། དེ་ལས་རྒྱུན་ལྡན་གྱི་ཆོས་སྤྱོད་ཀྱི་ཞལ་འདོན་བྱེད་པ་དེ་དག་ཕྱོགས་སྒྲིག་བྱས་པ་ཡིན།

 

བཅར་འདྲི་བ། དགེ་རྒན་ལགས་ནས་བསྒྲིགས་པའི་ཆོས་རྣམ་ཀུན་བཏུས་ཞེས་པའི་ཚིག་མཛོད་དེ་ནི་བོདརང་ལ་མཚོན་ན་སྔོན་ཆད་མེད་པའི་ཆོས་ལུགས་ཐད་ཀྱི་ཚིག་མཛོད་ཆེན་པོ་ཞིག་ཡིན་པའི་ངོས་ནས་དེབ་དེ་སྒྲིགསྐབས་ཀྱི་དཀའ་ངལ་དང་ཀུན་སློང༌། དམིགས་ཡུལ་སོགས་ནས་ཅུང་གསུང་རོགས།

ནོར་བྲང་ཨོ་རྒྱན། ཆོས་རྣམ་ཀུན་བཏུས་ཟེར་བ་འདི་བོད་ཀྱི་རིག་གནས་ངོས་ནས་བཤད་ན་གལ་ཆེན་པོ་ཞིག་རེད། དེའི་ནང་ཉིང་བཅུད་ཀུན་པོ་ཕྱོགས་གཅིག་ཏུ་བསྡུས་ཡོད་པ་དང་། དང་པོ་དབུ་ཚུགས་དུས་བཀའ་འགྱུར་ནས་འགོ་བརྩམས་ནས་བལྟས་པ་ཡིན་ལ། བཀའ་འགྱུར་དང་བསྟན་འགྱུར་གྱི་ནང་དོན་གོ་བདེའི་ངང་ཕྱོགས་སྒྲིག་བྱས་ན་ཕན་ཐོགས་ཆེ་བར་བསམ་ནས་ཕྱོགས་སྒྲིག་གི་ལས་ཀ་བྱས་པ་ཡིན། དེ་ནི་ལས་ཀ་དེ་བྱེད་པའི་ཐོག་མའི་ཀུན་སློང་ལྟ་བུ་ཡིན། སྐབས་དེ་དུས་ཀྱི་བོད་རིག་པ་དཔེ་སྐྲུན་ཁང་གི་ཀྲུའུ་རེན་བསོད་ནམས་རྡོ་རྗེ་ལགས་ཀྱིས་ལྷག་པ་ཀྲུའུ་ཞི་ལ་ཕྱོགས་སྒྲིག་བྱས་ནས་ཕན་ཡོན་ཆེ་བའི་སྙན་སེང་ཞུས་ནས། ཆོས་རྣམ་ཀུན་བཏུས་ཞེས་པ་འདི་ཕྱོགས་སྒྲིག་བྱ་རྒྱུ་བྱུང༌། ཕྱོགས་སྒྲིག་གི་གོ་རིམ་ཁྲོད་དུ་ངས་ཟིན་ཐོ་མང་པོ་བཀོད་ཅིང་། དཀར་ཆག་མང་པོ་སྒྲིག་ཡོད། བོད་རང་ལ་ཆོས་རྣམ་ཀུན་བཏུས་ཞིག་ཡེ་ནས་མེད་པས། སྐབས་དེ་དུས་ནས་ཆོས་ཀྱི་རྣམ་གྲངས་ཁྲི་དྲུག་བརྒྱ་ལྷག་ཅིག་གཏན་འཁེལ་བྱས་པ་རེད། རྗེས་སོར༡༩༨༨ལོར་བོད་རིག་པའི་གྲོས་ཚོགས་ལ་ཞུགས་ནས་བགྲོ་གླེང་བྱས་མཐར་ལྷག་པ་ཀྲུའུ་ཞིས་ཐུགས་འཁུར་གདེང་འཇོག་མཐོ་པོ་གནང་ནས་ཁ་སྐོང་བྱེད་དགོས་པའི་བསམ་འཆར་ཡང་བཏོན་སོང༌། ཆོས་རྣམ་ཀུན་བཏུས་འདི་ལ་སྔ་མའི་དཔེ་ཆ་དང་མི་འདྲ་བའི་ཁྱད་ཆོས་ཞིག་ཡོད་པ་རེད། སྔོན་མའི་ཆོས་ཀྱི་རྣམ་གྲངས་དེ་དག་ལ་དོན་དག་འདི་དང་འདི་རེད་ཟེར་བ་མ་གཏོགས། ཡོངས་ཁུངས་ཀྱི་ཡིག་ཆ་དང་འགྲེལ་བཤད་ཀྱི་ནང་དོན་ཡེ་ནས་མེད། ཡིག་ཆའི་ཁུངས་གསལ་པོ་ཞིག་མེད་ཚེ་ལུང་འདྲེན་བྱེད་དུས་རྙོག་དྲ་ཆེན་པོ་འདུག དེ་བས་རང་བཟོའི་བློ་ཕྲ་མོ་ཙམ་ཡང་སྤངས་ནས་བཀའ་འགྱུར་དང་བསྟན་འགྱུར་གྱི་པོད་གྲངས་དང་ཤོག་ངོས་བཅས་ཅི་ལྟར་ཡོད་པ་སོར་བཞག་གིས་གསལ་པོར་བཀོད་ཡོད་ལ། མདོ་གཅིག་གྱུར་ཡིན་པས་ཅི་ཡང་བཤད་རྒྱུ་ཡོད་པ་མ་རེད། གྲུབ་མཐའི་ནང་དོན་གྱི་སྐབས་སུ་གྲུབ་མཐའ་རེ་རེར་བཤད་སྟངས་འདྲ་མིན་སྣ་ཚོགས་ཡོད་པའི་རྒྱུ་མཚན་ལ་དམིགས་ནས། བཤད་སྟངས་ཅི་འདྲ་ཡོད་པ་ཡིན་མིན་གྱི་དབྱེ་བ་ཅི་ལྟར་ཡིན་རུང་ཁུངས་དང་ལྡན་པའི་རྒྱུ་མཚན་གྱིས་དཔྱད་གཞིའི་ནང་དུ་དཔེ་ཆ་འདི་དང་གན་ལ་གཟིགས་དགོས་རྒྱུའི་སྐུལ་མ་བྱས་ཡོད་པ་དང་། དེ་ལས་ཡིད་གཟབ་བྱས་པའི་རྒྱུ་མཚན་གྱིས་ཤུགས་རྐྱེན་དང་བག་ཆགས་ཟབ་མོ་ཞིག་འདུག རྒྱལ་ཕྱི་རྒྱལ་ནང་གི་རིག་གཞུང་སྡེ་ཁག་ལ་ཤུགས་རྐྱེན་ཆེན་པོ་ཐེབས་འདུག ཐོག་དང་པོར་ཨ་མེ་རི་ཁར་བསྐུར་ནས་ཆོས་རྣམ་ཀུན་བཏུས་ཀྱི་གློག་རྡུལ་པར་མ་བསྐྲུན། གློག་རྡུལ་པར་མ་དེ་བོད་བརྒྱུད་ནང་བསྟན་དཔེ་ཚོགས་ལྟེ་གནས་ནས་མི་གཅིག་གིས་ཟླ་བ་གསུམ་གྱི་དུས་ཚོད་བེད་སྤྱད་དེ་བཟོས་པ་ཡིན་སྐད། དེ་འདྲའི་དོ་སྣང་དང་ཤུགས་ཆེའི་རྒྱབ་སྐྱོར་གྱི་འོག་ནས་ཁ་སང་དེ་རིང་གི་བཤེར་འཚོལ་མ་ལག་ཆ་ཚང་པ་ཞིག་བཟོས་ཡོད། དེབ་དང་པོ་དེ་ཕར་བོད་རིག་པའི་ལྟེ་གནས་ལ་བསྐུར་བ་ཡིན། དེབ་གཉིས་པ་དེ་ད་ལྟ་བཟོ་བཞིན་ཡོད་ལ་དེར་དམིགས་བསལ་གྱི་ཁྱད་ཆོས་ཞིག་ནི་མ་ལག་ཚང་བ་ལྟ་བུ། དཔེར་ན་བླ་མ་ཞིག་འབྲི་བ་ལ་ཆ་བཞག་ན་བླ་མ་གཅིག་པུའི་དོན་དག་མ་ཡིན་པར། དེའི་ཐོག་མའི་བླ་བརྒྱུད་དང་བཅས་པ། དེས་སྦྱངས་ཤིང་སྲོལ་བཏོད་པའི་གཞི་ལམ་འབྲས་གསུམ་དང་བཅས་པ་གསལ་པོར་དགོད་རྒྱུའི་ལས་ཀ་ད་ལྟ་སྒྲུབ་བཞིན་ཡོད་ཅིང་། ཅི་ནེ་སིའི་ནང་ཚུད་ཐུབ་འགྲོ་བསམ་པའི་ལས་ཀ་ཆེན་པོ་ཞིག་རེད།

སྔ་གཞུག་ལོ་བདུན་གྱི་རིང་དུ་ལས་ཀ་བྱས་པ་ཡིན་ལ། ཐོག་མའི་ལོ་གསུམ་གྱི་རིང་དུ་དེབ་དང་པོ་ཁ་སྐོང་དང་བཅས་པ་སྒྲིག དེ་ནས་ལོ་གསུམ་གྱི་རིང་དུ་དེབ་གཉིས་པ་ཁ་སྐོང་བྱས། ལས་ཚེགས་ཤིན་ཏུ་ལྕི་བས་དེ་ལྟ་བུ་ཞིག་ལས་ལྕོགས་ཀྱང་མི་ནུས་པར་འདུག གཙོ་བོ་ང་རང་དཔེ་ཆ་བལྟ་རྒྱུར་དགའ་པོ་ཡོད་ལ། དཔེ་རྙིང་གི་ལས་ཀ་དེར་འཇུག་འདོད་ཆེ་བ་དང་། ད་ཆ་དཔེ་རྙིང་རྩ་ཆེན་འཚོལ་བསྡུ་དང་སྲུང་སྐྱོབ་བྱེད་པའི་དགོངས་བཞེད་གནང་གི་འདུག ང་རང་གིས་མཐུན་སྦྱོར་གནང་བ་ཡིན། ངས་དཔེ་ཆ་མང་པོ་ཕུལ་བ་ཡིན། སྔོན་མ་ཕྱག་དཔེ་དེ་དག་གཡོར་བར་ཡོང་མཁན་ལ་གཡར་གྱི་ཡོད། ཁ་ཤས་ཀྱིས་གཡར་ནས་ཕྱིར་མི་སྤྲོད་པའི་གནད་དོན་དེ་འདྲ་འདུག དེ་ཡག་པོ་མི་འདུག ཕོ་བྲང་ནང་བཅུག་དུས་རྒྱལ་བསྟན་ཇི་སྲིད་བར་དུ་གནས་ཀི་རེད། ཁྱིམ་ཚང་ན་བཞག་དུས་སྤྱོད་རྒྱ་མེད་པ་ལྟ་བུ། ང་རང་ལ་མཚོན་ན་ཁྱིམ་གྱི་བུ་ཕྲུག་ཚང་མར་བྱ་བ་ཡོད། ཁོང་ཚོའི་དཔེ་ཆ་དེ་དག་ལ་བལྟ་མིན་མི་ཤེས་པས། དཔེ་ཆ་ཡོད་ཚད་དཔེ་ཆ་བལྟ་མཁན་ཞིག་ལ་གནང་འདོད་ཡོད། དགེ་རྒན་ཚུལ་ཁྲིམས་རྒྱལ་མཚན་ལགས་ཀྱི་གསུངས་པ་ནང་བཞིན། དགོན་པ་བཞེངས་རྒྱུ་དང་སྐུ་རྟེན་བཞེངས་པ་དེ་འདྲ་གཙོ་བོ་མ་རེད། སངས་རྒྱས་ཀྱི་གསུང་དེ་དག་ལ་སྦྱོང་བ་བྱས་ན་མི་རབས་རྗེས་མར་ཕན་ཐོགས་ཆེན་པོ་འདུག་ཅེས་གསུངས་པ་ནི་སྐྱེས་བུ་དམ་པའི་བཀའ་རུ་འཁུམས།

 

བཅར་འདྲི་བ། དགེ་རྒན་ལགས་ནས་བརྩམས་པའི་བོད་ཀྱི་དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་ཀྱི་འགྲེལ་་ཡིད་ཀྱི་དགའ་སྟོན་སྐོར་ནས་ཅུང་གསུང་རོགས།

ནོར་བྲང་ཨོ་རྒྱན། ༡༩༨༤ལོར་སྤྱི་ཚོགས་ཚན་རིག་ཁང་ནས་མི་སུམ་ཅུ་ལྷག་ཀྲུང་དབྱང་མི་རིགས་ཞིབ་འཇུག་སློབ་གླིང་དུ་སློབ་སྦྱོང་བྱེད་པར་བཏང་དུས། ང་ཁོ་ཚོས་དགེ་རྒན་བྱས་ནས་ལོ་གཅིག་བསྡད་པ་ཡིན། དེ་དུས་དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་འདི་ལོ་རྒྱུས་དང་རྩོམ་རིག་གཉིས་གོ་ཆོད་པས་བསླབ་དེབ་ཏུ་བཟུང་བ་ཡིན་ལ། ངས་སློབ་ཁྲིད་ལ་གྲ་སྒྲིག་བྱས་པའི་ཁྲིད་གཞི་དེ་ལ་ཁ་སྐོང་བྱས་ནས་བརྩམས་པ་ཞིག་རེད། དེབ་དེའི་ཁྱད་ཆོས་ལ་མཚོན་ན་རྒྱལ་དབང་ལྔ་པ་ཁོང་གི་དགོངས་པ་མ་གཏོགས། མ་དཔེ་ལས་འཕྲོས་པའི་བཟོ་བཅོས་ཁྱོན་ནས་བརྒྱབ་མེད། འོན་ཀྱང་དེའི་ཁྲོད་ཀྱི་གནད་དོན་ཁ་ཤས། དཔེར་ན་ལོ་ཚིགས་ཀྱི་གནད་དོན་ཁ་ཤས་ནོར་བ་རྡོ་རིང་ལ་སོགས་པའི་སྟེང་ཤེས་ཐུབ་པ་དེ་དག་ལ་ཞབས་འདེགས་ཀྱི་ཚུལ་དུ་གཞན་པས་དེ་འདྲ་ཟེར་གྱི་འདུག་ཅེས་གསལ་འདེབས་བྱས་པ་མ་གཏོགས། ལྔ་པ་ཆེན་མོའི་[6]དགོངས་པ་ལ་འགྱུར་བཅོས་ཅི་ཡང་བྱས་མེད། དེ་འདྲ་ཡིན་དུས་མི་ཚང་མས་ཀྱང་དགའ་པོ་གནང་གི་འདུག་ལ། ད་ཆ་དཔེ་ཆ་དེ་ཚོང་དེ་དང་འབྲེལ་ནས་མུ་རའི་ནང་དུ་མེད་ཀྱང་ཁ་ཤས་ཀྱི་བསྐྱར་དཔར་བཏང་ནས་བེད་སྤྱོད་གཏོང་གི་འདུག མཐུད་དེ་བཤད་ན། ཡ་ཧན་ཀྲང་ལ་ཕག་གྲུ་སྐབས་ཀྱི་ལོ་རྒྱུས་དེབ་ཐུང་ཞིག་འདུག་ཀྱང༌། ཁོང་ནི་བོད་ཀྱི་རིག་གནས་ལ་མཁས་ཞིང༌། ཤ་ཞེན་ཆེ་བ་དེ་འདྲ་ཡིན་ཡང་དོན་དག་དེའི་སྐོར་ནས་གླེང་བསླངས་མི་འདུག གཙོ་བོ་བྱས་ན་བོད་ཀྱི་གནའ་ཡིག་གི་གོ་བ་ཞན་པ་རེད་བསམ་གྱིན་འདུག

 

བཅར་འདྲི་བ། དགེ་རྒན་ལགས་ནས་ལོ་རྒྱུས་ལ་ཞིབ་འཇུག་གཏིང་ཟབ་གནང་ཡོད་པས་ལོ་རྒྱུས་རྒྱུ་ཆ་འཚོལ་ཐབས་དང་ལྟ་ཀློག་བྱེད་ཚུལ་སྐོར་ནས་ཅུང་གསུང་རོགས།

ནོར་བྲང་ཨོ་རྒྱན། དེའི་སྐོར་ནས་གོང་ནས་བཤད་ཟིན་པ་ལྟར་དཔེར་བཞག་ན། ངས་དཔེ་རྙིང་དཔེ་སྐྲུན་ཁང་དུ་ལས་ཀ་བྱེད་དུས་རྒྱུ་ཆ་མང་པོ་བསྡུ་རུབ་བྱས་ཡོད་ཅིང༌། སྐབས་དེ་དུས་ཁྱིམ་ཚང་གི་འཁོས་ཀ་ཞན་ཡང་རང་ཉིད་ཀྱིས་བསྐྱར་དཔེ་འཕྲུལ་ཆས་ཞིག་སྒྲིག་ཡོད་ལ། དཔེ་ཆ་གསར་པ་འདྲ་ལག་སོན་བྱུང་སྐབས་བསྐྱར་དཔར་བྱས་ན་འགྲིག་མིན་གྱི་སྐད་ཆ་དོ་བདག་ལ་གསལ་པོར་དྲིས་ནས་དཔེ་ཆ་མང་པོ་ཞིག་ལག་སོན་བྱུང་བ་དང༌། དེའི་རྗེས་སུ་གློག་རྡུལ་ཡིག་ཆ་དར་ཁྱབ་བྱུང་བས་རྒྱུ་ཆ་བཙལ་ནས་རྙེད་པ་ལ་སྟབས་བདེ་ཆེན་པོ་བྱུང་།

 

བཅར་འདྲི་བ། སྔོན་མ་དགེ་རྒན་ལགས་ནས་བོད་ཀྱི་རྣམ་ཐར་མང་པོ་འཚོལ་བསྡུ་དང་དེ་ལ་ཞིབ་འཇུག་གནང་ཡོད་པས། དཔེ་རྒྱུན་དཀོན་པའི་རྣམ་ཐར་དང༌། ཡང་ན་དེའི་ཞིབ་འཇུག་གི་གནས་བབ་སོགས་ཀྱི་ཆ་ནས་ཅུང་གསུང་རོགས།

ནོར་བྲང་ཨོ་རྒྱན། དེའི་ཐད་ལ་ང་རང་གི་བརྩམས་ཆོས་ཀྱི་སྟེང་ནས་བཤད་རྒྱུ་ཡིན། ང་རང་ལ་བོད་རིག་པའི་སྐོར་གྱི་བརྩམས་ཆོས་ཆོས་རྣམ་ཀུན་བཏུས་ལ་སོགས་དེབ་ཉི་ཤུ་ཡོད། དེར་ཡིག་འབྲུ་ཁྲི་ཆིག་སྟོང་བརྒྱ་དང་བརྒྱད་ཅུ་གྱ་གཅིག་ལྷག་ཡོད་པ་ནི་ཉུང་བརྩིས་བྱས་པ་ཡིན་པ་དང་། ད་རུང་རྗེ་མི་ལ་རས་པའི་སྐོར་ཞིག་ཡོད་པ་རྗེས་སོར་འདོན་སྤེལ་བྱ་རྒྱུ་ཡིན། ད་སྔ་ཕྱི་ལ་བཏོན་ཟིན་པའི་བརྩམས་ཆོས་དེ་དག་ལ་རྒྱལ་ཁབ་རིམ་པའི་བྱ་དགའ་ནི་མང་པོ་ཐོབ་ཡོད་པ་སྟེ། ༡༩༩༣ལོར་བོད་ཀྱི་ལོ་རྒྱུས་གཡུ་ཡི་ཕྲེང་བ་ལ་རྒྱལ་ཁབ་ཀྱི་དཔེ་དངོས་བྱ་དགའ་ཐོབ་པ་དང་། དེ་ནས་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཇོ་མོ་གླང་མའི་སྨྱུག་གསར་བྱ་དགའ་ཞིག་ཐོབ་པ་རེད། དཔག་བསམ་འཁྲི་ཤིང་ལ་རྒྱལ་ཡོངས་ནས་བྱ་དགའ༦༠ལས་མེད་པའི་སྨྱུག་གསར་བྱ་དགའ་ཐོབ་ཡོད་ལ། ཇོ་མོ་གླང་མའི་བྱ་དགའ་ཨང་རིམ་གསུམ་པ་རེག་འདུག དཔག་བསམ་འཁྲི་ཤིང་གི་དཔེ་ཆ་འདི་གལ་ཆེན་པོ་ཞིག་ཡིན། བོད་ཀྱི་ངེས་དོན་གྱི་མཁས་པའི་དབང་པོ་དང་ལོ་པཎ་ཆེན་མོ་ས་སྐྱ་པཎྜི་ཀུན་དགའ་རྒྱལ་མཚན་[7]སྐུ་གཟིམ་ཁྲིའི་མཐའ་ཅན་དུ་གྱུར་བའི་སྐབས་སུ། འགྲོ་མགོན་འཕགས་པ་བློ་གྲོས་རྒྱལ་མཚན་ལ་ཁོང་རིགས་ལ་མཐུན་རྐྱེན་མ་འཛོམས་པར་སྒྲུབ་གནང་མ་ཐུབ་པའི་དོན་དག་གལ་ཆེན་གསུམ་ཞལ་ཆེམས་སུ་གནང་ཡོད་པ་རེད། དང་པོ་ནི་འགྲོ་མགོན་འཕགས་པ་བློ་གྲོས་རྒྱལ་མཚན་གྱིས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས་མེད་པ་དེ་ཐུགས་འཁྲེང་བ་ཡིན་པ་དང༌། གཉིས་པ་ནི་དུས་ཀྱི་འཁོར་ལོའི་རྒྱུད་ཐེག་འཛིན་གྱི་ཚིགས་བཅད་ཅན་མ་འགྱུར་བ་དེ་ཐུགས་གནག་པ་དང་། གསུམ་པ་ནི་དཔག་བསམ་འཁྲི་ཤིང་བོད་སྐད་དུ་མ་འགྱུར་བ་བཅས་ནི་ང་རང་གིས་སྒྲུབ་མ་ནུས་པའི་དོན་བྱ་གལ་ཆེན་གསུམ་ཡིན་ཞེས་གནང་ཡོད་པ་རེད། དེ་ནས་ས་པཎ་དགོངས་པ་རྫོགས་རྗེས། འགྲོ་མགོན་གྱིས་ཤོང་སྟོན་རྡོ་རྗེ་རྒྱལ་མཚན་[8]ལ་ཆོས་རྗེའི་ཞལ་ཆེམས་བསམ་ན། ང་ནི་བསྙེན་པར་རྫོགས་ཤིང་། དེ་འཕྲོས་གཉིས་ནི་ད་དུང་འགྲུབ་མེད་པ་ཁྱེད་ཀྱིས་ཐུགས་ལ་འཇགས་པར་འཚལ་ཞེས་གནང་ནས། ཤོང་སྟོན་རྒྱ་གར་དུ་བརྫངས་ནས་པཎ་ཆེན་ལ་ཤྲི་ཀ་ར་གདན་དྲངས་ནས་དུས་ཀྱི་འཁོར་ལོའི་རྒྱུད་ཐེག་འཛིན་གྱི་ཚིགས་བཅད་ཅན་མ་དང་དཔག་བསམ་འཁྲི་ཤིང་ཆ་ཚང་བོད་ཡིག་ཏུ་བསྒྱུར་ལ། འགྱུར་གྱི་སྤུས་ཚད་གཞི་དེ་བོད་ཀྱི་མཁས་པ་ཞིག་གིས་དངོས་སུ་བརྩམས་གནང་བ་དང་གཉིས་སུ་མེད་པ་ལྟ་བུའི་ཆུ་ཚད་དུ་སླེབས་ཡོད་པ་དེ་འདྲ་རེད། དེའི་རྗེས་སུ་ལྔ་པ་ཆེན་མོའི་སྐབས་སུ་དཔག་བསམ་འཁྲི་ཤིང་གི་འགྱུར་དེ་བསྟན་འགྱུར་གྱི་ནང་དུ་བཅུག་ལ། བསྟན་འགྱུར་གྱི་ཀེ་པ་དང་ཁེ་པ་པོད་གཉིས་རྒྱ་བོད་ཟུང་འབྲེལ་དུ་བཞག་ཡོད། ལྔ་པ་ཆེན་མོས་གདེང་འཇོག་ཆེན་པོ་གནང་ཡོད་པ་རེད། ལྷག་པར་དུ་སྙན་ངག་གི་ནང་ནས་བཤད་པ་ཡིན་ན། རྩོམ་པ་པོ་རྒྱལ་པོ་དགེ་དབང་ནི་རྒྱ་གར་གྱི་མཁས་པ་བསམ་གྱི་མི་ཁྱབ་པ་ཞིག་ཡིན་པ་དང༌། སྔ་མའི་སྙན་ངག་བྲིས་པའི་ནང་དུ་བསྔགས་པ་ལྔ་དང་རྒྱན་པ་བཅུ་གསུམ་ཟེར་བ་ཞིག་ཡོད་པ་དེའི་ནང་དུ་དཔག་བསམ་འཁྲི་ཤིང་རྩ་བ་མ་སྟོང་བ་ཞིག་ལས་བཀོད་མེད་པ་མི་འགྲིག་པར་སྙམ་ནས། ང་རང་གིས་གཞུང་ཆེན་པོ་མ་སྦྱངས་པས་ཤེས་བྱ་རྒྱ་ཆེ་ལ་གཏིང་ཟབ་མོ་མེད་ཀྱང་རྩ་བའི་གནད་འདི་འདྲ་ཞིག་ལ་འགྱུར་བ་བཏང་ན་ཡོད་པ་འདུག་བསམ་ནས། བློ་སྤོབས་བསྐྱེད་དེ་ལོ་ངོ་ཉེར་གཅིག་རིང་ལ་སྡུག་རུས་སྤྱད་ནས་ལེགས་གྲུབ་བྱུང་ལ། མི་རིགས་དཔེ་སྐྲུན་ཁང་ནས་དཔར་ཏེ་བགྲེམ་དུས་སྤྱི་ཚོགས་སུ་དགའ་བསུ་དང་གདེང་འཇོག་ཆེན་པོ་གནང་བྱུང་ལ་ཤུགས་རྐྱེན་ཡང་གཏིང་ཟབ་ལ་རྒྱ་ཆེ་བ་ཞིག་ཐེབས་སོང༌། སྤྱི་ཚོགས་སུ་ཤུགས་རྐྱེན་དེ་འདྲ་ཐོན་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། དཔག་བསམ་འཁྲི་ཤིང་གི་དགོངས་པ་གཙོ་བོ་ནི་བོད་ཀྱི་ཐུན་མོང་མ་ཡིན་པའི་ཡ་རབས་ཀྱི་སྤྱོད་བཟང་དུ་གྱུར་བའི་བདག་ལས་གཞན་གཅེས་ཀྱི་བསམ་བློ་དེ་ཡིན་པ་དང་། ད་ལྟའི་སྤྱི་ཚོགས་ཀྱི་མི་རྣམས་ཀྱི་བསམ་བློ་དེ་ལྟ་བུ་ཞིག་འཁོར་མི་ཐུབ་པ། སྐྱེས་བུ་དམ་པ་རྣམས་ཀྱི་བཀའ་གནང་བ། བདག་ཅག་གི་སྟོན་པས་དགོངས་པ་བསྐྱོན་པ། སྐུ་ལུས་སྦྱིན་པ་བཏང་བ་ལ་སོགས་པའི་ནང་དོན་ལྡན་དུས་མིས་བསམ་བློར་ཤུགས་རྐྱེན་ཐེབས་ལ། མིའི་སེམས་དང་ཀུན་སྤྱོད་ལ་རིག་པས་སྒྲུབ་མི་ནུས་པའི་བྱ་བཟང་ཞིག་བསྒྲུབས་ཏེ། དཔེར་ན། ངས་དཔེ་ཆ་དེ་བཏོན་པའི་རྗེས་སུ་བོད་ཀྱི་དཔལ་འབྱོར་ཆེད་མཁས་པ་དེ་དག་གིས་དཔེ་ཆ་ཉོས་པ་རེད། དེར་ངས་ཁོ་རང་ཚོར་མི་ཟེར་བ་ལ་དཔལ་འབྱོར་དགོས་པ་རེད། ཡིན་ནའང་ང་ཚོ་ཀུན་པོ་ཤི་འགྲོ་དུས་སྐྲ་ཉག་མ་ཞིག་ཀྱང་འཁྱེར་རྒྱུ་མེད་པས་མི་གཞན་ལ་ཕན་ཁེ་ཞིག་སྒྲུབ་ན་ཡག་པོ་རེད་ཅེས་བཤད་པར་ཁོང་ཚོས་ཀྱང་དཔེ་ཆ་ཡག་པོ་འདུག་ཅེས་གསུང་བྱུང་། དེ་བས་ད་ལོར་རྒྱལ་ཁབ་དཔེ་དངོས་བྱ་དགའ་ཨང་རིམ་དང་པོ་མིན་ཡང་གཉིས་པ་རེག་རྒྱུ་རེད། བདག་ཅག་ཡིན་ནའང་བོད་སྟོན་པའི་མཛད་པ་ལ་མཆོག་དམན་གྱི་དབྱེ་བ་ཅི་ཡང་མེད་པར་གཅིག་པ་གཅིག་རྐྱང་རེད། རང་མཚོན་ན་དཔག་བསམ་འཁྲི་ཤིང་འདི་ཁྱབ་ཆེ་ཤོས་རེད། དཔེར་ན་སྔ་མའི་གཙུག་ལག་ཁང་དང༌། ཕོ་བྲང་། དགོན་པ་ཆེ་འབྲིང་ཁག་ཚང་མར་དཔག་བསམ་འཁྲི་ཤིང་གི་མཛད་བརྒྱའི་ལྡེབས་རིས་མེད་པ་ཞིག་སྤྱིར་བཏང་ནས་མེད། ཡང་བཀྲ་ཤིས་ལྷུན་པོ་དགོན་པར་མཚོན་ན་དཔག་བསམ་འཁྲི་ཤིང་གི་མཛད་བརྒྱ་ལྷ་ཁང་ཞིག་ལོག་གར་ཡོད་པ་སོགས་ལས་གལ་ཆེན་ཡིན་པ་ཤེས་ཐུབ། དེ་ཐོག་ང་རང་གིས་འབྲི་དུས་ཀྱང་ཚིགས་བཅད་རེ་རེར་འགྲེལ་བ་བྱས་པ་དང་། དེའི་མཐའ་རུ་སྡོམ་ཚིག་གི་ཚིགས་བཅད་རེ་རེ་བརྩམས་ཡོད། སྡོམ་ཚིག་གི་ཚིགས་བཅད་དེ་དག་ནི་བོད་ཀྱི་སྙན་ངག་མཁན་རིན་སྤུངས་ངག་དབང་འཇིགས་གྲགས་[9]ཀྱི་ཚིགས་བཅད་གཅིག་དང་། དེའི་གཤམ་དུ་གཞོགས་འདེགས་ཀྱི་ཚུལ་དུ་ང་རང་གི་ཚིགས་བཅད་གཅིག་བཅས་སྦྱར་ཡོད། དེང་དུས་ཀྱི་དཔག་བསམ་འཁྲི་ཤིང་ལ་ཡལ་འདབ་བརྒྱ་དང་བརྒྱད་འདུག བརྩོན་འགྲུས་རབ་རྒྱས་ཀྱིས་ཀུན་འདུས་ཞལ་ཐང་ཆེན་མོའི་ནང་གི་ཚིགས་བཅད་དེ་ཚང་མ་ང་ཡིས་ཡི་གེར་བཀོད་ཡོད་ལ། ངས་ཀྱང་ཁོང་ལ་དཀར་ཆག་བསྐུར་བ་དེ་འདྲ་བྱས་པ་དང༌། དེའི་སྟེང་གི་ཚིགས་བཅད་ང་ཡིས་བྲིས་པ་ཡིན།

 

བཅར་འདྲི་བ། དཔག་བསམ་འཁྲི་ཤིང་ལ་དེ་སྔོན་འགྲེལ་བ་བརྩམས་མཁན་ཡོད་དམ།

 ནོར་བྲང་ཨོ་རྒྱན། ད་ལྟའི་བར་དུ་འགྲེལ་བ་རྩོམ་མཁན་བྱུང་མེད། ང་རང་གིས་འགྲེལ་བ་བརྒྱབ་པ་དེས་བསྟན་བཅོས་འདི་ལ་ཚིག་འགྲེལ་མེད་པའི་སྟོང་ཆ་བསྐངས་ཡོད་པར་བསམ། དཔག་བསམ་འཁྲི་ཤིང་དེ་ནི་སྙན་ངག་གི་གཞུང་བསམ་གྱིས་མི་ཁྱབ་པ་ཞིག་ཡིན་པ་དང༌། དེ་ལ་འགྲེལ་ཞིག་མེད་ཚེ་གྱོང་གུད་ཆེན་མོ་རེད་བསམ་ནས་ལས་དེ་བགྱི་བའི་འགོ་བརྩམས་པ་ཡིན། ང་རང་ལ་མཚོན་ན། གཞུང་ཆེན་མོར་མཁས་པ་ཞིག་མིན་ཡང་ཐུན་མོང་རིག་གནས་ལ་དགེ་རྒན་བཀའ་དྲིན་ཅན་གང་མང་གིས་མཛུབ་སྟོན་གནང་མྱོང་བས་ངལ་བའི་ལས་དེ་བགྱིས་པའི་སྤོབས་པ་ཐོན་པ་རེད།

 

བཅར་འདྲི་བ། བསྟན་བཅོས་འདིའི་རང་སྟེང་གི་རིན་ཐང་སྐོར་ནས་ཅུང་གསུང་རོགས་གནང་།

ནོར་བྲང་ཨོ་རྒྱན། དེའི་སྐོར་ནས་གོང་ནས་དེ་ཙམ་ཞུས་པ་ཡིན། བསྟན་འགྱུར་ནང་རྟོགས་བརྗོད་དཔག་བསམ་འཁྲི་ཤིང་གི་བསྟན་བཅོས་དེ་སྙན་རྩོམ་རྒྱས་ཤོས་ལྟ་བུ་གྱུར་ཡོད། ནང་སྒོས་སུ་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་ཁུངས་གཏུགས་སར་གྱུར་ཡོད། དེ་བས་བསྟན་བཅོས་འདིའི་རྩོམ་ལུས་ལ་སློབ་སྦྱོང་བྱེད་ཐུབ་ཚེ་བོད་ཀྱི་རྩོམ་རིག་ལའང་ཕན་ཐོགས་ཆེན་པོ་བྱུང་སྲིད།

 

 བཅར་འདྲི་བ། བསྟན་པ་ཕྱི་དར་སྐབས་བོད་ཀྱི་དགོན་སྡེ་བྱུང་ཚུལ་དང་དགོན་སྡེའི་སློབ་གསོ་དར་ཚུལ་གྱི་སྐོར་ནས་ཅུང་གསུང་ས་རོགས་ཞུ

ནོར་བྲང་ཨོ་རྒྱན། བསྟན་པ་ཕྱི་དར་ཟེར་བ་ནི་བླ་ཆེན་དགོངས་པ་རབ་གསལ་[10]ནས་དར་བའི་སྨད་འདུལ་[11]དང་། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ནས་དར་བའི་སྟོད་འདུལ་གཉིས་ཀྱི་དབྱེ་བ་ཡོད་པ་ནི་འདུལ་བའི་སྡོམ་རྒྱུན་གྱི་ངོས་ནས་བཤད་པ་དང་། དེ་དུས་ནས་བཟུང་བོད་ཀྱི་རིག་གནས་ཐད་དུ་འཕེལ་རྒྱས་ཆེན་པོ་བྱུང་ཡོད་པ་རེད། བོད་ཀྱི་བཙན་པོའི་གདུང་རབས་འཐོར་བ་ཞིག་ཡོད་པ་མ་རེད་ལ། སྔ་མ་བོད་ཀྱི་སྒོ་བརྒྱབ་ཡོད་པ་ད་ལྟ་སྒོ་ཕྱེས་པ་རེད། སྒོ་ཕྱེས་པ་དེས་བོད་དུ་གྲུབ་མཐའ་ཁག་མང་དུ་བྱུང་ནས་རྒྱ་བོད་ཀྱི་མཁས་པ་འང་མང་པོ་ཞིག་བྱུང་བ་དང༌། དགོན་སྡེ་འང་མང་པོ་ཞིག་གསར་བཞེངས་བྱས་པ། ཁ་སང་དེ་རིང་བོད་ཀྱི་རིག་གནས་ཕུན་སུམ་ཚོགས་པ་འདི་འདྲ་བྱུང་བའི་རྨང་གཞི་ནི་བསྟན་པ་ཕྱི་དར་ནས་གཞི་རྐང་བཙུགས་པ་ཞིག་རེད་སྙམ། དཔེར་ན། གྲུབ་མཐའ་ཁག་རྙིང་མ་བ་དང་། བསྟན་པ་ཕྱི་དར་ལས་འབྱུང་སྔ་བའི་གྲས་བཀའ་གདམས་པ། དེ་ནས་ས་སྐྱ་པ། བཀའ་བརྒྱུད་པ། དེ་ནས་བཀའ་གདམས་གསར་མའམ་དགེ་ལུགས་པ། ཇོ་ནང་པ[12]། བོ་དོང་པ་དང༌། བུ་སྟོན་པ་སོགས་དེ་འདྲའི་མཁས་དབང་དམ་པ་རིམ་པར་གནམ་གྱིས་ས་བཀབ་པ་ལྟར་བྱོན་ཤིང་། མཁས་པ་གཅིག་ལས་གཅིག་མཁས་པའི་རྒྱུ་མཚན་གྱིས་དུས་རབས་བཅོ་ལྔ་པའི་ནང་གི་བོད་ཀྱི་རིག་གནས་དེ་དངོས་གནས་ཧང་སངས་དགོས་པའི་འཕེལ་རྒྱས་སོང་འདུག དེ་དུས་བོད་ཀྱི་མཁས་པ་དག་གིས་བརྩམས་གནང་བའི་བརྩམས་ཆོས་དེ་དག་ཆོས་ལུགས་ཐོག་རང་དགར་བཤད་རྒྱུ་མེད་པ་རེད། གཅིག་བཤད་པ་ཡིན་ན་ལམ་སེང་དགག་པ་བརྒྱབ་ཡོང་གི་རེད། དགག་པ་བརྒྱབ་པའི་རྗེས་སུ་ཡང་རྩ་བ་གྲོས་བསྡུར་བྱས་ནས་ཡག་ཐོག་ཡག་ཏུ་གཏོང་བ་དེ་འདྲས་བོད་ཀྱི་རིག་གནས་ཐོག་ལ་ཤུགས་རྐྱེན་གཏིང་ཟབ་ཐེབས་སོང་། གཞན་བཀའ་འགྱུར་བསྟན་འགྱུར་ལས་ཀྱང་བོད་ཀྱི་རིག་གནས་འཕེལ་རྒྱས་ཅི་འདྲ་སོང་ཡོད་པ་གསལ་བོར་མཁྱེན་ཐུབ། དགོན་སྡེ་མང་པོ་བཞེངས་པ་ལས་དགེ་ལུགས་པའི་དགོན་སྡེ་ལ་མཚོན་ནས་བཤད་ན། དབུས་གཙང་དུ་སེ་འབྲས་དགེ་གསུམ་དང་བཀྲ་ཤིས་ལྷུན་པོ་དགོན་པ་བཅས་པའི་གདན་ས་ཆེན་མོ་བཞི་དང་། སྐུ་འབུམ་བྱམས་པ་གླིང་དང་བླ་བྲང་བཀྲ་ཤིས་འཁྱིལ་གཉིས་བརྩིས་པའི་གདན་ས་ཆེན་མོ་དྲུག དེ་ལས་གཞན་པའི་གྲུབ་མཐའ་ཁག་གི་དགོན་པའི་སྡེ་སོ་སོས་བོད་ཀྱི་སྤྱི་དང་བྱེ་བྲག་གི་རིག་གནས་ཚང་མ་འཕེལ་རྒྱས་སུ་བཏང་ཡོད། ཁ་སང་དེ་རིང་གི་གནས་ཚུལ་ལྟར་ན། སྒོ་བརྒྱབ་པའི་གནས་ཚུལ་དེ་སྒོ་ཕྱེས་པ་རེད། ལྷག་པར་དུ་བོད་ཀྱི་མི་འདི་ཡ་རབས་དང་ལྡན་ལ། གྲུང་ཤ་དོད་པ། ཁེངས་པ་སྐྱུང་ནས་མི་རིགས་གཞན་གྱི་དགེ་མཚན་ལ་སློབ་སྦྱོང་བྱེད་པའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པར་འདུག

 

བཅར་འདྲི་བ། བཙན་པོ་འུ་དུམ་བཙན་གྱི་སྐབས་བསྟན་པ་བསྣུབས་རྗེས་ཀྱི་ལོ་ངོ་བརྒྱ་ལྷག་གི་བོད་སྤྱི་ཚོགས་ཀྱི་རྣམ་པ་དང་སྐབས་དེའི་རིག་གནས་ཀྱི་གནས་བབ་གང་འདྲ་ཡིན་ནམ།

ནོར་བྲང་ཨོ་རྒྱན། དེ་གོང་དུ་བཤད་པ་དེ་དང་འདྲ་པོ་རེད། བཙན་པོ་འུ་དུམ་བརྟན་གྱིས་བསྟན་པ་བསྣུབས་པའི་རྒྱུ་རྐྱེན་ནི་སྐབས་དེ་དུས་སུ་གནད་དོན་གཙོ་བོ་བན་བོན་གཉིས་ཀྱི་འཐབ་རྩོད་ལས་བྱུང་བ་ཞིག་རེད། ཁ་སང་དེ་རིང་བོད་ཀྱི་རིག་གནས་ཀྱི་ཁུངས་དེ་བོན་ལ་བྱེད་བཞིན་འདུག སྐབས་དེ་དུས་བོན་པོ་ཡིན་ན་ཅུང་སྡུག་པོ་ཞིག་བརྩི་ཡི་འདུག་པ་དང་། ང་ལ་མཚོན་ན་རྩ་བའི་ཆ་ནས་དགེ་ལུགས་པ་ཡིན་ཡང་གྲུབ་མཐའ་ཚང་མར་ཕྱོགས་རིས་ཅི་ཡང་མེད་ལ། ཚང་མར་དག་སྣང་སྦྱངས་བཞིན་ཡོད། བོན་པོའི་རིག་གཞུང་རིག་མཛོད། དེ་དག་དཔྱད་རྩོམ་བྲིས་ནས་བསྐུར་བ་བཀོད་འདུག་པས་ང་ཡང་དགའ་པོ་བྱུང༌། བོན་པོ་ཐོག་ནས་བཤད་ན་མཐོང་ཆུང་ཡེ་ནས་བྱ་རྒྱུ་མི་འདུག ལོ་རྒྱུས་ཐོག་ནས་རིག་གནས་སྔ་མ་དེ་བོན་པོ་རེད་འདུག ཡིན་ནའང་ཁ་སང་དེ་རིང་བོན་པོ་མ་རེད་ཅེས་ཕྱོགས་སུ་ལྷུང་ནས་སྐད་ཆ་བཤད་རྒྱུ་མི་འདུག དོན་དག་གང་དང་ཅི་ལའང་དོན་དངོས་ཀྱི་ཐོག་ནས་སྐད་ཆ་བཤད་རྒྱུ་དེ་ཤིན་ཏུ་གལ་ཆེན་རེད།

 

བཅར་འདྲི་བ། བོད་མི་རིགས་ཀྱི་ངོས་ནས་བཤད་ན། དགེ་འདུན་ཆོས་འཕེལ་དང་དུང་དཀར་བློ་བཟང་འཕྲིན་ལས་མཆོག་གཉིས་ནི་དུས་རབས་ཉི་ཤུ་དང་ཉེར་གཅིག་པའི་མཚམས་སུ་གནམ་འདེགས་ཀྱི་ཀ་བ་ལྟ་བུའི་མཁས་པ་ཆེན་པོ་དང་རིག་པའི་དཔའ་བོ་ཡིན་པ་དང༌། གྲུབ་འབྲས་ཀྱང་གཡུར་དུ་ཟ་བ་བླངས་ཡོད་པས་དགེ་རྒན་གྱིས་དེའི་ཐད་ནས་གདེང་འཇོག་ཅིག་གནང་རོགས།

ནོར་བྲང་ཨོ་རྒྱན། ཁོང་རྣམ་པ་གཉིས་ནི་ངེས་དོན་གྱི་རིག་པའི་དཔའ་བོ་རེད། དུང་དཀར་རིན་པོ་ཆེ་ལ་མཚོན་ན་བསམ་གྱིས་མི་ཁྱབ་པ་དེ་འདྲ་རེད། ལྷག་པར་དུ་དུང་དཀར་ཚིག་མཛོད་ཀྱི་ངོས་བཤད་ན་ཁ་སང་དེ་རིང་དཔྱད་གཞི་ཅི་འདྲ་བཙལ་དགོས་བྱུང་ན་དེ་རུ་རྙེད་ཀྱི་འདུག དེར་ཆོས་ལུགས་དང་འབྲེལ་བའི་ནང་དོན་ཁ་ཤས་ཞིག་ཕར་ལ་གཡུགས་པ་རེད། དེ་ནི་ཤིན་ཏུ་ཕངས་པ་ཞིག་རེད། ཆོས་ལུགས་ཀྱི་ནང་དོན་གཅིག་པུ་མ་ཡིན་པར་ཆོས་ལུགས་དང་འབྲེལ་བའི་ལོ་རྒྱུས་མང་པོ། དཔེར་ན་ཡོན་བདག་དང་བླ་མཆོད་ཀྱི་ནང་དོན་མང་པོ་མ་ཚུད་པར་བསྡད་ཡོད་པ་རེད། གལ་སྲིད་དེ་དག་ཀྱང་ནང་དུ་བསྡུས་ཡོད་པ་ཡིན་ན་དཔེ་མི་སྲིད་པའི་ཡག་པོ་འཁྱོངས་ཀྱི་རེད་སྙམ། མདོར་ན་དུང་དཀར་རིན་པོ་ཆེ་ནི་བསམ་གྱིས་མི་ཁྱབ་པའི་མཁས་པ་ཆེན་པོ་རེད། ད་ཆ་ཁོང་དང་འདྲ་བའི་མཁས་པ་ཆེན་པོ་དེ་འདྲ་སྤྱིར་བཏང་མི་འདུག བོད་ཀྱི་ལོ་རྒྱུས་ལ་མཚོན་ན་ཁྱོན་ཡོངས་ནས་དགོངས་པ་བཞེས་ཐུབ་མཁན་དེ་འདྲ་རེད། མཁས་དབང་དགེ་འདུན་ཆོས་འཕེལ་ནི་དེ་ལས་ཀྱང་མཁས་པ་ཆེན་པོ་རེད་ལ། བསམ་བློ་གཏོང་ཕྱོགས་ཀྱི་ཐད་ནས་དུང་དཀར་རིན་པོ་ཆེ་དང་ཅུང་མ་འདྲ་བ་ཞིག་ཡོད་པ་རེད། དགེ་འདུན་ཆོས་འཕེལ་ནི་གཙོ་བོ་ཏུན་ཧོང་ཡིག་ཆ་དང་རྡོ་རིང་ཡིག་ཆ་ཉམས་ཞིབ་གནང་ནས། ལོ་རྒྱུས་ཀྱི་གནད་དོན་མང་པོ་ཞིག་སྔོན་ཆད་ཕྱོགས་སྡོམ་བྱེད་མ་ཐུབ་པ་མང་པོ་ཐག་གཅོད་གནང་བ་ནི་མཛད་རྗེས་ཆེན་པོ་ཞིག་རེད་སྙམ། དེའི་ནང་དུ་བྲུ་ཤ་སྟོད་རྒྱལ་ནས་བྱས་ཡོད་ཀྱང་སྔ་མའི་དེ་དག་ལ་སྙིང་བོ་མི་འདུག་ཟེར་ན་ཡག་པོ་མི་འདུག ལོ་རྒྱུས་ཀྱི་གནད་དོན་སྣ་མང་སྣ་ཚོགས་ཡོད་པ་རེད། སྔ་མའི་དཔེ་ཆ་མ་ཎི་བཀའ་འབུམ་[13]ལྟ་བུ་སྙིང་བོ་མེད་པའི་གཏེར་ཆོས་རེད་ཟེར་ན་འགྲིག་གི་མ་རེད། དཔེར་ན་བོད་ཀྱི་ལོ་རྒྱུས་ཀྱི་གནད་དོན་མང་པོ་མ་ཎི་བཀའ་འབུམ་ནང་གི་ཡིག་ཆས་ར་འཕྲོད་པ་དེ་འདྲ་རེད་མ་གཏོགས། མེད་པ་མ་རེད་ལ་འགའ་ཤས་ཆོས་ལུགས་ཀྱི་ཤུགས་རྐྱེན་ཐེབས་ཡོད་པ་དེ་འདྲ་རེད། གཏེར་ཆོས་ཁུངས་ལུང་མེད་ཟེར་ན་ཐལ་དྲག་པས་ཡག་པོ་མི་འདུག ཏུན་ཧོང་ཡིག་ཆར་མཚོན་ན་དཔྱད་གཞི་ཡིག་ཆ་གལ་ཆེན་པོ་ཞིག་རེད། ལྷག་པར་དུ་ང་ཚོས་ལོ་རྒྱུས་གནད་དོན་ངོས་ནས་བཤད་ན། ལོ་ཚིགས་ཀྱི་གནད་དོན་དེ་རྡོ་རིང་གི་སྟེང་དུ་གསལ་པོ་ཡོད་བསྡད་པ་ཞིག་རེད། བོད་ཀྱི་རབ་བྱུང་[14]བརྩི་ལུགས་ལྟར་ན་ནོར་ཉེན་དང་འགལ་འཛོལ་དེ་འདྲ་མང་པོ་འབྱུང་གི་འདུག དཔྱད་གཞིའི་ཡིག་ཆར་ཟུར་འདྲེན་གནང་ན་ཡག་པོ་འདུག དེ་ཡང་སྔ་མའི་རྨང་གཞི་ཐོག་བྱུང་བ་ཞིག་ལས་གསར་དུ་བྱུང་བ་ཞིག་གཏན་ནས་མ་རེད། དེའི་ཐད་ནས་མཁས་པ་ཚོའི་དགོངས་པ་བཞེས་སྟངས་ཆ་མ་ཚང་བ་དེ་འདྲ་ཞིག་འདུག ང་རང་གིས་བལྟས་ན་ཁྱོན་ཡོངས་ནས་བོད་ཀྱི་སྔ་མའི་ཡིག་ཆ་དེ་དག་ལ་དཔྱད་གཞི་གནང་། དེ་ནས་དགེ་འདུན་ཆོས་འཕེལ་གྱི་ཡིག་ཆ་དེ་དག་ལའང་དཔྱད་གཞི་གནང་ན་ཡག་པོ་འཁྱོངས་ཀྱི་རེད་སྙམ། ང་ཚོའི་ལོ་རྒྱུས་ལྟ་བུ་ལ་མཚོན་ན་འཐུས་ཚང་པོ་དགོས་པ་རེད། དེ་མིན་པས་ལོ་རྒྱུས་ཀྱི་གནས་ཚུལ་མང་པོ་ཞིག་ངས་ཀྱང་བཤད་ཤེས་ཀྱི་མི་འདུག

 

བཅར་འདྲི་བ། བོད་ཀྱི་གཞོན་སྐྱེས་རྣམས་ལ་ཞུ་རྒྱུ་ཇི་འདྲ་ཡོད་དམ།

ནོར་བྲང་ཨོ་རྒྱན། བོད་རང་གི་ཡ་རབས་གཤིས་རྒྱུད་ཀྱི་སྤྱོད་བཟང་དེ་དངོས་གནས་མ་ཉམས་པ་བྱ་རྒྱུ་དང་། ལྷག་པར་དུ་རིག་གནས་སྦྱངས་པ་ལ་དཔའ་མི་ཞུམ་པ་དེ་རྒྱུན་འཁྱོངས་བྱེད་དགོས། དེང་རབས་ཀྱི་གཞོན་སྐྱེས་ཁ་ཤས་ཝུ་ཆང་ལ་མགོ་བོ་འཁོར་ནས་ལང་ཚོ་སྟོང་ཟད་དུ་གཏོང་བཞིན་པ་ནི་ཤིན་ཏུ་ཕངས་པ་ཞིག་རེད། དེ་བས་བོད་ཀྱི་རིག་གནས་ཐོག་ལ་ཧུར་ཐག་འབད་ཐག་བྱས་ནས། སོ་སོ་མི་རིགས་ཀྱི་གཤིས་རྒྱུད་བཟང་པོ་དེ་མི་ཉམས་གོང་འཕེལ་དུ་གཏོང་དགོས། ཁ་སང་དེ་རིང་སློབ་ཆེན་དུ་སློབ་སྦྱོང་བྱེད་པའི་གོ་སྐབས་བཟང་པོ་དམ་འཛིན་གནང་བ་དང༌། ཞི་ཅིན་ཕིན་གྱི་དགོངས་པ་ལྟར་ཀྲུང་གོ་བསྐྱར་དར་ཐོག་འབད་བརྩོན་གནང་ན་ཡག་པོ་ཡོང་གི་རེད་བསམ། ངས་ཀྱང་རྒྱུན་པར་ཉེ་འགྲམ་གྱི་གཞོན་སྐྱེས་དག་ལ་རྣམ་ཀུན་གཡེང་བ་ལ་མི་བསྟེན་པར་སློབ་སྦྱངས་ལ་འབད་བརྩོན་བྱ་རྒྱུར་སྐུལ་མ་བྱེད་བཞིན་ཡོད། ཁ་སང་དེ་རིང་སློབ་གྲྭར་ཕྱིན་ན་སློབ་ཡོན་སྤྲོད་མི་དགོས་ཤིང་ལས་ཀ་ནི་རྙེད་བཞིན་ཡོད་པ་ལ་སོགས་པའི་གོ་སྐབས་བཟང་པོ་ཡོད་པ་རེད། ང་རང་གི་བུ་ཕྲུག་གཉིས་ཡོད་པར་ཚང་མ་སློབ་སྦྱོང་ཡག་པོ་བྱས་ནས་མི་གཞན་ལ་ཕན་ཐོགས་སྒྲུབ་དགོས་རྒྱུའི་སྐུལ་ལྕག་གནང་བཞིན་ཡོད། ཁྱིམ་ཚང་གི་སློབ་གསོ་ཟེར་བ་དེ་གལ་ཆེན་པོ་ཞིག་རེད།

 

མཆན།

ཞིང་གཤེགས་དམ་པ་བོད་རིག་པའི་མཁས་དབང་ཆེན་མོ་ནོར་བྲང་ཨོ་རྒྱན་མཆོག་གི་མཛད་རྣམ་སྙིང་བསྡུས་འདི་ནི། ལ་སྟོད་ནོར་བུ་མིང་ཅན་པས་དམ་པ་གང་ལ་བཀའ་དྲིན་རྗེས་དྲན་གྱི་ཚུལ་དུ་མཁར་བུ་ཚེ་དབང་རྡོ་རྗེ་ཡིས་བཅར་འདྲི་བྱས་ཤིང་བསྒྲིགས་པའི་ཕྱག་དེབ་(ཞལ་གསུང་གསེར་གྱི་ཕྲེང་བ།) ཞེས་ལས་བཏུས་ཤིང་ཡི་གེར་ཕབ་པར་དགེའོ། །༢༠༢༤/༡༡/༢༤ ཉིན།།

ཞབས་མཆན།

[1] གདན་ས་བཀྲ་ཤིས་ལྷུན་པོ་ནི་གཞིས་ཀ་རྩེ་གྲོང་ཁྱེར་གྱི་ནུབ་ངོས་ཉེ་སྐོར་ཉི་མ་རིའི་ལྷོ་འདབས་སུ་ཆགས་ཤིང༌། དེ་ནི་གཙང་ཁུལ་གྱི་དགེ་ལུགས་པའི་དགོན་སྡེ་ཆེ་ཤོས་ཡིན། གདན་ས་དེ་ནི་རྒྱལ་བ་ཙོང་ཁ་པའི་ཞལ་སློབ་ཏཱ་ལའི་བླ་མ་སྐུ་ཕྲེང་དང་པོ་རྒྱལ་བ་དགེ་འདུན་གྲུབ་ཀྱིས་སྤྱི་ལོ་༡༤༤༧ ལོར་ཐོག་མར་ཕྱག་བཏབ། རྒྱལ་བ་དགེ་འདུན་གྲུབ་ནི་སྤྱི་ལོ་༡༣༩༡ ལོར་གཙང་གི་སྲས་གུར་མེ་ཞེས་པའི་འབྲོག་ཁྱིམ་དུ་འཁྲུངས། སྐུ་གཞོན་ནུའི་དུས་ནས་གསན་བསམ་སློབ་གཉེར་ལ་སྦྱང་བརྩོན་ཤིན་ཏུ་ཆེ། སྐུ་ནར་སོན་ནས་རྗེ་ཙོང་ཁ་པ་སོགས་རྩ་བའི་བླ་མ་མང་པོ་ལས་མདོ་སྔགས་ཀྱི་ཆོས་མང་དུ་གསན་ཞིང་རིག་པའི་གནས་བཅུར་མཁས་པའི་ཆོས་ལུགས་ཐད་ཀྱི་གྲགས་ཅན་མི་སྣར་གྱུར། དགོན་གནས་འདི་ཐོག་མར་འདེབས་པ་གནང་སྐབས་ཀྱི་སྦྱིན་བདག་ནི་དར་རྒྱས་པ་བསོད་ནམས་དཔལ་བཟང་དང་། སྐབས་དེའི་གཞིས་ཀ་རྩེའི་རྫོང་དཔོན་འཕྱོངས་རྒྱས་པ་ཧོར་དཔལ་འབྱོར་བཟང་པོ་གཉིས་ཀྱིས་ཞུས་ཏེ་དགོན་གནས་གཙུག་ལག་ཁང་རྟེན་གསུམ་དང་བཅས་པ་གསར་བཞེངས་གནང་ཞིང༌། ཕྱུག་གཞུང་དཔོན་དར་རྒྱས་པ་བསོད་ནམས་དཔལ་བཟང་གིས་མཆོད་གཞིས་ཁག་གཅིག་འཚོ་བའི་མཐུན་རྐྱེན་དུ་ཕུལ། གཙུག་ལག་ཁང་ལྟེ་བའི་སྦུག་གི་གཙང་ཁང་ཀ་བ་དྲུག་དང་འདུ་ཁང་ཀ་བ་བཞི་བཅུ་ཞེ་བརྒྱད། གཟིམས་ཁང་རྒྱལ་མཚན་མཐོན་པོ་ཀ་བ་ཉི་ཤུ་རྩ་བཞིའི་རྒྱ་ཁྱོན་བཅས་ཡོད། གྲྭ་ཤག་སྤྱིལ་བུ་དང་བཅས་པ་གྲུབ་རྗེས། རྟེན་གཙོ་ཐུབ་དབང་བདུད་འདུལ་མའི་སྐུ་བརྙན་སོགས་སྐུ་གསུང་ཐུགས་རྟེན་གྲངས་ལས་འདས་པ་གསར་བཞེངས་ཐོག རྒྱུན་དུ་གཞུང་ཆེན་པོ་ལྔའི་འཆད་ཉན་སློབ་ཁྲིད་གཙོར་འདོན་མཛད་པར་བརྟེན་དངོས་སློབ་མཁས་པའི་དབང་པོ་བཅུ་ཕྲག་གསུམ་ལྷག་ཙམ་དང་གྲྭ་ཚོགས་ཀྱང་ཐོག་མར་ཞལ་གྲངས་བརྒྱ་དང་བཅུ་སྐོར་ལས་མེད་ཀྱང་། སྐུ་ཚེའི་སྨད་དུ་གྲྭ་གྲངས་ཆིག་སྟོང་དྲུག་བརྒྱ་ཙམ་དུ་འཕེལ། རྒྱལ་བ་དགེ་འདུན་གྲུབ་པས་ཆོས་སྡེ་འདིའི་ཁྲི་པ་དང་པོ་མཛད་ནས་སྤྱི་ལོ་༡༩༥༩ ལོའི་བར་ཁྱོན་བསྡོམས་ཁྲི་རབས་ཉི་ཤུ་རྩ་གཅིག་འཕོས། སྤྱི་ལོ་༡༦༠༠ ལོར་པཎ་ཆེན་སྐུ་ཕྲེང་བཞི་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་ཆོས་སྡེ་འདི་རྒྱས་སྐྲུན་མཛད་པ་ནས་བཟུང་པཎ་ཆེན་སྐུ་ཐོག་རིམ་བྱོན་གྱིས་ཉམས་གསོ་རྒྱས་སྐྲུན་མཛད་ནས་དེང་གི་གཞི་ཁྱོན་འདི་ཙམ་བྱུང་ལ། བཀྲ་ཤིས་ལྷུན་པོ་དགོན་དུ་ཤར་རྩེ་དང་། དཀྱིལ་ཁང༌། ཐོས་བསམ་གླིང༌། སྔགས་པ་སོགས་གྲྭ་ཚང་བཞི་ཡོད་པའི་ཁོངས་ནས་སྔགས་པ་གྲྭ་ཚང་ནི་པཎ་ཆེན་སྐུ་ཕྲེང་བཞི་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་དུས་ཕྱིས་ཕྱག་བཏབ་པ་ཞིག་ཡིན་པ་དང་། གྲྭ་ཚང་སོ་སོའི་སྔར་ཡོད་མི་ཚན་ཉེར་དྲུག་གི་སྟེང་དུ་རྗེ་འདིའི་སྐུ་དུས་སུ་གསར་འཕར་མི་ཚན་སུམ་ཅུ་སོ་གཉིས་བྱུང་བ་བཅས་བསྡོམས་མི་ཚན་ལྔ་བཅུ་ང་བརྒྱད་ཡོད་པ་དང་། ལྷ་ཁང་གསར་བཞེངས་ཐད་ལི་མ་ལྷ་ཁང་། བཀའ་འགྱུར་ལྷ་ཁང༌། ཡང་རྩེ་ལྷ་ཁང་། མངོན་དགའ་ལྷ་ཁང་། རྒྱ་ནག་ལྷ་ཁང་། རིན་ཆེན་ལྷ་ཁང༌། ངུར་སྨྲིག་ལྷ་ཁང་། པཎ་གྲུབ་ལྷ་ཁང༌། དགའ་གདོང་ལྷ་ཁང༌། བླ་མ་ལྷ་ཁང་། གཡབ་བར་ལི་མ་ལྷ་ཁང་ནུབ་མ། གཡབ་བར་ལི་མ་ལྷ་ཁང་དབུས་མ། གཡབ་བར་ལི་མ་ལྷ་ཁང་ཤར་མ། གཡབ་བར་དངུལ་གདུང་ལྷ་ཁང་སོགས་དང་། གཞན་ཡང་དུས་གསུམ་སངས་རྒྱས་ཀྱི་གོས་སྐུ་ཆེན་མོ་གསུམ་དང་། དབྱེན་ཟླུམ་མཆོད་རྟེན་ཤཪ་མ་དང༌། བཀག་སྣེ་སྒོ་བཞི་བཅས་ཀྱང་གསར་བཞེངས་མཛད་པས་དུས་དེ་ནས་བཟུང་ཆོས་སྡེ་འདི་ཉིད་པཎ་ཆེན་རིན་པོ་ཆེའི་ཆོས་བཞུགས་བླ་བྲང་དུ་གྱུར། ཆོས་སྡེ་འདིའི་གྲྭ་གྲངས་ཐད་དར་རྒྱས་ཆེ་ཤོས་ཀྱི་སྐབས་སུ་སྒྲིག་བཞུགས་དགེ་འདུན་ཞལ་གྲངས་བཞི་སྟོང་ལྷག་ཙམ་ཟིན།

[2] རྗེ་དགེ་འདུན་གྲུབ་ཀྱི་དངོས་སློབ་མཁས་དབང་དཔལ་ལྡན་ཆོས་སྐྱོང་གིས་འཆད་ཉན་མཛད་པ་ལས་འཕེལ་རྒྱས་བྱུང་ཞིང་། གྲྭ་ཚང་འདིར་རྗེ་དགེ་འདུན་གྲུབ་པའི་སྐབས་སུ་མི་ཚན་བཅུ་ཡོད་པ་ནི། དཔེ་ཐུབ། གུ་གེ། སྟག་མོ། ལྷུན་གྲུབ་རྩེ། འདར་པ། མདངས་ཅན། ལ་ཁ། རི་མཁར། རོང་པ། གནས་རྙིང་བཅས་དང་། པཎ་ཆེན་སྐུ་ཕྲེང་བཞི་པའི་སྐབས་སུ་གསར་འཕར་མི་ཚན་དྲུག་སྟེ། བདེ་བ་ཅན་པ། ཆོས་སྦུག ཁལ་ཁ། ཨོ་རྒྱན་རྫོང་པ། གློ་སྦུག རྡོ་གདན་བཅས་ཡོད།

[3] བཀྲ་ཤིས་ལྷུན་པ་དགོན་ནས་སྤྱི་ལེ་གཅིག་ཙམ་ལྷོ་ནུབ་ངོས་སུ་སོང་ན་ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་བཞུགས་གནས་ཕོ་བྲང་དེར་སླེབས་པ་ཡིན། ཕོ་བྲང་དེ་ནི་པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་བཞུགས་ཡུལ་ཡིན། སྤྱི་ལོ༡༩༥༤ལོར་ཉིང་རོའི་ཆུ་བརྡོལ་ཆེན་པོས་འཇིགས་པས་བརླགས་པ་ཡོངས་ཁྱབ་ཏུ་རྒྱལ་རྩེ་ཆུ་ཤོར་ཟེར། དེའི་སྟབས་ཀྱིས་ཀྲུང་དབྱང་ལ་སྙན་སེང་ཞུས་པ་ལྟར་ཉམས་པ་སོར་ཆུད་ཞུ་རྒྱུའི་གྲོན་དངུལ་ཁྱོན་ཆེ་སྩལ་བ་བཀའ་དྲིན་ཆེ་བ་བཞིན་བདེ་ཆེན་ཕོ་བྲང་གི་ཤུལ་དུ་གསར་བསྐྲུན་བྱེད་རྒྱུ་གཏན་འཁེལ། ལས་གྲྭའི་གྲ་སྒྲིག་སྤྱི་ལོ༡༩༥༥ལོའི་བོད་ཟླ༨པར་དབུ་ཚུགས། གཞིས་རྩེ་ཀུང་ཧུད་དཔོན་རིགས་དང་། པཎ་ཆེན་ནང་སྒང་། ལྷག་པར་དུ་གོང་ས་པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོའི་དགོངས་གཞི་མཛུབ་སྟོན་བཅས་ཀྱི་འོག་པེ་ཅིན་ནས་ཆེད་བཏང་བཟོ་སྐྲུན་ཆེན་མོ་བ་དང་། འདིར་ཡོད་རྒྱ་རིགས་བཟོ་སྐྲུན་ཆེན་མོ་བ། བོད་རིགས་ཤིང་བཟོ་དབུ་ཆེན་བཅས་ཀྱིས་ཕོ་བྲང་ལྟེ་བ་དང་ལེ་ལག་མཛོད་སྦུག་འཕུལ་འཁོར་ཁང་། སློབ་གྲྭ་ཁང༌། ལས་ཤག་བཅས་ཀྱི་འཆར་འགོད་ས་བཀྲ་འཕྱུགས་པ་མེད་པ་བཀོད་གནང་མཛད། ཕོ་བྲང་ལྟེ་བ་རྡོ་རྩིག་མཐོ་བའི་སྟེང་ཚོམས་ཆེན་དང༌། གཟིམ་ཆུང་ཁག་ལ་ལྕགས་གདུང་ལ་ཨར་འདམ་གྱིས་བཏུམས་པས་ཀ་བ་མེད་པའི་ཁྱད་ཆོས་དང་། ཕྱི་རྩི་སེར་སྤེན་བད་ནག་པོ། ཡང་སྟེང་གསེར་ཟངས་ཀྱི་གཙྪི་ར་དང་རྒྱལ་མཚན་སོགས་ཀྱིས་བརྒྱན་ཏེ་བོད་ཕྱི་ཟུང་དུ་སྦྲེལ་བའི་ངོ་མཚར་ཆེ་བའི་ཁྱད་ཆོས་ལྡན་ཡོད། ༡.ཕོ་བྲང་རྩེའི་ལྷོ་ཕྱོགས་སུ་གཟིམ་ཆུང་སྲིད་གསུམ་གླིང་ཞེས་པའི་ནང་དུ་གསེར་ཟངས་ཀྱི་རྗེ་ཡབ་སྲས་གསུམ་དང་རྗེ་བཙུན་སྒྲོལ་མ། བླ་ཁོ་རྡོ་རྗེ་འཆང་གི་སྐུ་པར། གཞན་ཡང་གསེར་ཟངས་དང་ལི་མ་སོགས་ཀྱི་སྐུ་བརྙན་ཇི་སྙེད་བཞུགས་སུ་གསོལ་བ། ༢.དེ་འབྲེལ་ལྷོ་ཕྱོགས་སུ་གཟིམ་མལ་གནང་ས་མདོ་སྦུག ༣.དེ་འབྲེལ་ཁམས་གསུམ་རྣམ་རྒྱལ་གླིང་ནང་གི་གཟིམ་སྦུག་ཏུ་རྟེན་གསུམ་དང་། མདོར་མཇལ་ཁ་གནང་ས་དང་དེའི་མདོར་ཞབས་ཕྱི་ཁང་། ༤.ཕོ་བྲང་རྩེའི་བྱང་ཕྱོགས་སུ་གཟིམ་ཆུང་ཕུན་ཚོགས་ཟིལ་འབར་ནང་སྦུག་ཏུ་སྐུ་ངལ་གསོ་ས་དང༌། མདོར་གསོལ་ཚིགས་གནང་ས། ༥.དེ་འབྲེལ་ཕོ་བྲང་ས་གསུམ་ཀུན་གསལ་ནང་དབུས་སུ་བཞུགས་ཁྲི་བླ་བྲེས་དང་བཅས་ཡོད་པས་དེར་མཇལ་མང་གནང་ས་ཡིན་པ། ༦.ཕོ་བྲང་བར་ཐོག་ཕུན་ཚོགས་དགྲ་བཅོས་ཞེས་པའི་ནང་ཡི་དམ་རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་གྱིས་གཙོས་ཡི་དམ་ཁག་དང་ལྷ་སྲུང་ཁག་གི་སྣང་བརྙན་སྨན་འཇིམ་ལས་གྲུབ་པ། ༧.འོད་གསལ་གླིང་ཞེས་པའི་སྒྲོལ་མ་ལྷ་ཁང་ནང་རྗེས་སུ་བཞེངས་པའི་པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོའི་སྣང་བརྙན་སྨན་འཇིམ་ལས་གྲུབ་པ་མི་ཚད་མ་དང་། སྐུ་རྒྱུ་དེ་མཚུངས་ཀྱི་ཡོངས་འཛིན་འཇིགས་མེད་བསམ་གཏན་དང་དངུལ་ཆུ་བློ་བཟང་ཆོས་འཕེལ་གྱི་སྣང་བརྙན། གཞན་ཡང་ལི་དང་གསེར་ཟངས་ཀྱི་སྐུ་བརྙན་མང་པོ་བཅས་དང་། རྒྱལ་བའི་བཀའ་བསྟན་གྱིས་གཙོས་རྒྱ་བོད་མཁས་པའི་གསུང་རྟེན་མང་པོ་བཅས་བཞུགས་པ་སོགས་མདོར་ན་གཟིམ་ཆུང་ཚང་མཪ་རྟེན་དང་བརྟེན་པར་བཅས་པ་བཞུགས་སུ་གསོལ་ཡོད་ལ་ད་ལྟའང་ཉམས་གསོ་གནང་དང་གནང་མུས་སུ་ཡོད།

 

[4] སྐབས་དེ་དུས་ཀྱི་བདེ་ཆེན་ཕོ་བྲང་གི་གཤམ་ན་ཡོད་ཅིང་། སློབ་མ་ཉིས་བརྒྱ་ལྷག་ཡོད་པའི་འཕྲུལ་འཁོར་གྱི་རིགས་སྣ་མང་སློབ་གྲྭ་ཞིག

[5] ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་དགུ་པ་བློ་བཟང་ཐུབ་བསྟན་ཆོས་ཀྱི་ཉི་མ་ནི། དྭགས་པོ་ཀ་ཤར་ཞེས་པའི་ཡུལ་དུ། ཡབ་རྟ་མགྲིན་དང་། ཡུམ་དམ་ཆོས་འཚོ་མོ་གཉིས་ཀྱི་སྲས་སུ་སྤྱི་ལོ༡༨༨༣ལོར་སྐུ་འཁྲུངས། དགུང་ལོ་དྲུག་པར་པཎ་ཆེན་སྐུ་ཕྲེང་བརྒྱད་པའི་ཡང་སྲིད་དུ་ངོས་འཛིན་ཞུས། སྤྱི་ལོ༡༨༨༨ལོར་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་མོ་ཐུབ་བསྟན་རྒྱ་མཚོ་མཆོག་གིས་གཙུག་ཕུད་བཞེས་ཤིང་། བློ་བཟང་ཐུབ་བསྟན་ཆོས་ཀྱི་ཉི་མ་དགེ་ལེགས་རྣམ་རྒྱལ་ཞེས་པའི་མཚན་གསོལ། དེ་ནས་ཡོངས་འཛིན་དཔོན་བྲང་བསྟན་འཛིན་དབང་རྒྱལ་ལས་དབང་ལུང་རྗེས་གནང་སོགས་ཆོས་བཀའ་མང་པོ་དང་གཞུང་ཆེན་མོ་རྣམས་ལ་གསན་བཞེས་མཛད། སྤྱི་ལོ༡༨༩༢ལོར་གདན་ས་བཀྲ་ཤིས་ལྷུན་པོའི་ཁྲིར་བཞུགས། སྤྱི་ལོ༡༩༠༢ལོར་ལྷ་ལྡན་གཙུག་ལག་ཁང་དུ་གོང་ས་རྒྱལ་བའི་དབང་པོ་ངག་དབང་བློ་བཟང་ཐུབ་བསྟན་རྒྱ་མཚོའི་ཞལ་སྔ་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། རིམ་གྱིས་གཞུང་བཀའ་པོད་ལྔ་ལ་གོ་རིམ་ལྡན་པའི་ཐུགས་གཉེར་གནང་ཞིང་། ཚིག་དོན་ཀུན་ལ་ཐོས་བསམ་གྱིས་སྒྲོ་འདོགས་ལེགས་པར་བཅད་དེ་མཁས་པའི་ཡང་རྩེར་སོན། སྤྱི་ལོ༡༩༠༤ལོར་དབྱིན་ཇིའི་དམག་ལྷ་སར་འབྱོར་ཞིང༌། དེའི་ཕྱི་ལོ་དབྱིན་ཇིས་གདན་འདྲེན་ཞུས་པ་ལྟར་རྒྱ་གར་ལ་ཕེབས། སྤྱི་ལོ༡༩༠༦ལོར་ཕྱིར་གཙང་དུ་ཕེབས། སྤྱི་ལོ༡༩༡༤ལོར་གདན་ས་ཆེན་པོ་བཀྲ་ཤིས་ལྷུན་པོར་གསེར་ཟངས་ལས་གྲུབ་པའི་རྒྱལ་བ་བྱམས་པའི་སྐུ་བརྙན་བོད་ཡུལ་ན་སྔར་མེད་པ་སྐུ་ཚད་ཐོག་སོ་བདུན་ནམ་ཁྲུ་བརྒྱད་ཅུ་གྱ་ལྔའི་བདག་ཉིད་ཅན་འགྲན་ཟླ་དང་བྲལ་བ་གསར་བཞེངས་མཛད། སྤྱི་ལོ༡༩༡༩ལོར་ལྷ་སར་ཕེབས་ནས་གོང་ས་བཅུ་གསུམ་པ་ཆེན་མོ་མཆོག་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་ལྗགས་བསྙེན་གྲུབ་པའི་ལེགས་འབུལ་མཇལ་ཕྱག་གི་ཆོས་ཐུན་མཛད་སྒོའི་ཞོར་ལ་བཀྲས་ལྷུན་བླ་བྲང་གི་ཆོས་གཞིས་ཞིང་འབྲོག་དམག་ཕོགས་དང་། ལམ་ཐོག་འཁྲི་སྒྲུབ་སྐོར་བཀའ་འཁྲུན་མ་ཆོད་པ་རྣམས་སྐྱབས་ཞུའི་བཀའ་མོལ་གནང་རྗེས་གཙང་དུ་ཕེབས། དེ་རྗེ་བླ་གཞུང་བར་གྱི་འགལ་བའི་དབང་གིས་སྤྱི་ལོ༡༩༢༣ལོར་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་དགུ་པ་ཉིད་སྟོན་འཁོར་གོ་ཧྲག་དང་བཅས་བྱང་ཐང་བརྒྱུད་པེ་ཅིན་དུ་ཆིབས་བསྒྱུར་གནང་ཞིང་། སྤྱི་ལོ༡༩༢༥ལོར་པེ་ཅིན་དུ་ཕེབས་འབྱོར་བྱུང་། གོ་མིན་ཏང་གཞུང་ནས་ཕེབས་བསུ་དང་སྣེ་ལེན་རྒྱ་ཆེན་པོ་ཞུས། དེ་སྔའི་གོང་མ་མཆོད་ཡོན་གྱི་སྲོལ་བཞིན་གསེར་སམ་དང་གསེར་ཐམ་ཕུལ། རྒྱལ་དབང་ཐུབ་བསྟན་རྒྱ་མཚོ་ཞི་བར་གཤེགས་སྐབས་དགོངས་རྫོགས་ཀྱི་མཆོད་སྤྲིན་རྒྱ་ཆེར་སྤྲོས་ཤིང༌། ཡང་སྲིད་མྱུར་འབྱོན་གྱི་གསོལ་འདེབས་བརྩམས། དེ་ནས་ནང་སོག་དང་། ནན་ཅིན། ཧང་ཀྲོའུ། མདོ་སྨད་སོགས་ཕེབས་ཏེ་བཀའ་ཆོས་མང་པོ་གནང་། སྤྱི་ལོ༡༩༣༣ལོར་ཕྱིར་དབུས་གཙང་དུ་ཕེབས་རྩིས་ཀྱིས་ཁམས་སྐྱེ་དགུ་མདོར་ཕེབས་འབྱོར་སྐབས། བོད་གཞུང་གིས་ཕྱིར་དབུས་གཙང་དུ་ཕེབས་ན་ལྷན་དུ་འོངས་པའི་རྒྱ་དམག་ཕྱིར་སློག་དགོས་པ་དང༌། ཡར་ལམ་ལྷ་སར་མི་ཕེབས་པ། སླད་བོད་གཞུང་གི་བཀའ་ལ་སྲུང་བརྩི་དང་ལེན་གནང་དགོས་པ་སོགས་དོན་ཚན་གསུམ་བཏོན་པ་དང་། ཉིད་ཀྱི་ཞབས་འབྲིང་པ་འགའ་ཤས་ཀྱི་བེད་སྤྱོད་ཀྱི་དབང་དུ་སོང་བ་སོགས་རྐྱེན་སྣ་ཚོགས་ལ་བརྟེན་ནས། དབུས་གཙང་དུ་ཆིབས་བསྒྱུར་ནར་འགྱངས་སུ་སོང་མུར། སྤྱི་ལོ༡༩༣༧ལོར། སྐྱེ་དགུ་མདོའི་ཀླུང་ཤོད་དགོན་དགའ་ལྡན་ཆོས་འཁོར་གླིང་དུ་སྐུ་གཤེགས། སྐུ་གདུང་༩༣༧ལོར། རིན་པོ་ཆེ་གདན་ས་བཀྲ་ཤིས་ལྷུན་པོར་སྤྱན་དྲངས་ཏེ་གསེར་གདུང་སྲིད་གསུམ་མཛེས་རྒྱན་བཞེངས། སྤྱི་ལོ༡༩༦༦ལོའི་བར་འགྲོ་བའི་བསོད་ནམས་ཀྱི་ཞིང་དུ་བཞུགས་མཁན་པཎ་ཆེན་སྐུ་ཕྲེང་དགུ་པ་འདི་ཉིད་ཀྱི་བརྩམས་ཆོས་ལ། བྱང་ཆུབ་ལམ་གྱི་སྒྲོན་མེའི་རྣམ་བཤད་མདོར་བསྡུས་ཐར་ལམ་བགྲོད་པའི་ཐེམ་སྐས། བྱང་ཆུབ་ལམ་གྱི་རིམ་པའི་གནད་བསྡུས་རྒྱུན་འཁྱེར། འདོད་ཁམས་དབང་ཕྱུག་དམག་ཟོར་རྒྱལ་མོའི་ཆོས་སྐོར་གྱི་དཀར་ཆག་མཁའ་འགྲོ་དགྱེས་པའི་སྒྲ་དབྱངས། སོག་ཡུལ་མལ་གྱི་ཨ་ལ་སའི་གཞི་བདག་ལྷ་ཆེན་པོའི་མངོན་རྟོགས་བཤགས་འཕྲིན་བསངས་དང་གསེཪ་སྐྱེམས་བསྟོད་པ་བཅས་འབུལ་ཚུལ། རྦ་རོང་ཨུ་ཅུམ་ཆིན་ཝང་ཕུགས་ཀྱི་རྒྱབ་རིའི་ཨོ་སྦོག་ལ་གསོལ་མཆོད་བྱ་ཚུལ། སྐུ་འབུམ་གཞི་བདག་ལེའུ་ཆེར་གསོལ་མཆོད་བྱ་ཚུལ་མདོར་བསྡུས། ཤར་ཕྱོགས་མ་ཧཱ་ཙི་ནའི་ཡུལ་གྱི་བུ་ཅའོ་ཧུད་མཐའ་དག་ལ་སྤྲིངས་པའི་བསླབ་བྱ་དགེ་ལེགས་པདྨོ་བཞད་པའི་ཉི་འོད། ཞིང་ཆེན་བུང་ཐན་དུ་མི་རིགས་གཞན་རྣམས་ལ་གདམས་པའི་བསླབ་བྱ་སྐབས་གསུམ་ལམ་སྟོན། རྦ་རོང་སུ་ཉིད་ཐུའི་ཝང་ནས་ཞུས་བསྩལ་མོང་གོལ་སྤྱི་མཐུན་གཡི་སྨོན་ཚིག་འདོད་དོན་རེ་སྐོང་། ལེགས་པར་བཤད་པ་སའི་བསྟན་བཅོས་ལུགས་གཉིས་འོད་བརྒྱ་འབར་བའི་དབྱིག་གི་འཕྲེང་བ། ལེགས་པར་བཤད་པ་ཆུའི་བསྟན་བཅོས་ལུགས་གཉིས་བླང་དོར་ཀུན་གསལ་སོགས་པོ་ཏི་བཞི་བཞུགས་པ་མི་རིགས་དཔེ་མཛོད་ཁང་དུ་བཞུགས།

 

 

[6] ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ་མཆོག་ནི་རྒྱལ་བ་སྐུ་ཕྲེང་རིམ་བྱོན་གྱི་ནང་ནས་ཆོས་སྲིད་གཉིས་ཀའི་ཐོག་ཏུ་མཛད་རྗེས་དང་མཚན་སྙན་ཤིན་ཏུ་ཆེ་བའི་གྲས་ཤིག་ཡིན། ཁོང་ནི་ལྷོ་ཁ་འཕྱོངས་རྒྱས་འཕྱིང་བ་སྟག་རྩེར་ཡབ་བདུད་འདུལ་རབ་བརྟན་དང་ཡུམ་ཁྲི་ལྕམ་ཀུན་དགའ་ལྷ་མཛེས་ཀྱི་སྲས་སུ་བོད་རབ་བྱུང་བཅུ་པའི་མེ་སྦྲུལ ( ༡༦༡༧ )ལོར་སྐུ་འཁྲུངས། རབ་བྱུང་བཅུ་གཅིག་པའི་ཆུ་ཁྱི ( ༡༦༨༢ )ལོར་སྐུ་གཤེགས། དགུང་ལོ་རེ་དྲུག་བཞུགས། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་དང་དགའ་ལྡན་ཁྲི་ཆེན་དཀོན་མཆོག་ཆོས་འཕེལ་གཉིས་ཀྱིས་རྭ་སྒྲེང་གི་ཇོ་བོ་འཇམ་དཔལ་རྡོ་རྗེ་དང་ལྷ་སའི་ཇོ་བོ་ཤཱཀྱ་མུ་ནེའི་སྐུ་མདུན་དུ་ཟན་རིལ་བརྟག་པ་མཛད་པ་དང་། ཆོས་སྐྱོང་ཁག་གི་བཀའ་ལུང་རྣམས་གཅིག་མཐུན་བྱུང་བ་ལྟར་ཏཱ་ལའི་བླ་མ་སྐུ་ཕྲེང་བཞི་པ་ཡོན་ཏན་རྒྱ་མཚོའི་ཡང་སྲིད་དུ་ངོས་འཛིན་ཞུས་ཀྱང་སྐབས་དེར་གཙང་པ་རྒྱལ་པོའི་དབང་ཤུགས་ལ་བརྟེན་ནས་འབྲས་སྤུངས་ཕོ་བྲང་དུ་གདན་ཞུ་མ་ཐུབ་པར་ལོ་ཤས་ལུས་ཤིང་། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་མཆོག་ནས་གཙང་པ་རྒྱལ་པོར་ཐབས་མཁས་དུ་མའི་སྒོ་ནས་ཞུ་བསྐུལ་གནང་བར་བརྟེན་སྐུ་ཕྲེང་རིམ་བྱོན་གྱི་གདན་ས་འབྲས་སྤུངས་དགའ་ལྡན་ཕོ་བྲང་དུ་གདན་ཞུ་ཐུབ་ཙམ་བྱུང་། དགུང་ལོ་དགུ་པར་པཎ་ཆེན་རིན་པོ་ཆེས་མཁན་པོ་དང༌། ཁྲི་ཆེན་དཀོན་མཆོག་ཆོས་འཕེལ་གྱིས་ལས་སློབ་མཛད་དེ་དགེ་ཚུལ་གྱི་བསླབ་སྡོམ་བཞེས། མཚན་ངག་དབང་བློ་བཟང་རྒྱ་མཚོ་ཞེས་གསོལ། དགེ་ལུགས་ཀྱི་དབང་ལུང་ཁྲིད་སོགས་མན་ངག་མང་པོ་གསན། ཁྲི་ཆེན་དཀོན་མཆོག་ཆོས་འཕེལ་གྱི་དྲུང་ནས་གཞུང་ཆེན་བཀའ་པོད་ལྔ་ཡི་སློབ་ཁྲིད་ཆ་ཚང་དང་། སྨོན་འགྲོ་འཇམ་དབྱངས་དབང་རྒྱལ་རྡོ་རྗེའི་དྲུང་ནས་སྒྲ་རིག་པ་དང་སྙན་ངག་ཁྱབ་བདག་དབང་ཕྱུག་རབ་བརྟན་གྱི་དྲུང་ནས་ས་སྐྱའི་ཆོས་སྐོར། འཁོན་སྟོན་དཔལ་འབྱོར་ལྷུན་གྲུབ་ཀྱི་དྲུང་ནས་གསང་སྔགས་རྙིང་མའི་ཆོས་སྐོར་སོགས་གསན་ཏེ་གྲུབ་མཐའ་རིས་མེད་དང༌། རིག་གནས་སྐོར་ཡོངས་སུ་རྫོགས་པ་གསན་བསམ་མཛད། དགུང་ལོ་ཉི་ཤུ་རྩ་གཉིས་པ་ལོར་ལྷ་སའི་གཙུག་ལག་ཁང་དུ་ཇོ་བོ་ཤཱཀྱ་མུ་ནེའི་དྲུང་དུ་པཎ་ཆེན་རིན་པོ་ཆེས་མཁན་པོ་དང༌། དགའ་ལྡན་ཁྲི་ཆེན་དཀོན་མཆོག་ཆོས་འཕེལ་གྱིས་ལས་སློབ་མཛད་དེ་གྲངས་ཚང་བའི་དགེ་འདུན་གྱི་དབུས་སུ་དགེ་སློང་གི་སྡོམ་པ་བཞེས། བསྙེན་རྫོགས་བཞེས་ནས་ལོ་གྲངས་ལྔ་སོང་བ་ནས་སྐུ་ཚེ་མ་རྫོགས་བར་བསྒྲུབ་བྱ་སྟོང་ཕྲག་མང་པོར་དགེ་ཚུལ་དང་དགེ་སློང་གི་སྡོམ་པ་བསྩལ་ཅིང་བསླབ་ཁྲིམས་གཙང་མར་བསྲུང་བར་མཛད། དགུང་ལོ་ཉེར་ལྔ་བཞེས་པ་རབ་བྱུང་བཅུ་གཅིག་པའི་བོད་ལྕགས་སྦྲུལ( ༡༦༤༡ )ལོར་གུ་ཤྲི་བསྟན་འཛིན་ཆོས་རྒྱལ་གྱི་དམག་དཔུང་དབུས་སུ་འོངས་ཏེ་གཙང་པ་རྒྱལ་པོའི་སྲིད་གཞུང་གཏོར་ཕམ་བཏང་རྗེས། དེའི་ཕྱི་ལོར་གཞིས་ཀ་རྩེར་གདན་དྲངས་ཐོག་དངོས་འབུལ་ཤིན་ཏུ་རྒྱ་ཆེ་བ་དང་བཅས་བོད་ས་གནས་ཀྱི་སྲིད་དབང་ཡོངས་རྫོགས་ཕྱག་ཏུ་ཕུལ་བ་ལྟར་བོད་ས་གནས་དགའ་ལྡན་ཕོ་བྲང་གི་སྲིད་དབང་འཛུགས་པ་གནང༌། དགུང་ལོ་ཉེར་དགུ་པ་རབ་བྱུང་བཅུ་གཅིག་པའི་ཤིང་བྱ( ༡༦༤༥)ལོར་པོ་ཏ་ལའི་ཕོ་བྲང་རྙིང་པའི་ཤུལ་སྔོན་ཡོད་ཀྱི་ཤར་ངོས་སུ་རྒྱ་བསྐྱེད་ཐོག་ཕོ་བྲང་དཀར་པོ་གསར་བཞེངས་མཛད་ཅིང༌། ཕོ་བྲང་གྲུབ་རྗེས་བཞུགས་ཡུལ་འབྲས་སྤུངས་ཕོ་བྲང་ནས་པོ་ཏ་ལར་སྤོ་བ་གནང་སྟེ་ཆོས་སྲིད་གཉིས་ཀའི་མཛད་སྒོ་གལ་ཆེན་ཁག་དེར་སྤེལ་བ་གནང༌། ཕོ་བྲང་དཀར་པོ་གྲུབ་པའི་ལོ་དེ་ནས་བཟུང་ལོ་འགའ་ཤས་རིང་མན་ཆིང་སྲིད་གཞུང་གི་གོང་མ་དང་པོ་ཧྲུན་ཀྲིས་ཏཱ་ལའི་བླ་མ་མཆོག་རྒྱལ་ས་པེ་ཅིང་དུ་གདན་འདྲེན་ཞུ་ཡིག་ཐེངས་མང་འབྱོར་བ་བཞིན། དགུང་ལོ་སོ་དྲུག་པ་རབ་བྱུང་བཅུ་གཅིག་པའི་ཆུ་འབྲུག ( ༡༦༥༢ )ལོར་སྐུ་འཁོར་སུམ་སྟོང་ལྷག་ཙམ་དང་བཅས་བྱང་ལམ་དང་། མཚོ་སྔོན་བརྒྱུད་ལམ་བར་ཕེབས་བསུ་བའི་བཀོད་པ་བསམ་གྱིས་མི་ཁྱབ་པས་སྣ་དྲངས་ཏེ་རིམ་གྱིས་ཕེབས་པ་ན། གོང་མས་དངོས་སུ་བསུ་བར་མ་ཕེབས་ཀྱང་རི་དྭགས་རྔོན་པར་ནན་ཡོན་སྐྱེད་ཚལ་དུ་ཕེབས་པ་དང་ལམ་བར་དུ་སྟབས་ལེགས་ཀྱིས་མཇལ་བའི་ཚུལ་གྱིས་ས་གནས་དེར་མཇལ་འཕྲད་གནང་ཞིང་། གོང་མ་ཉིད་ཁྲི་ལས་བབས་ཏེ་ཕན་ཚུན་གཉིས་ཀ་མཉམ་བཞེངས་ཐོག་འཚམས་འདྲི་གནང་ཟིན་རྗེས་སོ་སོའི་ཁྲི་ལ་མཉམ་བཞུགས་དང༌། གསོལ་ཇ། གསོལ་ཚིགས་བཅས་མཉམ་བཞེས་མཛད། དེ་རྗེས་ཉིན་མང་པོར་གཞིས་ལེན་གྱི་སྟོན་མོ་དང༌། དངོས་འབུལ་ཟམ་མི་ཆད་པར་ཕུལ་ཞིང་། གོང་མས་ཆེད་གཉེར་གྱིས་བསྐྲུན་པའི་ཕོ་བྲང་ཏའི་ཁར་ཉིན་ཤས་བཞུགས། གོང་མ་པེ་ཅིན་དུ་ཕེབས་གྲུབ་རྗེས་ཏཱ་ལའི་བླ་མ་པེ་ཅིན་གོང་མའི་མཛོད་ནས་དངུལ་སྲང་ཁྲི་ཕྲག་དགུའི་གྲོན་དངུལ་བཏང་སྟེ་ཆེད་གཉེར་གྱིས་བསྐྲུན་པའི་བཞུགས་ཡུལ་ལྷ་ཁང་སེར་པོར་གྲགས་པ་ཞིག་ཡོད་པ་དེར་བཞུགས། པེ་ཅིན་ནས་ཞལ་གྱེས་ཁར་གོང་མས་ཕེབས་རྫོངས་སུ་གསེར་སྲང་ལྔ་བརྒྱ་དང་། གསེར་གྱི་སྡེར་མ་མང་པོ། དངུལ་སྲང་ཁྲི། གོས་ཆེན་ཡུག་ཆིག་སྟོང་སོགས་རྣམ་གྲངས་ཤིན་ཏུ་མང་བ་ཕུལ། གོང་མ་ཧྲུན་ཀྲི་རང་ཉིད་ནས་ཀྱང་ནན་ཡོན་སྐྱེད་ཚལ་དུ་ཕེབས་ནས་དགའ་སྐྱེལ་གསོལ་སྟོན་རྒྱས་པར་བཤམས། ཏཱ་ལའི་བླ་མ་པེ་ཅིན་ནས་ཞལ་གྱེས་ཏེ་ཏའི་ཁ་ཕོ་བྲང་དུ་བཞུགས་སྐབས། གོང་མས་ལི་པུ་ཧྲང་ཧྲུའི་ལུའོ་ལང་ཆིའུ་སོགས་མངགས་པའི་མདུན་གསེར་སྲང་ལྔ་བཅུ་ཐམ་པ་ལས་གྲུབ་པའི་གསེར་གྱི་ཐམ་ཀའི་ངོས་སུ། “ནུབ་ཀྱི་ལྷ་གནས་ཆེས་དགེ་བར་བདེ་བར་གནས་པའི་སངས་རྒྱས་ཀྱི་བཀའ་ལུང་། གནམ་འོག་གི་སྐྱེ་འགྲོ་ཐམས་ཅད་བསྟན་པ་གཅིག་ཏུ་གྱུར་པ། འགྱུར་མེད་རྡོ་རྗེ་འཆང་རྒྱ་མཚོའི་བླ་མ” ཞེས་རྒྱ་སོག་བོད་གསུམ་གྱི་ཡི་གེ་གསུམ་གཤིབས་བྱས་པའི་གསེར་ཐམ་དང་། གསེར་གྱི་བྱང་བུ་ཚོས་ཤོག་འཐུག་ཤོས་དང་མཉམ་པ། ཞེང་ལ་སོར་བཞི་དང་དཀྱུས་སུ་མཐོ་གང་ཡོད་པ་ངོ་གྲངས་བཅོ་ལྔ་འཕྲུལ་མིག་ཏུ་སྦྲེལ་ནས་ལྟེབ་ཆོག་པའི་ངོས་སུ་བསྟོད་བསྔགས་རྒྱ་ཆེར་བཀོད་པའི་མཇུག་ཏུ། ཁྱེད་ལ་ནུབ་ཕྱོགས་ཀྱི་ཕུལ་བྱུང་ཞི་བ་སངས་རྒྱས་རྒྱ་ཆེན་ཁྱོན་ལ་སངས་རྒྱས་བསྟན་པའི་མངའ་བདག་ཐམས་ཅད་མཁྱེན་པ་རྡོ་རྗེ་འཆང་ཏཱ་ལའི་བླ་མ་ཞེས་པའི་མཚན་གནས་ཕུལ་རྒྱུ་ཡིན། ཞེས་སོགས་འཁོད་ཡོད་པ་རེད། གོང་མ་ཧྲུན་ཀྲིས་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པར་དེ་ལྟ་བུའི་གུས་བསྐུར་ཞུ་བ་ནི། ཏཱ་ལའི་བླ་མའི་མཚན་གནས་བེད་སྤྱད་དེ་སོག་རིགས་རྣམས་དབང་དུ་བསྒྱུར་བདེ་བའི་ཆེད་དུ་ཡིན། ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པས་སྡེ་སྲིད་བསོད་ནམས་ཆོས་འཕེལ་འདས་རྗེས་ལོ་ངོ་གསུམ་རིང་སྐུ་ངོ་མས་སྲིད་དབང་བསྐྱངས། དེ་ནས་སྡེ་སྲིད་ཟུར་དུ་བསྐོ་གཞག་གནང་བ་ནི་སྡེ་པ་འཕྲིན་ལས་རྒྱ་མཚོ། མཆོད་དཔོན་བློ་བཟང་མཐུ་སྟོབས། རྣམ་རྒྱལ་གྲྭ་ཚང་གི་གཉེར་པ་བློ་བཟང་སྦྱིན་པ། སྡེ་སྲིད་སངས་རྒྱས་རྒྱ་མཚོ་བཅས་ཡིན་ཞིང་། སྲིད་གཞུང་གི་ལས་དོན་གལ་ཆེའི་རིགས་དགོངས་སྐོར་ཞུ་རྒྱུ་ཙམ་མ་གཏོགས། གཙོ་བོར་ཆོས་ཕྱོགས་ཀྱི་མཛད་སྒོ་འཆད་རྩོད་རྩོམ་གསུམ་གྱི་ངང་དུ་བཞུགས་ཏེ་པོ་ཏ་ལ་དང་གཙུག་ལག་ཁང་ཡས་མས། མཐའ་འདུལ་ཡང་འདུལ་གྱི་ལྷ་ཁང༌། གདན་ས་གསུམ་དང༌། ཆོས་འཁོར་རྒྱལ་སོགས་སྔར་ཡོད་རྣམས་ལ་ཉམས་གསོ་དང༌། མཆོད་རྒྱུན་གོང་འཕེལ་གཏོང་བ་གནང་ཞིང༌། དགོན་པ་ཁག་གཅིག་ལ་ཆོས་གཞིས་གསར་བསྩལ་ཐོག་གཞན་ཁག་གཅིག་ལ་ཕོགས་ཐེབས་སྦྱོར་འཇགས་མཛད། དགའ་ལྡན་ཕོ་བྲང་སྲིད་གཞུང་ལ་ངོ་ལོག་བྱེད་མཁན་གྱི་ཀརྨ་བཀའ་བརྒྱུད་པའི་དགོན་སྡེ་ཁག་གཅིག་ཕུད། དེ་བྱིངས་བོན་པོ་ཚུད་པའི་བོད་ཀྱི་ཆོས་ལུགས་གྲུབ་མཐའ་ཁག་རིས་མེད་པའི་སྒོ་ནས་སྐྱོང་བར་མཛད་ཅིང༌། དགོན་པ་གསར་འདེབས་གྲས་དགེ་ལུགས་དགོན་པ་བཅུ་དང༌། རྙིང་མའི་དགོན་པ་གསུམ་བཅས་ཡོད། དཔེ་རྒྱུན་དཀོན་རིགས་དཔར་འདེབས་བྱེད་རྒྱུ་ཁྱབ་བརྡལ་གཏོང་ཆེད་འབྲས་སྤུངས་དགའ་ལྡན་ཕོ་བྲང་གི་དཔར་ཁང་དང་། རྩེ་པོ་ཏ་ལའི་ལྟག་སྒོའི་རྒྱབ་ཀྱི་དཔར་ཁང་བཅས་གསར་འཛུགས་གནང༌། དགོན་པ་ཁག་གི་ཆོས་ཁྲིམས་དང་ནང་བསྟན་སློབ་སྦྱོང་གི་བཅའ་ཁྲིམས་མང་པོ་འགྲེམ་སྤེལ་ཐོག་མངོན་གསལ་དོད་པོའི་གྲུབ་འབྲས་ཐོབ་པ་རྣམས་ལ་བྱ་དགའ་གཟེངས་བསྟོད་ཀྱི་ལམ་ལུགས་འཛུགས་གནང་མཛད་པ་སོགས། ཆོས་སྲིད་གང་གི་ཐད་ཀྱང་སྤྱན་རྒྱང་རིང་བའི་མཛད་ཕྱོགས་ནུས་པ་ཐོན་ངེས་བྱུང་ཡོད། གསུང་རྩོམ་སྐོར་ལ། རང་ཉིད་ཀྱི་རྣམ་ཐར་རང་རྩོམ་དང༌། རྩ་བའི་བླ་མ་ཁག་གི་རྣམ་ཐར། བོད་ཀྱི་རྒྱལ་རབས་ལོ་རྒྱུས། སྙན་ངག མཚན་ཉིད་རིག་པ། ཁྲིམས་ཡིག གནས་དགོན་མང་པོའི་དཀར་ཆག ས་སྐྱའི་ཆོས་སྐོར། རྙིང་མའི་ཆོས་སྐོར་བཅས་པོད་གྲངས་སུམ་ཅུ་ལྷག་ཙམ་ཡོད།

 

 

 

[7] ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་ནི། དྲི་མེད་འཁོན་གྱི་རིགས་རྒྱུད་གྲགས་པ་རྒྱལ་མཚན་གྱི་གཅུང་དཔལ་ཆེན་འོད་པོ་ལ་མ་གཅིག་གར་ཕུ་མ་ཉི་ཕྲི་ལྕམ་ཁབ་ཏུ་བཞེས་པ་ལ་སྲས་གཉིས་འཁྲུངས་པའི་ཆེ་བ། ཡབ་དགུང་ལོ་སོ་གསུམ་དུ་ཕེབས་པ་རབ་བྱུང་གསུམ་པའི་ཆུ་སྟག( ༡༡༨༢)ལོའི་ཟླ་བ་གཉིས་པའི་ཚེས་ཉེར་དྲུག་ལ་སྐུ་བལྟམས། མཚན་དཔལ་ལྡན་དོན་གྲུབ་གསོལ། སྐུ་ཤིན་ཏུ་གཞོན་པའི་དུས་ནས་ཡབ་ཀྱི་དྲུང་དུ་འབྲི་ཀློག་དང་། གསང་སྔགས་ཀྱི་དབང་ཁྲིད་མན་ངག་ཏུ་མ་ཞུས་ཤིང་། གསོ་བྱེད་ཀྱི་གཞུང་མན་ངག་འགའ་ཞིག་ཀྱང་གསན། ཤེས་བྱའི་གནས་ཀུན་ལ་ཐོགས་མེད་དུ་འཇུག་པའི་མཁྱེན་རབ་ཀྱི་གཏེར་བརྡོལ། གཙོ་བོར་རྗེ་བཙུན་གྲགས་པ་རྒྱལ་མཚན་སློབ་དཔོན་དུ་བསྟེན་ནས། སྔགས་ཀྱི་ཟབ་ཆོས་མཐའ་དག་བུམ་པ་གང་བྱོའི་ཚུལ་གྱིས་གསན་ཞིང་། གསོ་བྱེད་སྐོར་ཡང་ཡན་ལག་བརྒྱད་པའི་རྩ་འགྲེལ་སོགས་གསན། རྟེན་དགེ་བསྙེན་གྱི་སྡོམ་པ་མནོས། མཚན་ཀུན་དགའ་རྒྱལ་མཚན་ཞེས་པ་གནང་། དགུ་གྲངས་བཅོ་ལྔར་ཕེབས་པའི་དུས་སུ་ཡབ་མེས་ཀྱི་ཆོས་མ་ལུས་པ་ཐུགས་སུ་ཆུད་པར་མཛད། དགུང་ལོ་བཅུ་དགུ་པར་དགེ་བའི་བཤེས་གཉེན་ཁུ་སྟོན་མདུན་བྱམས་ཆོས་སྡེ་ལྔ་དང༌། ཚད་མ་ཀུན་བཏུས་སོགས་གསན། དགུང་ལོ་ཉི་ཤུ་པར་གཙང་ཉང་སྟོད་རྐྱང་ཐུར་དུ་ཕེབས་ནས། མཚུར་སྟོན་གཞོན་ནུ་སེང་གེ་ཡི་མདུན་དུ། ཚད་མ་རྣམ་ངེས་ཀྱི་བསྟན་བཅོས་ཆ་ཚང་གསན། དགུང་ལོ་ཉེར་གཉིས་པར། གཙང་ཆུ་མིག་རིང་མོར་ཁ་ཆེའི་པཎ་ཆེན་ཤཱཀྱ་ཤྲཱི་མཇལ་ཞིང་། ཚད་མ་ཆོས་མཆོག་གསན། མི་རིང་བར་ཡབ་སྙུན་གྱིས་ཟིན་པར་བརྟེན་ཆུ་མིག་རི་མོ་ནས་ཡར་ས་སྐྱར་བྱོན། སྐབས་དེར་ཡབ་དཔལ་ཆེན་འོད་པོ་དགུང་ལོ་ང་བཞིར་ཕེབས་པ་དེ་ཉིད་ཆུ་ཕག ( ༡༢༠༣ )ལོའི་ཟླ་བ་ལྔ་པའི་ཚེས་གཅིག་ཉིན་དུས་ཀྱི་ཆོས་ཉིད་དུ་གཤེགས། དགུང་ལོ་རེ་གཅིག་པ་ཆུ་སྟག( ༡༢༤༢ ) ལོར་བླ་མའི་བཀའ་ལྟར་སྔོན་འགྲོའི་ཆོས་འཁོར་ཆེན་པོ་བསྐོར། རེ་གཉིས་པ་ཆུ་ཡོས( ༡༢༤༣ )ལོར་ཧོར་རྒྱལ་གོ་དན་གྱིས་གདན་འདྲེན་གྱི་ཡི་གེ་དངོས་འབུལ་སྤོམ་ཆེན་བཅས་ཁྱེར་བའི་ཕོ་ཉ་མངགས་པ་འབྱོར། དེ་ནས་དགུང་ལོ་དྲུག་ཅུ་རྩ་ལྔ་བཞེས་པ་མེ་རྟ( ༡༢༤༦ ) ལོའི་ཟླ་བ་བརྒྱད་པ་ལ་ཧོར་རྒྱལ་པོའི་རྒྱལ་ས་ལང་གྲུར་གདན་ཕེབས་ཏེ་དེའི་དུས་སུ་རྒྱལ་པོ་གོ་དན། གོ་ཡུག་གན་རྒྱལ་སར་སྟོན་པ་ལ་ཧོར་ཡུལ་དུ་བཞུད་ནས་ཚུར་བྱོན་པ་དང་མེ་ལུག( ༡༢༤༧ )ལོའི་ཟླ་བ་དང་པོར་མཇལ། རྒྱལ་པོ་མཉེས་ཏེ་དེང་ཕན་ཆད་གྲལ་གྱི་མགོར་བླ་མ་བ་བཞུགས་ལ། སྨོན་ལམ་ཐོབ་ཅིག་ཅེས་ལུང་ཕེབས། དེ་ནས་ཧོར་གྱི་རྒྱལ་ཁམས་སུ་རབ་ཏུ་བྱུང་བའི་དབུ་འཕངས་དགུང་དུ་བསྟོད། སྐབས་ཤིག་ན་རྒྱལ་པོ་ལ་མཛེ་ནད་བྱུང་བས་ཆབ་གཏོར་འཇམ་དཔལ་མ་དང་འཕགས་པ་སེངྒེ་སྒྲའི་ཆོ་ག་མཛད་པས་རྒྱལ་པོ་ནད་ལས་ཐར་བས་ཤིན་ཏུ་དད། ཐེག་ཆེན་སེམས་བསྐྱེད་སོགས་ཟབ་པ་དང་རྒྱ་ཆེ་བའི་ཆོས་དུ་མ་ཞུས། མཆོད་གནས་ཀྱི་ཕུད་དུ་བཀུར། སྐད་རིགས་མི་གཅིག་པའི་འགྲོ་བ་ཆོས་ལ་མི་དད་པ་རྣམས་ཆོས་ལམ་དུ་ཚུད་པར་གནང་། དེ་ནས་བོད་དུ་འབྱོན་པ་བས་བྱང་ཕྱོགས་སུ་བཞུགས་ན་བོད་ཀྱི་བསྟན་སྲིད་ལ་ཕན་ཆེ་བར་གཟིགས་ནས་བོད་ཀྱི་གྲྭ་སློབ་རྣམས་ལ་གནང་སྦྱིན་མང་པོ་དང་ཆོས་ཀྱི་སྐྱེས་སུ 《བྱང་ཆུབ་སེམས་དཔའི་ལམ་ལ་འཇུག་པའི་རིམ་པ་ཐུབ་པའི་དགོངས་པ་གསལ་བ》ཞེས་བྱ་བ་བསྐུར། ཚོགས་ཆོས་འདི་དབུས་གཙང་ཁམས་གསུམ་དུ་ངས་ཐམས་ཅད་ལ་བཤད་པ་ཡིན་པས་ཡི་གེ་འདི་ལྟོས་ལ་ཤོད། འདི་བཞིན་ཉམས་སུ་ལོང་ཞེས་བཀའ་བསྩལ། རྒྱ་བོད་ཧོར་གསུམ་དུ་ཆོས་སྲིད་ལུགས་གཉིས་ཀྱི་ལེགས་ཉེས་འབྱེད་པའི་བློ་གྲོས་ཀྱི་སྣང་བ་དམ་པ་བསྩལ། ཡུལ་དུས་ཀུན་ཏུ་དམ་པའི་བྱ་བ་ཁོ་ནར་བརྩོན། བོད་རབ་བྱུང་བཞི་པའི་ལྕགས་ཕག( ༡༢༥༡ ) ལོའི་ཟླ་བ་བཅུ་གཅིག་པའི་ཚེས་བཅུ་བཞི་ཉིན་སྐྱ་རེངས་ཤར་བ་ཙམ་ལ་རྡོ་རྗེ་དྲིལ་བུ་ཕྱག་གཉིས་ཀྱིས་ཐུགས་ཀར་བསྣོལ་ཐབས་སུ་བཟུང་ནས་ཡོངས་སུ་མྱ་ངན་ལས་འདའ་པའི་ཚུལ་བསྟན་ཏོ། །བདག་ཉིད་ཆེན་པོ་འདི་ཡི་གདན་ས་ཆེ་བ་དཔལ་ལྡན་ས་སྐྱ། བྱང་ཕྱོགས་མིང་ཆུར་རྩེར་ཁབ། བར་པ་བསམ་ཡས། ཉ་སྟོད་རྐྱང་ཐུར། ཤང་སྲེགས་ཤིང་། ཆུང་བ་དབུས་གཙང་ཁམས་གསུམ་ན་ཤིག་ཏུ མང་བར་བདག་གཉེར་མཛད་ནས་སྤྱིར་མདོ་སྔགས་ཁྱད་པར་རྣམ་འགྲེལ་སོགས་མཚན་ཉིད་ཀྱི་བཤད་སྲོལ་ཧ་ཅང་དར་རྒྱས་བྱུང་། བསྟན་རྒྱུན་འཛིན་པའི་བུ་ཡང་ཐུགས་སྲས་འགྲོ་མགོན་ཆོས་རྒྱལ་འཕགས་པ། མཚན་ཉིད་ཀྱི་ཚོགས་དཔོན་འུ་ཡུག་པ་རིག་པའི་སེངྒེ། སྔགས་ཀྱི་ཚོགས་དཔོན་ཞང་བཙུན་མདོ་སྡེ་དཔལ། སྤྱི་དཔོན་ཏེ་ཉེ་གནས་སུ་དགེ་བཤེས་ཤཱཀྱ་བཟང་པོ་སོགས་རྒྱ་བོད་ཧོར་གསུམ་དུ་མཁས་དང་གྲུབ་པའི་སློབ་མ་མང་དུ་འཕེལ། བཀའ་འབུམ་ལྡེབ་རིང་མ་སྡེ་དགེའི་པར་མ་པོད་གསུམ་སྟེ་ཆོས་ཚན་བརྒྱ་དང་བདུན། ཤོག་གྲངས་དགུ་བརྒྱ་དང་དྲུག་བཞུགས་སོ། །

[8] ཤོང་སྟོན་ལོ་ཙཱ་བ་རྡོ་རྗེ་རྒྱལ་མཚན་ནི་དུས་རབས་བཅུ་གསུམ་པའི་ལོ་རབས་བཞི་བཅུ་བའི་སྤྱི་ལོ༡༢༤༠ཡས་མས་སུ། ལ་སྟོད་ལྷོའི་དཔྱད་ལུང་ཤར་ཟེར་བའི་ཡུལ་ཚོའི་བང་ར་ཞེས་པར་སྐུ་བལྟམས། སྐུ་ན་གཞོན་དུས་ནས་རབ་ཏུ་བྱུང་། རབ་བྱུང་བཅུ་བཞི་བའི་ཤིང་གླང་སྤྱི་ལོ༡༢༦༥ལོར་བལ་ཡུལ་དུ་བྱོན་ནས་ལོ་ཙཱ་བསླབས། ཕྱིར་བོད་དུ་ཕེབས་ནས་རྒྱ་གཞུང་མང་པོ་གསར་བསྒྱུར་དང་འགྱུར་བཅོས་གནང་བས་ལོ་ཙཱ་བའི་མཆོག་ཏུ་བཀུར། རབ་བྱུང་བཞི་བའི་ཤིང་གླང་སྤྱི་ལོ༡༢༦༥ལོར་འགྲོ་མགོན་འཕགས་པ་རིན་པོ་ཆེས་ཤོང་ལོའི་ཐུགས་འདུན་བཞིན་བདག་རྐྱེན་གནང་སྟེ་བལ་ཡུལ་དུ་ལོ་ཙཱ་སློབ་ཏུ་བྱོན་ཏེ་པཎྜི་ཏ་ས་དབང་བཟང་བོའི་དྲུང་ནས་སྒྲ་དང༌། སྙན་ངག སྡེབ་སྦྱོར། ཟློས་གར། མངོན་བརྗོད་སོགས་རིག་གནས་ཆུང་བ་ལྔ་གཙོ་བོར་བྱང་ཆུབ་པ་གསན་སྦྱོང་མཛད། ཁྱད་པར་དུ་སྒྲ་རིག་པ་ལ་ཕུལ་དུ་ཕྱིན་པར་གྱུར། ཁོང་ཕྱིར་ས་སྐྱར་ཕེབས་ཏེ་ཐོག་མར་དུས་འཁོར་རྒྱུད་འགྲེལ་ཤོང་འགྱུར་ཞེས་ཡོངས་སུ་གྲགས་པ་མཁས་པ་ཐམས་ཅད་ཀྱིས་འགྱུར་ལེགས་པ་རང་དུ་བརྩི་བ་འདི་མཛད། དེ་རྗེས་འཕགས་ཡུལ་རྡོ་རྗེ་གདན་དུ་བྱོན་ནས་མ་ཧཱ་བོ་ངྷི་ལ་མཆོད་པ་དང་སྐོར་བ་མཛད་ཅིང༌། རྒྱ་གར་གྱི་པཎྜི་ཏ་ལཀྵིམཱ་ཀ་ར་བོད་དུ་གདན་དྲངས་ནས《བླ་མ་དམ་པ་ཆོས་ཀྱི་རྒྱལ་པོ་ལ་བསྟོད་པ》《འཇིགས་རྟེན་དབང་ཕྱུག་གི་བསྟོད་པ་བརྒྱ་བ》 《རིག་པ་འཛིན་པ་སྤྲིན་གྱི་གཞོན་པའི་སྐྱེས་རབས་ཀླུ་ཀུན་ཏུ་དགའ་བའི་ཟློས་གར》 《བྱང་ཆུབ་སེམས་དཔའི་རྟོགས་པ་བརྗོད་པ་དཔག་བསམ་འཁྲི་ཤིང》《ཀ་ལཱ་པའི་ཏི་ལ་སོགས་པའི་མཐའི་བྱ་བ་རྣམ་པར་དཔྱད་པ》 《ལུང་སྟོན་པ་ཙནྡྲ་བའི་མདོ།》《སྙན་ངག་གི་གཞུང་ཆེན་མེ་ལོང་མ》《སྡེབ་སྦྱོར་གྱི་དཔེར་བརྗོད་སྟོན་པ》《སྡེབ་སྦྱོར་གྱི་ཕྲེང་བའི་བསྟོད་པ》 《འཕགས་པ་འཇམ་དཔལ་གྱི་བསྟོད་པ་བྲྀ་ཏ་མ》《བཟློག་པ་བསྡུས་པ་རྩ་འགྲེལ》 སོགས་རིག་གནས་ཀྱི་གཞུང་ལུགས་དང་། བསྟན་བཅོས་མང་དུ་བསྒྱུར་གནང་བ་མ་ཟད། མངོན་བརྗོད་ཀྱི་བསྟན་བཅོས་ཆེན་པོ་འཆི་མེད་མཛོད་ལ་འགྱུར་མཆན་ཡང་བཀོད། ཁོང་གིས་སྒྲ་དང་སྙན་ངག་གི་བཤད་རྒྱུན་སྔར་བས་དར་སྤེལ་མཛད་ཐོག་སློབ་མ་མཁས་པ་དུ་མ་གསོ་སྐྱོང་གི་དབུ་ཚུགས། བདག་ཉིད་ཆེན་པོ་འདི་ཉིད་ཀྱི་སློབ་མ་གཙོ་བོ་ནི་གང་གི་དབོན་པོ་ཤོང་ལོ་ཙཱ་བ་བློ་གྲོས་བརྟན་པ་ཡིན་ཞིང༌། དེ་ལ་སློབ་མ་གཙོ་བོ་ལོ་ཙཱ་བ་མཆོག་ལྡན་ལེགས་པའི་བློ་གྲོས་བྱུང་། ཁོང་གི་སློབ་མ་གཙོ་བོ་ནི་དཔང་ལོ་ཙཱ་བ་བློ་གྲོས་བརྟན་པ་སྟེ་བོད་ཀྱི་རྩོམ་རིག་ལོ་རྒྱུས་ཐོག་ཤོང་དཔང་རྣམ་གཉིས་ཞེས་ཉི་ཟླ་ལྟ་བུར་མཚན་སྙན་ཡོངས་སུ་གྲགས་པར་གྱུར་པས་མཛད་རྗེས་ལྷག་པར་དུ་ཆེ། ཤོང་ལོའི་སྐུ་ཡོན་ལ་འགྲོ་མགོན་འཕགས་པས་བསྔགས་པ་རྒྱ་ཆེར་མཛད་པ་སྟེ། དཔལ་དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་པ་དང་བཅས་པ་རྒྱ་ཆེ་ལ་ཟབ་ཅིང་གཏིང་དཔག་དཀའ་བ། ཚིག་བརླིང་ཞིང་སྡེབ་སྦྱོར་བྱིངས་ཆེ་བས་ཆེན་པོ་རྣམས་ཀྱིས་ཀྱང་ཉམས་སུ་ལེན་དཀའ་བས། སྔོན་བྱུང་གི་ལོ་ཙཱ་བ་དག་གིས་ཀྱང་མ་འགྱུར་བ་དང་ལོག་པར་བསྒྱུར་བ་དང་། རྣམ་གྲངས་གཞན་དང་ཕྱོགས་རེ་བ་དང༌། ཐལ་བར་བསྒྱུར་བ་ལ་སོགས་པ་དེ་དག་ཁྱེད་ཀྱིས་ལེགས་པར་ཁོང་དུ་ཆུད་ཅིང་ངེས་ཏེ་ཞུ་ཆེན་མཛད་པའི་གླེགས་བམ་དང་། ཀླུ་རྣམས་ཀུན་ཏུ་དགའ་བའི་ཟློས་གར་མཐོང་བས་དགེ་བ་དང་རྗེས་སུ་ཡི་རང་ཁྱད་པར་ཅན་སྐྱེས་ཞེས་རབ་ཏུ་བསྔགས། སྒྲ་སྒྱུར་རྣམས་ཀྱི་གཙུག་གི་ནོར་བུར་གྱུར་རོ།།

 

[9] རིན་སྤུངས་ངག་དབང་འཇིགས་གྲགས་ནི་རབ་བྱུང་བརྒྱད་པའི་ཆུ་སྟག(སྤྱི་ལོ༡༤༨༢)ལོར་ཡབ་རིན་སྤུངས་ངག་དབང་རྣམ་རྒྱལ་གྱི་སྲས་སུ་སྐུ་འཁྲུངས། སློབ་དཔོན་མཁས་པ་དུ་མ་བསྟེན་ནས་རིག་གནས་ཆེ་ཆུང་ལ་གཞན་དྲིང་མི་འཇོག་པའི་སྤོབས་པ་བརྙེས་ཤིང་མཁྱེན་རབ་ཀྱི་ཀློང་རྣམ་པར་ཡངས་པས་རྒྱལ་པོ་པཎྜི་ཏའི་རྣམ་ཐར་བཟུང་ཞིང༌། རབ་བྱུང་དགུ་པའི་ས་ཡོས( སྤྱི་ལོ༡༥༡༩ )ལོར་ས་སྐྱ་པཎ་ཆེན་གྱི་རྣམ་ཐར་སྐལ་བཟང་ལེགས་ལམ་མཛད་པ་དང་། ལྕགས་སྦྲུལ ( སྤྱི་ལོ༡༥༢༡ )ལོར་མངོན་བརྗོད་མཁས་པའི་རྣ་རྒྱན་དང་། མེ་ཁྱི(སྤྱི་ལོ༡༥༢༦ )ལོར་སྙན་འགྲེལ་མི་འཇིགས་སེང་གེའི་ང་རོ། མེ་ཕག(སྤྱི་ལོ༡༥༥༧ )ལོར་ཤམ་བྷ་ལའི་ལམ་ཡིག་སོགས་ཚིག་སྦྱོར་ཕུན་སུམ་ཚོགས་པའི་བསྟན་བཅོས་མང་དུ་མཛད་དེ་བོད་ཀྱི་རྩོམ་རིག་འཕེལ་རྒྱས་ལ་ཕྱག་རྗེས་ཆེ། རྗེ་འདིས་ཧོར་གོས་བཟང་པོའི་རྒྱུ་ལས་གྲུབ་པའི་རིགས་ལྡན་ཡོལ་བར་གྲགས་པའི་བཀོད་པས་ཁྱད་པར་དུ་འཕགས་པ་བཞེངས་ཤིང་། རྗེ་ཀུན་དགའ་གྲོལ་མཆོག་པ་རབ་གནས་སུ་གདན་དྲངས། ས་སྐྱ་དང་བྱང་བདག་པ་མ་མཐུན་པས་ས་སྐྱའི་རྒྱབ་རོགས་ངག་དབང་འཇིགས་གྲགས་པས་མཛད། ཆུ་ཕག( སྤྱི་ལོ༡༥༦༣ )ལོར་རིན་སྤུངས་པའི་དམག་གཡས་རུ་བྱང་པའི་སྟེང་དུ་བཏེགས་པའི་ཚེ་སྡེ་པ་ངག་དབང་འཇིགས་གྲགས་རང་ཡང་དཔུང་ཧྲག་དང་བཅས་དམག་རྒྱབ་ཏུ་ཕེབས་པའི་ཚེ་ལམ་ཞོར་དུ་བྱ་རྒོད་གཤོངས་པ་རྣམས་བརྡུངས་པས་དགེ་འདུན་པ་ཚོ་ལའང་འོ་བརྒྱལ་ཆེ་བ་བྱུང་། ལོ་དེ་གར་འབངས་གྱེན་ལོག་ལྟ་བུ་བྱས། དེ་རྗེས་རིན་སྤུངས་པས་རྒྱལ་རྩེ་བ་དང༌། འབྲོང་རྩེ་བ། སྣར་ཐང་སོགས་ལའང་དཔུང་འཇག་ལ་ཁ་གཡར་བྱས་ན་ཡང་དེ་དག་གི་རྒྱབ་སྐྱོར་ཞིང་ཤག་པས་བྱས་སྟབས་རིན་སྤུངས་པ་ཕམ་ཁ་བསྟུད་མར་བྱུང་སྟེ་ངག་དབང་འཇིགས་གྲགས་ཀྱི་མངའ་ཐང་ཕལ་ཆེར་ཤོར་ནས་རིན་སྤུངས་པས བོད་ལ་དབང་བསྒྱུར་པའི་མཇུག་ཀྱང་དེའི་དུས་སུ་བསྒྲིལ་ཏོ།།

[10] རྗེ་འདི་ཉིད་འཁྲུངས་ལོར་བཞེད་ཚུལ་མི་འདྲ་བ་རེ་ཡོད་དེ། གངས་ཅན་མཁས་གྲུབ་རིམ་བྱོན་གྱི་མིང་མཛོད་དུ་ཁོང་ནི་རབ་བྱུང་མ་ཚུགས་གོང་གི་མེ་མཁའ་རྒྱ་མཚོའི་ལོ་སུམ་བརྒྱ་ཉེར་དགུ་བར་བབས་པ་ཆུ་ཕོ་བྱི་ལོ་སྟེ་སྤྱི་ལོ ( ༩༥༣ )ལོར་མཚོ་སྔོན་ཞིང་ཆེན་ཧྭ་ལུང་རྫོང་གི་མངའ་ཁོངས་རི་བོ་དན་ཏིག་དང་ཁད་ཤིན་ཏུ་ཉེ་བའི་རྨ་འགྲམ་དུ་ཆགས་པའི་རྒྱ་ཞུར་གྲོང་ཚོར་སྐུ་འཁྲུངས། རབ་བྱུང་དང་པོའི་བགྲང་བྱ་དགུ་བ་ཤིང་མོ་ཕག་ལོ་སྟེ་སྤྱི་ལོ( ༡༠༣༥)ལོར་སྐུ་མྱ་ངན་ལས་འདས་སོ། དུང་དཀར་ཚིག་མཛོད་དུ་རྗེ་འདི་ཉིད་བོད་ཆུ་བྱི( ༨༩༢)ལོར་ཙོང་ཁ་བདེ་ཁམས་སམ་འཕན་ཡུལ་ཞོགས་པར་སྐུ་འཁྲུངས། འདི་ཉིད་སྐྱ་བོའི་སྐབས་མཚན་ལ་ཀ་ར་འཕན་དང་། བོན་བསླབས་པས་བོན་མིང་མུ་གཟུ་གསལ། རབ་ཏུ་བྱུང་སྐབས་མཁན་སློབ་ཀྱི་མཚན་ལས་དྲངས་པས་དགེ་བ་རབ་གསལ་དང་ཕྱིས་ཐུགས་རབ་ཆེ་བས་དགོངས་པ་རབ་གསལ། བསྟན་པའི་མེ་རོ་བླངས་པས་བླ་ཆེན་དུ་གྲགས་པ་བཅས་མཚན་གྱི་རྣམ་གྲངས་མང་། སྐུ་ནར་སོན་རྗེས་ཞིང་དབོན་སར་ནོན་འཇམ་དཔལ་ལ་བཟླས་ལུང་ཞུས། ཁང་རིན་ཆེན་རྡོ་རྗེ་ཞེས་བྱ་བ་ལ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད། སྐྱི་རྒྱལ་བའི་གཙུག་ཏོར་ལས་དབུ་ཚད་ཀྱི་བསྟན་བཅོས་གསན། ནམ་དགའ་ལྡན་བྱང་ཆུབ་ལས་ཡོ་ག་གསན། དེ་རྗེས་དམར་གཡོ་གཙང་གསུམ་དང་མཇལ་ཏེ་རབ་བྱུང་བསྙེན་རྫོགས་ཆིག་རྫོགས་གནང་སྐབས་དགུང་ལོ་ཞེ་དགུ་པའམ་ཉེར་གཉིས་ལ་ཕེབས་སོགས་གསུངས་ཚུལ་མང་། བུ་སྟོན་གྱི་བཞེད་པ་ལྟར་ན་ལྕགས་མོ་བྱ་ལ་བསྟན་པ་ནུབ་ནས་བདུན་ཅུ་རྩ་གསུམ་པ་ཆུ་མོ་བྱ་ལ་བླ་ཆེན་དགོངས་པ་རབ་གསལ་གྱིས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས་པ་དེ་ནས་བསྟན་པ་ཕྱི་དར་འགོ་ཚུགས་པར་གསུངས། དེ་ནས་བྱང་ཕྱོགས་སུ་ཕེབས་ཏེ་ཅང་ཨིན་རྩེ་མཁར་མི་ཉག་གྷའི་ཡུལ་དུ་བྱོན་ནས་གོ་རོང་སེང་གེ་གྲགས་ལས་འདུལ་བ་གསན་པས་འདུལ་བ་ལུང་སྡེ་བཞི་བསྟན་བཅོས་དང་བཅས་པ་བླ་ཆེན་པོ་ལ་གནང་ནས། བུ་ཁྱོད་ཀྱིས་དེ་བཞིན་གཤེགས་པའི་བསྟན་པ་ཚུལ་བཞིན་དུ་གསལ་བར་གྱིས་ཤིག ཁོ་བོ་ནི་རྒས་པས་ཡུན་རིང་མི་འཚོའོ་གསུངས་སྐད། ཀྭ་འོད་མཆོག་གྲགས་པའི་ས་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འབུམ་ཊིཀ་ལ་སོགས་པ་དང༌། བྱང་ཆུབ་སེམས་དཔའི་ས་ལ་སོགས་པ་མངོན་པའི་ཐེག་པ་ཆེན་པོ་ལོ་བཅུ་གཉིས་ཀྱི་བར་གསན། དེ་སྐབས་ཅིག་ཆར་འཇུག་པའི་རྣལ་འབྱོར་པ་ཞེས་བྱ་བ་དགེ་བའི་ཕྱོགས་ཅི་ཡང་མི་བྱེད་པའི་ལོག་རྟོག་ཅན་མང་བས་དེ་དག་གི་ལྟ་བ་སུན་འབྱིན་པའི་ཆེད་ལྷ་ཁང་དང་བཟོ་ལ་སོགས་པ་ཡང་རང་མེད་པ་བཞེངས་ཏེ་ཚོན་དང་བཟོ་ལ་སོགས་པ་ཡང་རང་གིས་མཛད་དེ་འདུས་བྱས་ཀྱི་དགེ་བའི་རྩ་བར་བརྩོན་པར་མཛད། དམ་པ་སྤྱོད་པ་འདི་ལྟ་བུས་དད་པ་སྐྱེས་ནས་སྤ་གོར་ཡེ་ཤེས་གཡུང་དྲུང་ཞེས་བྱ་བ་དེ་འཁོར་མང་པོ་དང་བཅས་དན་ཏིག་ཏུ་བྱོན་པ་དང་། བླ་ཆེན་པོའི་དྲུང་ནས་དམ་ཆོས་འདུལ་བ་ལས་གསུངས་པའི་བསླབ་པའི་གཞི་རྣམས་གསན་པས་རང་ཉིད་ཀྱི་སྤྱོད་ལམ་འདི་ལྟ་བུར་གནོད་ཅིང་འགྱོད་ནས་ཚུལ་བཞིན་དུ་རབ་ཏུ་བྱུང་། བླ་ཆེན་པོ་དགུང་ལོ་ང་བཞི་པའམ་ཉེར་བདུན་པར་དབུས་གཙང་མི་བཅུའི་རབ་བྱུང་བསྙེན་རྫོགས་ཀྱི་མཁན་པོ་མཛད་པ་དེ་ནས་བཟུང་དབུས་གཙང་དུ་འདུལ་བའི་བསྟན་པ་དར་རྩ་ལག་ཆེན་པོར་གྱུར། འབྲོམ་སྟོན་པས་བདུན་ཅུ་རྩ་བརྒྱད་པ་ས་ཕོ་སྟག་ལ་དབུས་གཙང་མི་བཅུས་བླ་ཆེན་གྱི་སྐུ་མདུན་ནས་སྡོམ་པ་བླངས་པ་དེ་ནས་བསྟན་པ་ཕྱི་དར་དབུ་བརྙེས་པར་བཞེད། མཐར་བླ་ཆེན་པོ་དགུང་ལོ་བརྒྱད་ཅུ་གྱ་བཞི་པ་ཤིང་ཕག་ལོར་སྐུ་གཤེགས། བླ་ཆེན་པོའི་སློབ་མ་མཆོག་དྲུག་ནི། སྤ་གོར་ཡེ་ཤེས་གཡུང་དྲུང་དང་བར་གནས་བརྟན་གྲགས་པ་གཉིས་ལ་སྤ་བར་གཉིས་དང༌། ཇ་བ་གྲགས་པ་དང་བཙུན་ཆེན་ཤེས་རབ་འབྱུང་གནས་གཉིས་ལ་ཇ་ཅོག་གཉིས། འལ་པ་རྡོ་རྗེ་དབང་ཕྱུག་དང་བསྣུབས་གཉིས་བཅས་དང་། དེ་བཞིན་བཞད་སྲགས་གཉིས། ཟོང་འཚུར་གཉིས། དབུས་གཙང་མི་བཅུ་ལ་སོགས་པ་སློབ་མ་མང་དུ་བྱུང་ངོ༌། །

[11] འདི་ནི་མདོ་ཁམས་སྨད་ཀྱི་ཡུལ་ནས་དར་ཞིང་བརྒྱུད་པའི་འདུལ་བའི་སྡོམ་རྒྱུན་ཏེ་རྒྱལ་པོ་གླང་དར་མས་བསྟན་པ་བསྣུབས་པ་ན། སྨར་གཡོ་གཙང་གསུམ་མདོ་སྨད་དན་ཏིག་གི་ཡུལ་གྲུར་བྱོན་ནས། རྒྱའི་ཧྭ་ཤང་ཀེ་ཝང་དང་། གྱི་ཕན་གཉིས་བཅས་ལྔའི་ཚོགས་ཀྱིས་བླ་ཆེན་དགོངས་པ་རབ་གསལ་བསྙེན་པར་རྫོགས། ཁོང་གིས་ཀླུ་མེས་ཚུལ་ཁྲིམས་ཤེས་རབ་དང༌། ལོ་སྟོན་རྡོ་རྗེ་དབང་ཕྱུག་སོགས་དབུས་གཙང་གི་མི་བཅུ་བསྙེན་པར་རྫོགས། དེ་ནས་རིམ་བཞིན་དབུས་གཙང་གི་ཕྱོགས་སུ་འདུལ་བའི་སྡོམ་རྒྱུན་སྤེལ་ཞིང་མཆེད་པའོ། །

[12] ཇོ་ནང་པ་ནི་ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས་ཀྱིས་སྟོད་ལྷ་རྩེ་ཁོངས་སུ་གཏོགས་པ་གནས་བདག་བསྟན་མ་བཅུ་གཉིས་ཀྱི་གཙོ་བོ་ནགས་སྨན་རྒྱལ་མོ་ཡིན་སྟབས་ཇོ་མོ་ནང་ཞེས་ཐོགས་པ་དེར་དགོན་པ་བཏབ། ཀུན་མཁྱེན་དོལ་བུ་པ་ཤེས་རབ་རྒྱལ་མཚན་དེར་བཞུགས་ནས་གྲུབ་མཐའ་རྒྱ་ཆེར་སྤེལ་བས་བརྒྱུད་འཛིན་རིམ་བྱུང་རྣམས་ལ་ཇོ་ནང་པ་ཞེས་གྲགས་སོ།།

[13] 《མ་ཎི་བཀའ་འབུམ》ནི་གྲུབ་ཐོབ་དངོས་གྲུབ་དང་ཤཱཀྱ་བཟང་པོ་གཉིས་ཀྱིས་སོ་སོར་ར་སའི་དབུ་རྩེའི་བྱང་ངོས་རྟ་འགྲིན་གྱི་ཞབས་འོག་དང་གནོད་སྦྱིན་ཀུ་བེ་རའི་བརླ་གཡས་པ་ནས་བཏོན་པའི་གཏེར་ཆོས་ཡིན་ལ། ཐོན་མི་སམྦྷོ་ཊ་དང་ལྷ་ལུང་རྡོ་རྗེ་དཔལ་གཉིས་ཀྱིས་ཆོས་རྒྱལ་སྲོང་བཙན་སྒམ་པོས་གསུངས་པའི་ཐུགས་རྗེ་ཆེན་པོའི་སྒྲུབ་ཐབས་ཀྱི་སྐོར་དང་། སྐྱེས་རབས། ཞལ་གདམས་ཀྱི་སྐོར་སོགས་ཡི་གེར་བྲིས་པ་ཞིག་ཡིན། དེ་ནི་སྲོང་བཙན་སྒམ་པོས་གསུངས་པའི་ཚུལ་དུ་བྲིས་ཡོད་པས་དེ་ལ 《ཆོས་རྒྱལ་སྲོང་བཙན་སྒམ་པོའི་བཀའ་འབུམ》ཡང་ཟེར།

 

[14] རབ་བྱུང་ནི་མེ་ཡོས་ཏེ་སྤྱི་ལོ༡༠༢༧ལོར་ཚུགས་པ་ཡིན་ཞིང་། རབ་བྱུང་རྩི་བའི་མགོ་ཚུགས་པ་ནས་བཟུང་བོད་ཀྱི་སྔོན་བྱོན་མཁས་པ་རྣམས་ཀྱིས་རབ་བྱུང་གིས་ལོ་ཚིགས་ངོས་འཛིན་པར་བྱེད་དོ། །རབ་བྱུང་དང་པོ་སྤྱི་ལོ༡༠༢༧ལོར་རིགས་ལྡན་བཅུ་གཉིས་པ་ཉི་མ་ཁྲིར་བཞུགས་ལོ་ཡིན། ལོ་འདིར་གྱི་ཇོ་ལོ་ཙཱ་བས་དུས་འཁོར་བོད་ལ་བསྒྱུར། མེ་ཡོས་ནས་ལོ་རྒན་དྲུག་ཅུ་རང་སྐོར་གཅིག་གཅིག་བརྒྱབ་ན་རབ་བྱུང་རྗེས་མ་རྗེས་མ་ཡིན་པ་ཤེས་པར་བྱ། དཔེར་ན། རབ་བྱུང་དང་པོ་མེ་ཡོས་སྤྱི་ལོ༡༠༢༧དེ་རང་སྐོར་གཅིག་བརྒྱབ་ན་རབ་བྱུང་གཉིས་པ་མེ་ཡོས་སྤྱི་ལོ༡༠༨༧དང༌། རབ་བྱུང་གསུམ་པ་མེ་ཡོས་སྤྱི་ལོ༡༡༤༧ཡིན་པ་ལ་སོགས་བཞིན་ནོ། །དེ་ཡང་ཞིབ་མོ་ཙམ་བརྗོད་ན། སྤྱི་ལོ༡༠༢༧མེ་ཡོས་ནས་བགྲང་བྱ༦༠མེ་སྟག་བར་ནི་རབ་བྱུང་དང་པོ་མེ་ཡོས་ནས་རབ་བྱུང་དང་པོ་མེ་སྟག་གི་ལོ་ཡིན། བགྲང་བྱ་དྲུག་བཅུ་བ་མེ་སྟག་འདས་པའི་རྗེས་མ་ནི་རབ་བྱུང་གཞན་ཚུགས་པའི་མེ་ཡོས་ལོ་ཡིན་ནོ། །ལོ་རྒན་དྲུག་ཅུའམ་བགྲང་བྱ་དྲུག་ཅུའི་བར་ལ་རབ་བྱུང་གི་གྲངས་མི་འགྱུར་བ་ལས། བགྲང་བྱའམ་ལོ་བརྙན( ལོ་ཁམས)མི་འགྱུར་བ་ནི་མིན་ནོ། །སྤྱིར་ན་དེའི་བར་དུ་ནི་རབ་བྱུང་ལོ་ཐ་དད་པའོ། །

 

བརྒྱུད་སྐུལ།

མཆན་སྤེལ།