གནའ་གྲོང་ལྷ་སའི་མཆོད་རྟེན་བྲག་སྒོ་ཀཀྞི་ཡི་ལོ་རྒྱུས་ངོ་སྤྲོད་རགས་བསྡུས།
བྲག་སྒོ་ཀཀྞི་ནི་ལྷ་སའི་དམར་པོ་རི་དང་ལྕགས་པོ་རི་གཉིས་ཀྱི་བར་དུ་གནས་ཤིང་། མཆོད་རྟེན་ཆེ་ཆུང་གསུམ་ཡོད་པ་ལས་མཆོད་རྟེན་ཆེ་བ་ཀཀྞི་ནི་ལམ་གྱི་དབུས་དང་། གཞན་ཆུང་བ་གཉིས་ནི་དམར་པོ་རི་དང་ལྕགས་པོ་རི་གཉིས་ཀྱི་སྣེ་སོ་སོར་གནས། བྲག་སྒོ་ཀཀྞི་ནི་ལོ་རྒྱུས་ཡུན་རིང་ལྡན་པ་དང་ལྷ་སར་སྐད་གྲགས་ཆེ་ཙམ་ཡོད་པའི་མཆོད་རྟེན་ཞིག་ཡིན། གནས་དེར་མཆོད་རྟེན་དེ་འདྲ་ཞིག་བཞེངས་པའི་དགོས་པ་ནི་སྔ་དུས་ལྕགས་པོ་རི་དང་དམར་པོ་རི་གཉིས་མུ་འབྲེལ་ནས་གླང་པོ་ཆེ་དང་སེང་གེ་མཇུག་མ་སྦྲེལ་བ་ལྟ་བུ་ཡོད་པ་ནི་ས་དཔྱད་ཀྱི་དབང་དུ་ཧ་ཅང་དགེ་མཚན་ལྡན་པ་ཞིག་ཡིན་པ་སྟེ། རྒྱ་བཟའ་ཝུན་ཁྲིན་ཀོང་ཇོས་བོད་དུ་བསྣམས་ཕེབས་པའི་ས་དཔྱད་ཡིག་རིགས་དང་ཐང་རྒྱལ་རབས་ཀྱི་དུས་དཀྱིལ་དུ་རྒྱ་གར་གྱི་པཎྜི་ཏ་དུ་ཧར་ནག་པོས་བོད་དུ་བསྣམས་ཕེབས་པའི་ས་དཔྱད་ཡིག་རིགས་ཁག་གཉིས་ཀྱི་ནང་། ཡུལ་གྲོང་དང་རྒྱལ་པོའི་ཕོ་བྲང་ཆགས་སའི་ཐང་གི་དཀྱིལ་དུ་རི་ཆུང་གི་སྣེ་ཕན་ཚུན་སྦྲེལ་བ་ཡོད་ན་ཡུལ་སྡེ་དེའི་མི་རྒྱུད་ནང་ཤེས་ཡོན་འཛོམས་ཤིང་འཇོན་ཐང་ལྡན་པའི་རྒྱུད་པ་བར་མཚམས་མ་ཆད་པ་ཡོང་བ་དང་། རི་སྣ་ཕན་ཚུན་ཆད་ན་དེ་ལས་ལྡོག་པའི་སྐྱོན་ཆ་འབྱུང་ཚུལ་བཤད་ཡོད།




