པ) བོད་ཀྱི་གོས་བཟོའི་ལག་རྩལ།

པ) བོད་ཀྱི་གོས་བཟོའི་ལག་རྩལ།

སྤྱིར་བཏང་ཡོངས་གྲགས་སུ་གོ་བཟོ་བ་ཞེས་པའི་མིང་དེ་ཐོས་པ་ཙམ་གྱིས་གྱོན་གོས་བཟོ་འཚེམ་བྱེད་མཁན་གྱི་བཟོ་པ་ལག་རྩལ་པར་གོ་བ་ལེན་གྱི་ཡོད་པ་ལྟ་བུ་སྣང་ཡང༌། དོན་དུ་དེའི་ནང་གོས་ཆེན་གྱི་རིགས་སྣ་ཚོགས་དྲས་དྲུབ་ཀྱིས་ཐང་ཀ་དང༌། ཡོལ་བ། དྲ་ཕྱེད། མཆོད་རྫས། གྱོན་གོས་བཅས་བཟོ་འཚེམ་དང་དྲས་དྲུབ་བྱེད་མཁན་གྱི་ལག་རྩལ་མི་སྣ་ཡང་ཚུད་ཡོད་ཅིང༌། ད་ཡོད་ཀྱི་དཔྱད་གཞིའི་ཡིག་ཆ་ཁག་གི་ནང་གསལ་ལྟར་ན། སྔར་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་དུས་སུ་རྒྱ་བཟའ་ཀོང་ཇོ་བཙུན་མོར་ཕེབས་སྐབས།

གོང་མ་ཐང་ཐའི་ཙུང་གིས་སྲོང་བཙན་སྒམ་པོར་ཕྱག་རྟགས་སུ་ཕུལ་བའི་གོས་ཆེན་གྱི་ན་བཟའ་དང༌། བཞུགས་སྟན། བེར་ཆེན་བཅས་བོད་དུ་ཐོག་མར་འབྱོར་བ་ནས། བོད་ཀྱི་རྒྱལ་བློན་རྣམས་གོས་ཆེན་དྲས་དྲུབ་ཀྱིས་བཟོས་པའི་ན་བཟའ་གྱོན་པའི་དར་སྲོལ་ཆགས་ཤིང༌། དེའི་བཟོ་དབྱིབས་ནི། ཏ་སིག་རྒྱལ་ཁབ་དང༌། ཨ་རབ་རྒྱལ་ཁབ་ཀྱི་གྱོན་གོས་དང་འདྲ་བར་བཤད། ས་སྐྱས་བོད་ཁམས་ལ་དབང་བསྒྱུར་མཛད་སྐབས་ས་སྐྱའི་བླ་དཔོན་རྣམས་དང༌། དེ་རྗེས་ཀརྨ་པ་སྐུ་ཕྲེང་རིམ་བྱོན། ཕག་གྲུའི་སྡེ་སྲིད། དགེ་ལུགས་ཀྱི་བླ་ཆེན། འབྲི་གུང་དང་ཚལ་པའི་དཔོན་ཆེན་སོགས་ཀྱང་ནང་སོག་རིགས་དང་རྒྱ་རིགས་ཀྱི་དཔོན་ཆེན་ཚོའི་ཆས་གོས་དང་དབྱིབས་འདྲ་བའི་གྱོན་གོས་དར་སྲོལ་ཆེ་བ་མ་ཟད། དགོན་སྡེ་ཆེ་བ་དག་གི་ནང་གོས་སྐུ་དང༌། ཀ་འཕན། དྲ་བ་དྲ་ཕྱེད། མཆོད་རྫས། འཆམ་ཆས་བཅས་གཅིག་ལ་གཅིག་འགྲན་གྱི་བཟོ་འཚེམ་དར་རྒྱས་ཆེན་པོ་བྱུང༌།

གོས་སྐུ་བཞེངས་པའི་སྔ་ཤོས་ནི་རབ་བྱུང་བདུན་པའི་ས་བྱི་ཕྱི་ལོ་ ༡༤༠༨ ལོར་རྒྱལ་རྩེ་ཆོས་རྒྱལ་རབ་བརྟན་ཀུན་བཟང་འཕགས་པས་བཞེངས་པའི་གོས་སྐུ་མཐོང་བ་དོན་ལྡན་ཞེས་པ་བོད་ལུགས་ཀྱི་ཐོག་ཚད་ཆེ་བ་བདུན་ཙམ་གྱི་མཐོ་ཚད་དང༌། ཞེང་ཚད་འདོམ་ལྔ་སྟེ། མི་གཟུགས་འབྲིང་ཚད་ཀྱི་འདོམ་རེ་ལ་སྤྱི་སྐར་བརྒྱ་དང་བརྒྱད་ཅུ་རེ་བརྩིས་པའི་མི་ཊར་དགུའི་ཚད་ཙམ་ཡོད། གོས་ཆེན་ལས་བཟོས་པའི་ཡོལ་བ་འཚེམ་དྲུབ་མ་སྔ་ཤོས་ནི་རབ་བྱུང་བརྒྱད་པའི་ལྕགས་བྱི་ཕྱི་ལོ་ ༡༤༨༠ ལོ་ནས་རབ་བྱུང་དགུ་པའི་ཆུ་སྤྲེལ་ཕྱི་ལོ་ ༡༥༡༢ ལོ་བར་སྡེ་པ་རིན་སྤུངས་པས་སྲིད་དབང་བཟུང་སྐབས་རིན་སྤུངས་མཁས་དབང་ངག་དབང་འཇིགས་གྲགས་ཀྱིས་ཞལ་བཀོད་གནང་ནས་བཞེངས་པའི་རིགས་ལྡན་ཡོལ་བ་ཞེས་ཤམ་བྷ་ལའི་རིགས་ལྡན་ཉེར་ལྔའི་སྐུ་བརྙན་ཡོད་པའི་གོས་ཡོལ་སྐད་གྲགས་ཅན་ཞིག་ཡོད་པ་དེ་ཡིན་ཅིང༌། ཡོལ་བ་དེ་གཙང་པ་རྒྱལ་པོས་རིན་སྤུངས་པའི་སྲིད་དབང་གཏོར་རྗེས་གཞིས་ཀ་བསམ་གྲུབ་རྩེར་བླངས་པ་དང༌། རྗེས་སུ་གོ་ཤྲི་བསྟན་འཛིན་ཆོས་རྒྱལ་གྱིས་གཙང་པ་རྒྱལ་པོའི་སྲིད་དབང་ཆམ་ལ་ཕབ་སྟེ་དགའ་ལྡན་ཕོ་བྲང་གི་སྲིད་དབང་དབུ་བརྙེས་སྐབས་༸རྒྱལ་མཆོག་ལྔ་པ་ཆེན་པོར་ཕུལ་བ་དང༌། དེ་ནས་༸རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གདན་ས་གསུམ་ལ་ཆིབས་བསྒྱུར་མཛད་སྒོའི་སྐབས་འགྲེམས་སྲོལ་ཡོད་འདུག་པ་དེ་བཞིན་དེང་སང་པོ་ཏ་ལའི་མཛོད་ཁང་དུ་ཡོད་པར་གྲགས། དེའི་མཐོ་ཚད་བོད་ལུགས་ཀྱི་ཐོག་ཚད་གཉིས་ཙམ། ཞེང་ཚད་གླིང་གསུམ་བསྡོམས་པར་ཁང་པ་ཀ་བ་ཉི་ཤུའི་རྒྱ་ཁྱོན་ཁེབས་ཐུབ་པ་ཞིག་འདུག་པ་ཁོ་བོ་རང་གིས་དངོས་སུ་མཐོང་ཞིང༌། དེའི་བཟོ་བཀོད་དང༌། སྤུས་ཚད་འགྲན་ཟླ་མེད་ཅེས་དུང་དཀར་ཚིག་མཛོད་དུ་གསལ།

དེ་མིན་གོས་ཆེན་དྲས་དྲུབས་ཀྱིས་བཟོས་པའི་སངས་རྒྱས་སུམ་ཅུ་སོ་ལྔའི་དྲ་ཕྱེད་དང༌། རྒྱན་དྲུག་མཆོག་གཉིས། གནས་བརྟན་བཅུ་དྲུག དགེ་བསྙེན། ཧྭ་ཤང༌། རྒྱལ་ཆེན་བཞི་བཅས་ཡོད་པའི་དྲ་ཕྱེད། སྲུང་མ་ཁག་གི་བསྐང་རྫས་ཆ་ཚང་ཡོད་པའི་དྲ་ཕྱེད་བཅས་བཟོ་བཀོད་ཕུན་སུམ་ཚོགས་པ། གནའ་རབས་ཀྱི་དགོན་སྡེ་གྲགས་ཅན་ཁག་ཏུ་མཇལ་རྒྱུ་ཡོད་པ་ལྟ་བུ་ཡིན། པོ་ཏ་ལའི་ལྷ་ཁང་ཁག་གི་མཆོད་རྫས་དང༌། བཀའ་འགྱུར་བསྟན་འགྱུར་གྱི་ཞལ་ཁེབས། ཐང་ཀའི་གོང་གཤམ། གོས་སྐུ་བཅས་ལ་དུས་རབས་རིམ་པའི་སྐབས་ཐོན་པའི་གོས་ཆེན་རིགས་སུམ་བརྒྱ་ལྷག་གི་མིང་དང༌། ཚོས་གཞི། སྤུས་ཚད། གསར་རྙིང་སོགས་ཞིབ་ཙམ་གསེར་སྡོང་འཛམ་གླིང་རྒྱན་གཅིག་གི་དཀར་ཆག་ནང་གསལ་ཡོད།

སྡེ་སྲིད་སངས་རྒྱས་རྒྱ་མཚོའི་སྐུ་དུས་སུ་གོས་བཟོའི་ལག་རྩལ་མཁས་པ་ཡོད་ཚད་བསྡུས་པའི་ནང་རིམ་པ་གསུམ་དུ་ཕྱེ་བ་སྟེ། རིམ་པ་དང་པོ་དབུ་ཆེན་ར་རྩ་ཤག་བསོད་ནམས་མི་གཅིག་དང༌། རིམ་པ་གཉིས་པར་དབུ་ཆུང་གཞིས་རྩེ་དགེ་བསྙེན་རྡོ་རྗེ་སོགས་མི་གྲངས་བརྒྱད། རིམ་པ་གསུམ་པ་བྱིངས་དང་དཀྱུས་མའི་གྲས་གཞི་རྩེ་བ་བློ་བཟང་སོགས་མི་གྲངས་བརྒྱ་དང་ཉི་ཤུ་རྩ་ལྔ་ཡོད་པ་བཅས་སོ།།   །།

ཕོ་བྲང་པོ་ཏ་ལའི་དཀར་ཆག་རྒྱས་པ་བོད་ཡུལ་རྒྱན་གཅིག་ལས་བཏུས།

བརྒྱུད་སྐུལ།

2 བསམ་ཚུལ། “པ) བོད་ཀྱི་གོས་བཟོའི་ལག་རྩལ།

  1. Picture above. The precious Rin-chen rgyan-cha རིན་ཆེན་རྒྱན་ཆ་ornaments worn during the rGyal-po Lo-gsar Festival in lHa-sa. A number of these “precious ornments” stemmed from the dGyer/ sGer དགྱེར/་སྒེར་clan of Khra-‘brug, among these the depicted turquoise-studded extended ear-ornaments” (rna rgyang རྣ་རྒྱང་) traditionally worn in the left ear and reaching until the waist. These age-old gems had been treasured as a family heirloom since the 8th century and as a bequest of the sGer clan successively possessed by the Rin-spungs-pa རིན་སྤུངས་པ་ House until they were finally appropriated by the dGe-lugs-pa in the 17th century Photo: H. Richardson (1940s)
    Courtesy Pitt Rivers Museum (Oxford)
    Fig. 90a. Three “Rin chen rgyan cha pa” of the lHa-sa sMon lam

    ལན།

Leave a Reply to P.K. Sörensen Cancel reply