༄༅། །མདོ་སྔགས་བསྟན་པའི་ཉི་མའི་རྣམ་ཐར་མདོར་བསྡུས་བཞུགས། །
༄༅། །འཇམ་མགོན་མི་ཕམ་པའི་རང་ལུགས་གཙང་མ་སྐྱོང་བའི། ཀུན་དཔལ་རིན་པོ་ཆེའི་སློབ་མ་བོད་སྤྲུལ་མདོ་སྔགས་བསྟན་པའི་ཉི་མ་ (1898-1959) ནི། བོད་རབ་བྱུང་བཅོ་ལྔ་པའི་ནང་བོད་ཡུལ་དབུས་ཀྱི་ཤར་ཕྱོགས་དྭགས་པོའི་ཡུལ་དུ་འཁྲུངས། སྐུ་ན་ཕྲ་མོ་ནས་སྔོན་གྱིས་རིགས་སད་དེ་ཆོས་ལམ་ལ་ཞུགས། བར་ལམ་ཁམས་པའི་ཚོང་པ་དང་གནས་སྐོར་བ་སོགས་དང་མཉམ་དུ་སྡེབ་ཏེ་ཁམས་སུ་ཆོས་འཚོལ་དུ་ཕེབས་པར་སྐུ་ན་ཕྲ་བ་དང་ཕ་ཡུལ་ཐག་རིང་རྐྱེན་གྱིས་ཆོས་རྒྱགས་མ་འབྱོར་ཞིང་ན་བཟའ་གསོལ་བ་སོགས་ལ་དཀའ་བ་དཔག་ཏུ་མེད་པ་རྗེ་མི་ལའི་རྣམ་ཐར་བཞིན་སྤྱད་དགོས་ཤར། རིམ་པར་མདོ་ཁམས་རྫོགས་ཆེན་དགོན་དུ་འབྱོར། དེར་བཞུགས་བླ་སྤྲུལ་མཁན་སློབ་རྣམས་ལས་གཞུང་ཆེན་བཅུ་གསུམ་གྱིས་གཙོས་མདོ་སྔགས་རིག་པའི་གནས་ལ་གསན་སྦྱངས་གནང་ནས་མཁས་པའི་གྲལ་དུ་ཐོན།



