རང་བྱུང་མཆོད་རྟེན་འཕགས་པ་ཤིང་ཀུན་གྱི་གསོལ་འདེབས་བསྟོད་སྨོན།

རང་བྱུང་མཆོད་རྟེན་འཕགས་པ་ཤིང་ཀུན་གྱི་གསོལ་འདེབས་བསྟོད་སྨོན།

རང་བྱུང་མཆོད་རྟེན་འཕགས་པ་ཤིང་ཀུན་གྱི་གསོལ་འདེབས་བསྟོད་སྨོན།

 

༄༅། །རབ་འབྱམས་རྒྱལ་བ་ཀུན་གྱི་ཐུགས་རྗེའི་གཟུགས། །ལྷར་བཅས་སྐྱེ་འགྲོ་ཡོངས་ཀྱི་བསོད་ནམས་ཀྱི། །ཞིང་མཆོག་རང་བྱུང་མཆོད་རྟེན་ཆེན་པོ་ལ། །སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ལོ། །དྲན་པ་ཉེར་བཞག་ལ་སོགས་བྱང་ཕྱོགས་དང་། །སྟོབས་དང་མི་འཇིགས་མ་འདྲེས་ལ་སོགས་པའི། །རྒྱལ་བའི་ཡོན་ཏན་གཟུགས་སུ་ལེགས་ཤར་བ། །རང་བྱུང་མཆོད་རྟེན་ཆེན་པོར་ཕྱག་འཚལ་ལོ། །ཐུབ་པ་ཆེན་པོ་འོད་སྲུངས་ལ་སོགས་པའི། །

སྔོན་བྱོན་བདེ་གཤེགས་མང་པོའི་རིང་བསྲེལ་གྱི། །ཟ་མ་ཏོག་གྱུར་མཆོད་རྟེན་ཆེན་པོ་ལ། །སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ལོ། །སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོ་ཡིས། །གང་གི་ཡོན་ཏན་རྒྱ་ཆེར་རབ་བསྔགས་པ། །ལྷ་མིའི་མཆོད་ཡུལ་མཆོད་རྟེན་ཆེན་པོ་ལ། །སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ལོ། །རྒྱལ་བ་གཉིས་པ་འཕགས་པ་ཀླུ་སྒྲུབ་དང་། །འཛམ་གླིང་མཁས་པའི་གཙུག་རྒྱན་དབྱིག་གཉེན་སོགས། །མཁས་གྲུབ་བྱེ་བ་བརྒྱ་ཡི་མཆོད་པའི་གནས། །རང་བྱུང་མཆོད་རྟེན་ཆེན་པོར་གསོལ་བ་འདེབས། །གང་ལ་རྩེ་གཅིག་མཆོད་ཅིང་གསོལ་བཏབ་ན། །འདོད་དོན་ཐམས་ཅད་ཡིད་བཞིན་སྩོལ་མཛད་པ། །ཡིད་བཞིན་ནོར་འདྲའི་མཆོད་རྟེན་ཆེན་པོ་ལ། །དད་ཅིང་གུས་པ་ཆེན་པོས་ཕྱག་འཚལ་ལོ། །མེ་ཏོག་སིལ་མ་ཕྲེང་བ་སྤེལ་ལེགས་དང་། །དྲི་ཞིམ་བདུག་སྤོས་སྣང་གསལ་དྲི་ཆབ་དང་། །ལྷ་དང་མི་ཡི་བཟའ་བཅའ་སྣ་ཚོགས་དང་། །ཡན་ལག་དྲུག་ལྡན་ལྷ་ཡི་གླུ་དབྱངས་དང་། །ཆོས་ཀྱི་དབྱངས་ལྡན་རོལ་མོ་སྣ་ཚོགས་དང་། །ཁོར་ཡུག་བརྒྱན་པའི་གདུགས་དང་བླ་བྲེ་དང་། །དར་གྱི་ལྡ་ལྡི་རིན་ཆེན་ཕྲེང་བ་དང་། །རབ་འབྱམས་ཞིང་གི་བཀོད་པ་ཐམས་ཅད་ཀྱང་། །བློ་ཡིས་བླངས་ཏེ་མཆོད་རྟེན་ཆེན་པོར་ཕུལ། །བདག་དང་མཁའ་མཉམ་སེམས་ཅན་ཐམས་ཅད་ཀྱིས། །ཐོག་མེད་ནས་བསགས་སྡིག་ལྟུང་མ་ལུས་བཤགས། །རྒྱལ་དང་རྒྱལ་སྲས་སློབ་མར་བཅས་རྣམས་ཀྱི། །མཛད་པ་བཟང་པོ་ཀུན་ལ་ཡི་རང་ངོ་། །འགྲོ་བ་མི་ཤེས་མུན་པར་འཐོམས་རྣམས་ལ། །ཆོས་ཀྱི་སྒྲོན་མེ་ཆེན་པོ་འབར་དུ་གསོལ། །སྡུག་བསྔལ་བརྒྱས་གཙེས་ཉམ་ཐག་འགྲོ་འདི་ཡི། །མགོན་དང་སྐྱབས་སུ་བརྟན་པར་བཞུགས་སུ་གསོལ། །མཆོད་རྟེན་ཆེན་མོར་མཆོད་ཅིང་གསོལ་བཏབ་སོགས། །བདག་གིས་དགེ་བ་ཇི་སྙེད་བསགས་པ་རྣམས། །མཁའ་མཉམ་ཡིད་ཅན་མ་ལུས་སྒྲོལ་བའི་ཕྱིར། །ཐུབ་དབང་བསྟན་པ་ཡུན་རིང་གནས་ཕྱིར་བསྔོ། །སེམས་ཅན་ཐམས་ཅད་བདེ་ཞིང་སྐྱིད་པ་དང་། །ཕན་ཚུན་གནོད་མེད་བྱམས་སེམས་ལྡན་པ་དང་། །ཐུབ་པའི་བསྟན་ལ་དད་ཅིང་གུས་པ་ཡིས། །ཆོས་ཀྱི་ལམ་ལ་ངེས་པར་འཇུག་གྱུར་ཅིག །ཐུབ་པའི་བསྟན་པ་དར་ཞིང་རྒྱས་པ་དང་། །བསྟན་འཛིན་དམ་པ་ཐམས་ཅད་ཞབས་བརྟན་ཞིང་། །ཆོས་མཛད་ཐམས་ཅད་ཐུགས་མཐུན་བཤད་སྒྲུབ་འཕེལ། །དེའི་མཐུས་འགྲོ་རྣམས་སྨིན་ཅིང་གྲོལ་གྱུར་ཅིག །དམྱལ་བ་ཡི་དྭགས་དུད་འགྲོ་ལྷ་མིན་གྱི། །སྡུག་བསྔལ་ཐམས་ཅད་མྱུར་དུ་རྒྱུན་ཆད་ནས། །ཐམས་ཅད་དག་པའི་ཞིང་དུ་སྐྱེས་གྱུར་ཏེ། །ངན་སོང་གནས་རྣམས་མྱུར་དུ་སྟོངས་གྱུར་ཅིག །མི་ཡི་འཇིག་རྟེན་དག་ན་ལས་ཉོན་མཐུས། །སྐྱེ་རྒ་ན་འཆིའི་རྒུད་ཚོགས་ཇི་མཆིས་པ། །དེ་དག་ཐམས་ཅད་མྱུར་དུ་རྒྱུན་ཆད་དེ། །ཐམས་ཅད་བྱང་ཆུབ་ལམ་ལ་འཇུག་གྱུར་ཅིག །ཕྱོགས་བཅུར་བཞུགས་པའི་རྒྱལ་བ་སྲས་བཅས་ཀྱིས། །འགྲོ་བའི་དོན་དུ་སྨོན་ལམ་གང་མཛད་པ། །བདག་གི་ལྷག་བསམ་དག་པའི་མཐུ་སྟོབས་ཀྱིས། །དེ་དག་ཐམས་ཅད་ངེས་པར་འགྲུབ་འགྱུར་ཅིག །ཅེས་མཆོད་རྟེན་ཆེན་པོ་གྷོ་མ་ས་ལ་གནྡྷ་ཞེས་མདོ་ལས་བསྔགས་ཤིང་། བལ་བོད་མཚམས་ཀྱི་སྐྱེ་བོ་རྣམས་འཕགས་པ་ཤིང་ཀུན་ཏུ་བརྗོད་པ་རང་བྱུང་མཆོད་རྟེན་ཆེན་པོར་བསྟོད་ཅིང་གསོལ་བ་འདེབས་པའི་རབ་ཏུ་བྱེད་པ་འདི་ཡང་དགེ་སློང་ཡེ་ཤེས་རྒྱལ་མཚན་གྱིས་བཀྲ་ཤིས་བསམ་གཏན་གླིང་དུ་སྦྱར་བའོ།། །།

བརྒྱུད་སྐུལ།

མཆན་སྤེལ།