ཆོས་དོན་དགོངས་འགྲེལ་ལས་འཕྲོས་པའི་བསམ་གཞིགས།

ཆོས་དོན་དགོངས་འགྲེལ་ལས་འཕྲོས་པའི་བསམ་གཞིགས།

ཆོས་དོན་དགོངས་འགྲེལ་ལས་འཕྲོས་པའི་བསམ་གཞིགས།

 

རྩོམ་པ་པོ། དབྱུག་སྲས།

 

མ་རྣམས་བདེ་བས་ཕོངས་པའི་འཇིག་རྟེན་ནས། །གཏན་བདེ་ལེགས་ཚོགས་ཀུན་གྱི་འབྱུང་གནས་གཞི། །

འགྲོ་རྣམས་འདྲེན་ལ་ངལ་བ་ཀུན་སྤངས་པའི། །བྱམས་བརྩེའི་བརླན་གྱི་བདག་ཉིད་རྒྱལ་གྱུར་ཅིག །

རབ་སྙན་པི་ཝང་འཆང་བའི་ལེགས་བྲིས་མ། །རབ་མཛེས་ཞི་བའི་འཛུམ་མཚོར་ཡིད་འོང་མ། །

རབ་དཀར་ཁ་བའི་མདངས་ཀྱིས་བསླེས་པའི་མ། །རབ་གསལ་མྱུར་བའི་ཤེས་རབ་བདག་ལ་སྩོལ། །

 

ནང་དོན་གནད་བསྡུས།

དེ་ཡང་བཙན་པོ་རིམ་བྱུང་ལས་ཉེར་བརྒྱད་པ་ལྷ་ཐོ་ཐོ་རི་གཉན་བཙན་གྱི་སྐབས་སུ་སངས་རྒྱས་བསྟན་པའི་དབུ་བརྙེས་ཚུལ། སོ་གསུམ་པ་སྲོང་བཙན་སྒམ་པོའི་སྐུ་དུས་ལ་སངས་རྒྱས་བསྟན་པའི་སྲོལ་གཏོད་ཚུལ། སོ་བརྒྱད་པ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་རིང་ལ་སངས་རྒྱས་བསྟན་པ་དར་ཚུལ་ལས་འཕྲོས་ཏེ། བོད་སིལ་བུའི་སྐབས་སྟོད་མངའ་རིས་ཞང་ཞུང་ཕྱོགས་ནས་སངས་རྒྱས་བསྟན་པའི་མེ་རོ་གསོས་པའི་མཛད་རྗེས། ཇོ་བོ་ཆེན་པོའི་རྒྱུན་མ་ནུབ་པར་རྗེ་ཙོང་ཁ་པའི་སྔ་ན་མེད་པའི་བསྟན་པར་ཕྱག་རྗེས་བཞག་ཚུལ་བཅས་སོ།།

 

བརྡ་ཆད་གཙོ། བཙན་པོའི་མཛད་རྗེས། ཤོར་བའི་ཚེ་སྲོག ཚ་བའི་སྙིང་སྟོབས། ལམ་རིམ་ཆེན་མོ།

 

དང་པོ། མངའ་ཐང་ལ་དར་རྒུད་ཡོད་ཀྱང་མཛད་རྗེས་ལོ་རྒྱུས་དེབ་ཐེར་གྱི་མེ་ལོང་ངོས་སུ་གནས།

དེ་ཡང་རང་ཅག་གདོད་མ་ནས་རི་མཐོ་ས་གཙང་གི་ཐོག་ཏུ་ས་རྐོ་རྡོ་སློག་གིས་ཁྱིམ་གཞི་གསར་བསྐྲུན་དང་། མིའི་རིགས་སྐྱེ་འཕེལ་གྱི་ཁྲོད་ནས་འཚོ་བ་གོང་འཕེལ། སྐད་བརྡ་རིག་པའི་གནས་ཚད་ཇེ་ཟབ་ཏུ་སོང་བ་སོགས་སྔ་ན་མེད་པའི་འཕེལ་འགྱུར་སྣ་ཚོགས་པ་བྱུང་། དེ་ཡང་བཙན་པོ་རིམ་བྱུང་གི་ཁྲོད་ནས་བཙན་པོ་ལྷ་ཐོ་ཐོ་རི་གཉན་བཙན་གྱི་སྐུ་དུས་སུ་ཁ་བ་གངས་ཅན་ལྗོངས་སུ་དམ་པའི་ཆོས་ཀྱི་དབུ་བརྙེས་པར་བྱས། བཙན་པོ་སྲོང་བཙན་སྒམ་པོ་ནས་སྤྱི་ལ་དབང་བའི་ཡི་གེ་གསར་གཏོད། དམ་པའི་ཆོས་ཀྱི་སྲོལ་གཏོད། ཕོ་བྲང་གནས་སྤོ། ཆབ་འབངས་རྒྱ་སྐྱེད། རྒྱལ་པོ་ཕན་ཚུན་གྱི་སྲས་མོ་མནའ་མར་སྟེར་རེས། ལྷག་པར་ཆེན་པོ་ཐང་གི་སྲས་མོ་ཝེན་ཤིང་ཀོང་ཇོ་བོད་ལ་མནའ་མར་བླངས་པས་གང་ཐད་ནས་འཕེལ་རྒྱས་སོང་ཚུལ། མཛའ་འབྲེལ་ལམ་ནས་ཚོང་ལས་སྤེལ་རེས། དམག་ཤུགས་རྒྱ་སྐྱེད། ལྷ་ཁང་ཁག་གསར་བཞེངས་སོགས་མདོར་ན་སྔ་ན་མེད་པའི་ཆབ་དཔལ་རིག་གསུམ་གྱིས་མཛད་རྗེས་བླ་མེད་གཏོད། དཔལ་འབྱོར་གཅིག་པུའི་ཆབ་འབངས་སྐྱོང་མི་ཐུབ་པའི་དཀའ་ངལ་འོག ཁྲི་སྲོང་ལྡེའུ་བཙན་གྱི་ཕྱི་དགྲ་མཚོན་ཆས་བཏུལ། ནང་མི་ཆོས་ཀྱི་སྐྱོང་བའི་ཐུགས་དགོངས་ལ་འགྱུར་བ་ཏི་འབྲུ་ཙམ་ཡང་མ་བཏང་བར། དམ་པའི་ཆོས་དར་བར་བྱས་ཏེ་མཁན་ཆེན་ཞི་བ་ཚོ་རང་ཡུལ་དུ་གདན་དྲེངས་ཏེ། རྒྱའི་ཧྭ་ཤང་དང་འཐབ་རྩོད་དུ་བཅུག་པས་མི་མཐུན་གཡུལ་ལས་རྒྱལ་བའི་རུ་མཚོན་མཁན་ཆེན་ཞི་བ་ཚོས་འཕྱར། ཁོང་ཚོས་བཙན་པོའི་ཐུགས་ཡིད་རྦད་དེ་འཕྲོག་ཏེ་གཟུགས་མཐོང་ཆེ་ཞིང་བཀའ་བཀོད་བཞིན་བསྒྲུབས་པས། བཙན་པོའི་གསེར་དངུལ་གྱི་མ་རྩ་མང་པོ་ཞིག་མངའ་འབངས་ཞི་བདེ་ལ་འགོད་རྒྱུའི་ཐད་བཏང་བ་ཡིན་ལ། བློ་རིག་གྲུང་ཞིང་ཐབས་ལ་མཁས་པའི་མི་སྣ་མང་པོ་ཞིག་ནང་ཆོས་ཀྱི་གཞུང་ལུགས་བསྒྱུར་སྤེལ་གྱི་ལས་རིམ་དུ་བཀོད་པར་གནང་། བཙན་པོ་རིམ་བྱུང་གི་སྐུ་ལས་ཚད་མེད་བསྐྱོན་པའི་དྲིན་ལས། ཕྱིའི་དཔལ་འབྱོར་དང་ནང་ཤེས་རིག་གང་ཐད་ནས་ཕུན་སུམ་ཚོགས་པའི་གངས་ཅན་གྱི་ཡུལ་གྲུ་ཞིག་ཏུ་གྱུར།

 

གཉིས་པ། བླང་དོར་ལ་རྨོངས་ན་གསེར་ཁྲི་བཙན་ཡང་ཤོར།

ཡིན་ཡང་སྔར་རྒྱལ་པོའི་གསེར་ཁྲི་བུ་རབས་ཚ་རྒྱུད་ལ་སྤྲོད་པའི་ལམ་ལུགས་དེ་མཐའ་བཙན་པོ་མ་བྱུང་བའི་ནང་བློན་གཡོ་ཅན་ཚོས། ཐབས་བརྒྱ་ཇུས་སྟོང་གི་ལྐོག་ལ་རལ་གྲི་བཤམས་ཏེ་བཙན་པོ་མི་ཉུང་བ་ཞིག་རྒས་པའི་ཚོར་བ་བརྒྱུད་ཁོམ་མ་བྱུང་བར་གཞོན་ནུ་དང་། དར་ཡོལ་སྐབས་སྙིང་རྩ་བཅད་པ་ཤ་སྟག་ཡིན་པ་ལོ་རྒྱུས་དེབ་ཐེར་གྱི་ཁ་གྲགས་པ་བཞིན། བཙན་པོའི་མིང་གི་མཐའ་མ་བཟུང་བའི་འུ་དུམ་བཙན་ཁྲི་དར་མ་བླང་དོར་གྱི་གནས་ལ་སྒོ་ཀུན་ནས་རྨོངས་པས་ཆང་དང་བུད་མེད་གཉིས་ལས་ངོ་མི་ཤེས་པའི་དབང་གིས་ཡོད་ཚད་འཐུས་ཤོར་དུ་གཏོང་ལ་ཁད་དུས། འབངས་རྣམས་མ་གྲོས་གཅིག་མཐུན་གྱིས་རྒྱལ་རབས་རིམ་བྱུང་གི་སྐུ་ལས་བསྐྱོན་པའི་སངས་རྒྱས་ཀྱི་བསྟན་པ་འདི་བརླག་ལ་ཉེ་བའི་དངངས་འཚབ་སྐྱེས་སྐབས། ཐུགས་མཉམ་བཞག་དགོས་པ་ཞིག་ལ། སངས་རྒྱས་བསྟན་པར་འདུ་ཤེས་ཟབ་པའི་ལྷ་ལུང་དཔལ་རྡོར་གྱིས་འབངས་ཀྱི་བློ་དང་བསྟུན་ནས་བཙན་པོ་བཀྲོངས་པ་དེ། བདེན་པའི་གནས་ལུགས་ཀྱིས་ཁྲི་དར་མ་བཀྲོངས་པ་རེད་མ་གཏོགས། བྲག་ཡེར་པའི་རྣལ་འབྱོར་པ་རྒན་པོ་ཞིག་གི་ཁེ་གྲགས་དང་འབྲེལ་བ་མེད་པའི་ལས་ལ་རང་སྲོག་འབེན་དུ་སྤུངས་ཏེ། བཙན་པོ་བཀྲོངས་པའི་ལམ་དོག་པོ་དེར་འཇུག་དོན་མེད་དོ་སྙམ། ལྷ་ལུང་དཔལ་རྡོར་ལ་འདི་ལྟ་བུའི་འགྱུར་ལྡོག་གཏོང་བའི་འཇོན་ནུས་ཤིག་ཡོད་བདེན་ན། བཙན་པོ་བཀྲོངས་རྗེས་སྲིད་སྐྱོང་བའི་འོས་བབ་སུ་ལ་ཡོད་ཀྱང་དེར་གསེར་ཁྲི་སྤྲོད་རོགས་མེད་པར་བྲོས་བྱོལ་ལ་སོང་སྟེ། སུས་ཀྱང་འཛིན་བཟུང་མ་ཐུབ་ཁུལ་གྱིས་བཏང་བ་མ་ཟད། ཕྱོགས་བཞི་ལ་བྲོས་སོང་ཟེར་བའི་ཕོ་བྲང་ནང་གི་མི་སྣ་མགོ་བསྐོར་བའི་སྐད་ཆ་ཡ་མཚན་བཤད་པ་དེར་འགྲེལ་བཤད་ཇི་ལྟར་རྒྱག །བསམ་གཞིགས་བྱ་བའི་གནད་འཕར་མ་ཞིག་འདི་ན་ལུས་མི་འདུག་གམ། དེའི་བུ་རབས་ཡུམ་བརྟན་དང་འོད་སྲུང་གཉིས་ཀྱིས་གསེར་ཁྲི་ལ་རྩོད་ཀྱང་། ཡབ་དམ་པ་ཁྲི་དར་མས་རྒྱུ་རྐྱེན་ངན་པའི་ས་བོན་བཏབ་ཚར་དུས། བུ་གཉིས་ཀྱི་སངས་རྒྱས་བསྟན་པར་ཞབས་ཞུ་སྒྲུབ་པའི་གོ་སྐབས་ཤོར་ཅིང་། རྒྱལ་སྲིད་ཀྱང་བཟུང་ལོང་མ་བྱུང་བར་འབངས་ཀྱིས་གྱེན་ལོག་ཁྲིད་ནས་ཁ་འཐོར་དགུ་འཐོར་ལ་སོང་བ་ཡིན། དེ་དག་ལ་བསམ་གཞིགས་རེ་གནང་ན་བཙན་པོ་དམུ་རྒོད། བ་གླང་ལྟར་གྱི་གཤིས་སྤྱོད་ངན་རབས། མགོ་ལ་རྭ་ཅོ་ཡོད་ལུགས་སོགས་ཀྱི་འཁྱོག་བཤད་ལོ་རྒྱུས་ཀྱི་གཉིད་ལས་སད་དེ། བླང་དོར་ལ་རྨོངས་ན་ཡོད་ཚད་ཤོར་འགྲོ་བའི་གནས་ལུགས་དེ་གོ་དགོས་པ་མ་ཡིན་ནམ།

 

གསུམ་པ། དབོན་པོར་བཅོལ་བའི་རེ་བ།

ཕྱི་ནང་གི་འགལ་རྐྱེན་བར་ཆད་ལས་ཐར་ཏེ་དུས་རབས་བཅུ་གཅིག་པའི་དུས་འགོར་བཙན་པོའི་གདུང་རྒྱུད་སྟོད་མངའ་རིས་སྐོར་གསུམ་ལ་གཞིས་ཆགས་དུས། ཡབ་མངའ་རིས་གུ་གེའི་རྒྱལ་པོ་བཀྲ་ཤིས་མགོན་གྱི་སྲས་ཆེ་ཆུང་གཉིས་ལས་ཆུང་བ་ལྷ་བླ་མ་ཡེ་ཤེས་འོད་ཀྱི་སྐུ་རིང་ལ། བོད་མཐོ་སྒང་འདིར་ཆོས་པ་ཕལ་མོ་ཆེ་གྲུབ་མཐོའི་ཁ་འཛིན་གྱི་བཤད་པ་ཙམ་ལས་ཐུབ་བསྟན་ཡོངས་རྫོགས་ཉམས་ལེན་དུ་འཁྱེར་ཤེས་པ་ལྟ་ཅི། གསང་སྔགས་ལ་བསྙད་བཏགས་ཏེ་རྩིང་སྤྱོད་མང་པོ་དར་བ་བྱས། དམ་པའི་ཆོས་ཀྱི་ལྟ་སྤྱོད་རྣམ་དག་འཛིན་མཁན་ཉུང་ཞིང་། ཆོས་ལོག་སྤྱོད་མཁན་གྱི་གྲངས་འབོར་ཧ་ཅང་མང་རྐྱེན། ལྷ་བླ་མ་ཡེ་ཤེས་འོད་དང་། ཕོ་བྲང་ཞི་བ་འོད། ལོ་ཆེན་རིན་བཟང་སོགས་ཀྱིས་ཆོས་ལོག་སུན་འབྱིན་གྱི་ཡི་གེ་བྲིས་ནས་བཀྲམ་ཀྱང་ཕན་པ་མ་བྱུང་། དུས་དེར་མངའ་རིས་རྒྱལ་པོ་ལྷ་བླ་མ་ཡེ་ཤེས་འོད་ཀྱིས། བོད་ཀྱི་བསྟན་པའི་གནས་ཚུལ་དེ་ལྟར་དུ་གྱུར་པ་ཐུགས་ཀྱིས་མ་བཟོད་པར། རྒྱ་གར་གྱི་པཎྜིི་ཏ་གདན་འདྲེན་ཞུ་ཆེད་གསེར་འཚོལ་བའི་ལམ་བར་དུ། ཆོས་ཟབ་སར་བདུད་ཟབ་ཟེར་བའི་དཔེ་ལྟར། དོད་ཡུལ་མི་གཅིག་པའི་གར་ལོག་མུ་སྟེགས་རྒྱལ་པོས་བཟུང་ཡང་། གཅེས་པའི་རང་སྲོག་འབེན་དུ་བཙུགས་ཏེ་མུ་སྟེགས་པའི་རྒྱལ་པོ་དང་མདུང་རྩེ་ཁ་གཏད་ཀྱི་འཐབ་རྩོད་ཁྲོད། ལྷ་བླ་མ་བྱང་ཆུབ་འོད་ཀྱིས་ཁུ་དབོན་ཡེ་ཤེས་འོད་བཙོན་ནས་འདོན་ཕྱིར་རང་གི་ཕྱོགས་རྫས་ཡོད་རྒུ་ཅིག་གསེར་དང་བརྗེས་ཤིང་བོད་ཁམས་གླིང་དགུའི་འབངས་ལ་གསེར་གྱི་ཁྲལ་ཐེངས་གསུམ་བསྡུས་ཀྱང་ད་དུང་མིའི་གཟུགས་པོའི་ཚད་དུ་མ་ལོན་སྟབས་ཨ་ཁུ་བླུ་བར་ཕེབས་རུང་མ་བཏང་བ་ཁུ་བོར་ཞུས་པས། ལྷ་བླ་མ་ཡེ་ཤེས་འོད་ཀྱི་གར་ལོག་མུ་སྟེགས་པའི་རྒྱལ་པོར་གསེར་སེན་མོ་གང་ཙམ་ཡང་མ་སྤྲོད་པར་ཇོ་བོ་རྗེ་གདན་འདྲེན་ཞུ་དགོས་པའི་བཀའ་ཚ་ནན་འོག ཁ་བ་གངས་ཅན་པ་རྣམས་ཀྱི་ནང་སེམས་སུ་བདེ་སྐྱིད་བྱིན་པའི་དམ་པའི་ཆོས་ཀྱི་རྒྱུན་མ་ཆད་པར། ལྷ་བླ་མ་ཡེ་ཤེས་འོད་ཀྱི་ཐུགས་རེ་ཡོངས་རྫོགས་བྱང་ཆུབ་འོད་ཀྱིས་བསྐངས་ཏེ་གསེར་དངུལ་གྱི་མ་རྩ་མང་པོ་ཞིག་དང་ཁོང་རང་ཉིད་ཀྱི་སྐུ་ལུས་ཤོར་བའི་རྣམ་ཤེས་དང་བཅས་རྒྱ་གར་ལ་བརྫོངས་ཏེ། བོད་འབངས་ཡོངས་ཀྱི་འདོད་བློ་སྐོང་ཐུབ་པའི་པཎྜིི་ཏ་ཆེན་པོ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའམ་ལྷ་གཅིག་དཱི་པཾ་ཀ་ར་བོད་དུ་གདན་འདྲེན་ཞུར་བཅུག་པ་ཡིན་།

 

བཞི་པ། ཇོ་བོ་ནི་བོད་མི་དང་སེམས་ཐོག་ཧ་ཅང་ཉེ།

གུ་གེ་རྒྱལ་པོའི་སྐུ་མཁར་ནས་རྒྱ་བརྩོན་འགྲུས་སེང་གེ་དང་། ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བ་གཉིས་ཁ་ཆར་བུ་ཡུག་གིས་རྒྱབ་ནས་དེད་ཅིང་གཅན་ཟན་གདུག་པ་ཅན་གྱིས་མདུན་ནས་བསུས་པའི་ལམ་འགྲོད་པར་དཀའ་བའི་རྒྱ་གར་ལ་མངགས། ཁོང་གཉིས་ཀྱི་བོད་དུ་ལྷག་པའི་གནས་ཚུལ་ཆེ་མ་ཆུང་གསུམ་ཇོ་བོར་ཞུས་རྗེས། སངས་རྒྱས་ཀྱི་བསྟན་པ་དང་འབངས་ཀྱི་ཆེད་རང་སྲོག་བློས་གཏོང་ཐུབ་པའི་མྱི་བོ་འདི་འདྲ་ཡོད་པར་པཎྜིི་ཏ་དཱི་པཾ་ཀ་རས་ངོ་མཚར་རབ་ཏུ་ཆེ། དེ་བས་ཀྱང་སྐུ་སྲོག་ཤོར་བ་ཕངས་སེམས་སྔར་ན་མེད་པ་ཞིག་སྐྱེས་ཞེས་གསུངས། པཎྜིི་ཏ་དཱི་པཾ་ཀ་ར་ཡང་ད་བོད་དུ་མ་ཕེབས་ན་སྐུ་སྲོག་བཏང་ཟིན་པའི་གུ་གེའི་རྒྱལ་པོ་ལ་ངོ་གནོང་དང་། ལས་འབྲས་ཀྱི་ཆོས་ཉིད་དང་འགལ་བར་དོགས་པའི་དགོངས་པ་འཁྲུངས། ལྷ་བླ་མ་བྱང་ཆུབ་འོད་ཀྱི་ཇོ་བོ་རྗེེར་མངའ་རིས་མཐོ་ལྡིང་གསེར་གྱི་ལྷ་ཁང་དུ་ཞབས་སེན་འཁོད་བཅུག་པ་མ་ཟད། མཆོད་པའི་དང་པོ་གསོལ་ཇ་ཕུལ་བར་ཇོ་བོས་བོད་ལ་འཐུང་བའི་ཇ་ཞིམ་འདི་འདྲ་ཡོད་འགྲོ་བསམ་པ་མ་བྱུང་། ཁ་བ་གངས་ཅན་པའི་ཇ་དང་ཡན་ལག་བརྒྱད་ལྡན་གྱི་ཆུ་བཅས་ལ་བསྔགས་བརྗོད་ཚད་མེད་གནང་། ལྷ་བླ་མ་བྱང་ཆུབ་འོད་ཀྱིས་མཐོ་ལྡིང་གསེར་གྱི་ལྷ་ཁང་དུ་ཇོ་བོར་ལས་རྒྱུ་འབྲས་དང་འཚམ་པའི་ཆོས་ཤིག་གསུངས་པ་མ་གཏོགས། མུན་ནག་མདའ་འཕེན་དང་མཐོན་པོར་བསྙེགས་ཀྱང་དམའ་སར་ལྟུང་བའི་ཆོས་ཤིག་མ་གསུངས་རོགས། མཚམས་འདིར་ཞང་སྟོན་བསྟན་པ་རྒྱལ་མཚོས། 《ཐེག་པ་ལ་མཐོ་བསྙེགས་བྱེད་པ་དེ། །བུ་ཆུང་རྟ་རྒོད་བསྐྱོན་དང་འདྲ། །》ཞེས་གསུངས་པ་ལྷང་ངེར་འཆར། གསང་སྔགས་ནི་ཐུན་མོང་ལམ་སྦྱོང་སྔོན་དུ་སོང་བའི་གང་ཟག་གི་བསྒྲུབ་བྱ་ལས། སྐྱབས་འགྲོ་མི་ཤེས་པའི་གང་ཟག་གི་རྩིང་སྤྱོད་མ་ཡིན་པར་དགོངས་པས། དེ་ནི་ཁུ་དབོན་དམ་པ་ལྷ་བླ་མ་ཡེ་ཤེས་འོད་ཀྱི་ཐུགས་འདུན་རེད་ལ། ཁོ་བོས་ཀྱང་དཀའ་སྤྱོད་འབད་པའི་ཁྱེད་གདན་འདྲེན་པའི་སྙིང་དོན་ཡང་ཡིན་ལུགས་ཞུས་པས། ཇོ་བོ་ཐུགས་རྦད་དེ་དགྱེས་ཏེ་རྒྱ་གར་གྱི་བི་ཀྲམ་ཤཱི་ལའི་གཙུག་ལག་སློབ་གཉེར་ཁང་གི་པཎྜིི་ཏ་ཆེན་པོ་ཞིག་གིས་བོད་ཀྱི་བཙན་པོ་ཞིག་ལ་《སློབ་མ་བཟང་པོ་བྱང་ཆུབ་འོད་》ཅེས་པའི་བསྔགས་བརྗོད་གནང་བ་དེ་ལོ་རྒྱུས་ཐོག་གཅིག་མ་གཏོགས་བྱུང་མེད་པར་ཐག་གིས་ཆོད་སོང་།

 

ལྔ་པ། གསེར་དངུལ་འཚོལ་བའི་སྔགས་འཆང་།

རྒྱ་གར་གྱི་ཨ་ཙཱརྱའམ་སྔགས་མཁན་རྣལ་འབྱོར་པ་མང་པོ་ཞིག་གསེར་དངུལ་བཙལ་འཚོལ་གྱི་ཆེད་དུ་ཁྱི་སྨྱོན་ལྟར་གང་སར་ཉུལ་ཏེ་བོད་མདོ་དབུས་མཐོ་སྒང་གི་དད་ལྡན་པ་མང་པོ། མི་བདེན་རྫུན་བསྒྲིགས་ཀྱིས་བསླུས་པའི་དཀའ་ངལ་སྣ་ཚོགས་པར་དམིགས་ཏེ་དེའི་ཚེ་དེའི་དུས་བྱོན་ཟིན་པའི་སྟོན་པ་ལས་ཀྱང་བཀའ་དྲིན་ཆེ་བ། ཇོ་བོས་ཆོས་ཀྱི་རྩ་བ་དད་པར་ཐུག་ཅིང་། ལས་འབྲས་ཀྱི་ཆོས་ཉིད་དཔང་པོར་བཞག་པའི་ཡིད་ཆེས་པའི་དད་པ་སྲ་བརྟན་དུ་གཏོང་བའི་སླད། གངས་ཅན་ལྗོངས་སུ་ས་ལམ་གྱི་རྣམ་གཞག་མ་ཚང་བ་མེད་པ་《བྱང་ཆུབ་ལམ་གྱི་སྒྲོན་མ་》མཛད་དེ་མུན་ནག་ཐོད་དུ་ཉི་མ་ཤར་བ་ལྟ་བུའི་འཕགས་པའི་བོད་སེམས་ཅན་ཚོའི་བགོ་སྐལ་དུ་སྨིན་པ་བྱུང་། ཇོ་བོའི་ལམ་སྒྲོན་གྱི་འགྲོ་དོན་ཆེར་ཆེ་ན། ཉི་མ་དང་ཟླ་བ་ལྟ་བུའི་ཉིན་མཚན་ཁོར་མོ་ཡུག་གང་སར་ཤར་བའི་རྫོགས་ལྡན་གྱི་བསྐལ་པ། ཇོ་བོའི་དངོས་སློབ་གཙོ་བོ་འབྲོམ་སྟོན་རྒྱལ་བའི་འབྱུང་གནས་དང་། ཡང་སློབ་ཀྱི་གཙོ་བོ་རྗེ་བླ་མ་ཙོང་ཁ་པ་བཅས་བཀའ་གདམས་གསར་རྙིང་གི་སྐྱེས་ཆེན་དུ་མ་གསེར་རིའི་ཕྲེང་བ་ལྟར་བྱོན་པའི་ཁྲོད། རྗེ་ཙོང་ཁ་པ་དང་ཐོགས་མེད་ནས་ལས་འབྲེལ་ཟབ་ཅིང་རྗེ་ཙོང་ཁ་པའི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་ཇོ་བོ་རྗེ་དཔལ་མར་མེ་མཛད་ཀྱི་བྱང་ཆུབ་ལམ་སྒྲོན་གྱི་གདམས་པའི་ཁུ་བ་འདོན་པའི་ཐུགས་འདུན་དྲག་པོ་ཉིན་མཚན་དབྱེར་མེད་དུ་འཁྲུངས།

 

དྲུག་པ། འདིར་ཡང་ཐུན་མོང་མ་ཡིན་པའི་ཚུལ་དུ་བྱས་ན།

རྗེ་བླ་མ་ཙོང་ཁ་པས་རྭ་སྒྲེང་གི་བྲག་སེང་གེ་འདྲ་བའི་དབེན་གནས་བསྟེན་པའི་དགོས་པ་ཁྱད་པར་ཅན་ཞིག་ཡོད་པ་ནི། བྲག་སེང་གེ་འདྲ་བའི་དབེན་གནས་འདི་སྔར་དགེ་བཤེས་སྟོན་པའི་རྭ་སྒྲེང་དགོན་མ་བཞེངས་པའི་སྐབས། རྭ་སྒྲེང་གི་ས་འདིར་དགོན་པ་བཏབ་ན་ལེགས་མི་ལེགས་ཀྱི་ས་དཔྱད་མཛད་རིང་བཞུགས་ས་དང་། དགེ་བཤེས་སྟོན་པར་དེ་རུ་རྟགས་དང་མཚན་མ་བཟང་བའི་ལྟས་དུ་མ་འཁྲུངས་པ་མ་ཟད། དབེན་གནས་འདིར་བཞུགས་རིང་དགེ་མཚན་གྱིས་འབར་བའི་ལྟས་དེ་དག་ལ་གཟིགས་ཏེ་རྭ་སྒྲེང་དགོན་ཕྱོགས་འདེབས་རྒྱུའི་ཐུགས་ཐག་གཙང་མ་གཅོད་སའི་གནས་ཁྱད་པར་བ་ཞིག་ཡིན་སྟབས། གནས་འདིར་ལོ་ཆེན་སྐྱབས་མཆོག་དཔལ་སངས་ནས་གཙོས་གཞིས་བྱེས་ཀྱི་དགེ་འདུན་པ་ཚོར་དབུ་མའི་ལྟ་ཁྲིད། ལམ་རིམ་གྱི་གདམས་པ་ཞིབ་རྒྱས་སྩོལ་གནང་བ་མ་ཟད། ལམ་རིམ་ཁྲིད་རིང་རྭ་སྒྲེང་གི་རྟེན་གཙོ་ཇོ་བོ་སྐུ་དབུ་གཡོན་མ་ཞེས་སུ་གྲགས་པ། འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ཀྱིས་བཞེངས་པའི་སྐུ་དྲུང་དུ་ཞག་མང་པོར་གསོལ་བ་བཏབ་པས། སྐབས་ཤིག་ལ་བསྟན་པའི་བདག་པོ་སྟོན་པ་ནས་བཟུང་སྟེ་རྗེ་བླ་མ་ཙོང་ཁ་པ་རང་ཉིད་ཀྱི་ལམ་རིམ་བརྒྱུད་པའི་བླ་མ་ལྷོ་བྲག་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་གྱི་བར་བཀའ་གདམས་པའི་བླ་མ་བརྒྱུད་པ་རྣམས་དང་། ཁྱད་པར་ཇོ་བོ་རྗེ། འབྲོམ་སྟོན་པ། པོ་ཏོ་བ། ཤ་ར་བ་རྣམས་ཟླ་གཅིག་ཙམ་བར་དུ་ཞལ་གཟིགས་བྱུང་སྟེ། གདམས་པ་དང་རྗེས་སུ་བསྟན་པའང་མང་དུ་སྩལ་ནས། མཐར་པོ་ཏོ་བ་སོགས་ཇོ་བོ་རྗེ་ལ་ཐིམ་ཞིང་། ཇོ་བོ་རྗེ་ཨ་ཏི་ཤས་ཕྱག་གཡས་པ་རྗེ་ཙོང་ཁ་པའི་སྤྱི་བོར་བཞག་སྟེ། བསྟན་པ་ལ་བྱ་བ་རྒྱ་ཆེར་གྱིས་དང་བྱང་ཆུབ་བསྒྲུབ་པ། སེམས་ཅན་གྱི་དོན་བྱ་བའི་གྲོགས་བདག་གིས་བྱ་ཡི། ཞེས་གསུངས་ནས་མི་སྣང་བར་གྱུར་པ་སོགས་ངོ་མཚར་བའི་ལྟས་མང་པོ་བྱུང་། སྐབས་དེར་བྱང་ཆུབ་ལམ་རིམ་གྱི་བླ་མ་བརྒྱུད་པའི་གསོལ་འདེབས་《ལམ་མཆོག་སྒོ་འབྱེད་》ཅེས་པ་ཡང་མཛད་ལ། གསོལ་འདེབས་འདི་ཕྱིས་ལམ་རིམ་གྱི་བཀའ་ཆོས་གནང་བའི་སྔོན་འགྲོར་འདོན་ཏེ། ལམ་རིམ་བླ་མ་བརྒྱུད་པ་རྣམས་ལ་གསོལ་འདེབས་བྱིན་རླབས་ཞུ་བའི་རྒྱུན་སྲོལ་བཟང་པོར་ཆགས་པ་བྱུང་། རྗེ་ཙོང་ཁ་པ་རང་ངོས་ནས་གཟིགས་སྣང་དེ་རྣམས་དང་། ལྷག་པར་ཇོ་བོ་རྗེས་བསྟན་པའི་བྱ་བ་རྒྱ་ཆེན་པོར་བགྱི་བར་བསྐུལ་བའི་གསུང་གི་སྣང་བ་བྱུང་བ་འདིས། རང་ཉིད་ལ་ཇོ་བོ་རྗེའི་བསྟན་པ་སྤྱི་དང་ཁྱད་པར་ལམ་རིམ་གྱི་གདམས་པ་དར་སྤེལ་བྱེད་པའི་སྐལ་བའང་དམིགས་བསལ་ཡོད་པ་ཐུགས་ལ་གསལ་པོར་ངེས་ཏེ། བྱང་ཆུབ་ལམ་རིམ་ཆེན་མོ་ཡང་གནས་འདིར་རྩོམ་གནང་རྒྱུའི་ཐུགས་ཐག་གཙང་མ་བཅད། རྭ་སྒྲེང་གི་བྲག་སེང་གེའི་གནས་འདི། གནམ་གྱི་ས་གཞི་བཀབ་པ་ལྟར་གྱི་སྐྱེས་ཆེན་གཉིས་ཀྱི་ནོར་འཁྲུལ་གཡོ་ཙམ་ཡང་མེད་པའི་ཐོག་ཆོད་ཆེན་པོ་གཉིས་གནང་བས་བྱིན་རླབས་ཧ་ཅང་ནས་ཆེ་བའི་གནས་ཤིག་ཏུ་གྱུར་པ་ལགས།

 

བརྒྱད་པ། ཞལ་ཆེམས་སུ་བཞག་པའི་ལམ་རིམ་གཉིས།

དེ་ཡང་རྗེ་ཙོང་ཁ་པས། ལམ་རིམ་ཆེན་མོ་ལས། 《ང་ཤི་བའི་རྗེས་ང་དང་མ་འཕྲད་སྙམ་པའི་ཡིད་གདུང་བ་རྣམས་ཀྱིས། ངས་བརྩོམས་པའི་མདོ་སྔགས་ཀྱི་ལམ་རིམ་གཉིས་ལ་ལྟོས་དང་། ང་འཕྲད་པ་དང་ཁྱད་པར་སྤུ་ཙམ་མེད། ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གི་བཅུད་བསྡུས་ནས་གཅིག་ཏུ་དྲིལ་ནས་བཤད་པ་ཡིན། ང་འཕྲད་ཀྱང་དེ་ལས་ལྷག་པ་བཤད་རྒྱུ་མི་འོང་།》 ཞེས་ཕྱི་རབས་ཆེད་ཀྱི་སློབ་མ་དང་བྱིངས་ཀྱི་གདུལ་བྱ་ཚོར་བསླབ་བྱ་དང་ཞལ་ཆེམས་ཚུལ་དུ་འདི་ལྟར་བཀའ་སྩལ་བ་ནི། གདམས་པ་དོན་གཉེར་གྱི་གང་ཟག་རྣམས་ལ། སྒྲུབ་པའི་ལམ་མ་ནོར་བ། འཐོབ་པའི་འབྲས་བུ་མི་དམན་པ། དམིགས་སར་བདེ་བླག་ཏུ་འབྱོར་ཐུབ་པའི་མཛུབ་མོ་རི་སྟོན་མཛད། 《ལམ་རིམ་བསྡུས་དོན་ལས། གསུང་རབ་ཀུན་གྱི་སྙིང་པོ་བསྡུ་བསྡུ་བ། །ཚུལ་འདི་ཐུན་རེ་བཏོན་དང་ཉན་པས་ཀྱང་། །དམ་ཆོས་འཆད་དང་ཐོས་པའི་ཕན་ཡོན་སོགས། །རླབས་ཆེན་སྡུད་པར་ངེས་པས་དེ་དོན་བསམ། །》བྱང་ཆུབ་ལམ་རིམ་ཆེན་མོ་འདི་རྒྱལ་བའི་གསུང་རབ་ཀུན་གྱི་སྙིང་པོ་རྣམས་གཅིག་ཏུ་བསྡུས་པ་ཡིན་པས། འདི་ལ་ཐུན་རེ་ཙམ་ཉན་པ་དང་། ཐུན་རེ་ཙམ་དེ་དོན་གཞན་ལ་འཆད་པ་སོགས་བྱེད་ན། རྒྱལ་བའི་བཀའ་དང་དགོངས་འགྲེལ་བཅས་ལ་ཐུན་རེ་ཙམ་འཆད་ཉན་བྱེད་པའི་ཕན་ཡོན་རླབས་པོ་ཆེ་འབྱུང་ངོ་ཞེས། སྐྱེས་བུ་དམ་པས་མ་སེམས་ཅན་ལ་བརྩེ་བའི་ཀུན་ནས་ཁས་འཆེས་པ་ཡིན་པས། འཇིག་རྟེན་འདིའི་སྐྱེ་བོ་སུ་འདྲ་ཞིག་གིས་བྱང་ཆུབ་ལམ་རིམ་ཆེན་མོར་ཕྱག་འཚལ་བ་དང་། འཆང་བ་དང་། ཀློག་པ་དང་། དོན་བསམ་སྟེ་བསྒོམས་ན་གཏན་དུ་བདེ་བའི་གོ་འཕང་འཐོབ་མིན་ལ་འཕྱང་མོ་ཉུག་དོན་མེད་པ་རྗེ་ཙོང་ཁ་པས་གསལ་པོར་ར་སྤྲོད་ཟིན་ཏོ།།

 

དགུ་པ། དག་ཐེར་ཆེན་པོ་གསུམ་གྱི་མཛད་རྗེས།

ཁ་བ་གངས་ཅན་གྱི་ཡུལ་གྲུར་སངས་རྒྱས་ཀྱི་བསྟན་པ་དར་ནས་འཕེལ་འགྲིབ་སྣ་ཚོགས་པ་བྱུང་མོད། དམ་ཆོས་འདུལ་བར་མོས་པ་ཚོས་གསང་སྔགས་ཁྱད་དུ་བསད། གསང་སྔགས་ལ་མོས་པ་ཚོས་མདོ་ཁྱད་དུ་བསད། མདོར་ན་མདོ་སྔགས་གཉིས་འགལ་བ་ལྟག་སྤྲོད་དུ་འཛིན་པ་གཟིགས་རྗེས། རྗེ་ཙོང་ཁ་པས་སྔར་རྒྱ་གར་ལ་ཕེབས་རྒྱུའི་འདུན་པ་ཐུགས་གཏིང་ནས་བཏང་དགོས་བྱུང་བའི་གནད་ནི། རྟེན་འབྲེལ་བསྟོད་པ་ལས། 《ལུགས་བཟང་དེ་ཡང་མི་མཁས་པའི། །སྐྱེ་བོས་བལ་པ་ཛ་བཞིན་དུ། །རྣམ་པ་ཀུན་ཏུ་འཛིངས་པར་བྱས། །ཚུལ་འདི་མཐོང་ནས་བདག་གིས་ནི། །འབད་པ་དུ་མས་མཁས་པ་ཡི། །རྗེས་སུ་འབྲངས་ནས་ཁྱོད་ཀྱི་ནི། །དགོངས་པ་ཡང་དང་ཡང་དུ་བཙལ། །》ཞེས་པ་འདི་ལ་ཐུག་ཡོད་སྙམ། ཕལ་མོ་ཆེ་གྲུབ་མཐོའི་ཁ་འཛིན་གྱི་བཤད་པ་དང་རང་ལྟ་ཕྱོགས་འཛིན་གྱིས་ཞར་བས་གཟུགས་ལ་ལྟ་བ་བཞིན། ཐུབ་བསྟན་ཡོངས་རྫོགས་གྲུ་བཞི་ལྷམ་གྱིས་འཁྱེར་ཤེས་པ་ལྟ་ཅི། ཕྱོགས་མཐོང་གི་གོ་བ་ཆགས་པའང་དཀོན་པའི་གནས། མཁན་སློབ་ཆོས་གསུམ་གྱི་བསྟན་པ་དར་བ་ཧྭ་ཤང་གིས་བསླད་པར་བྱས་པ་ལ་ཀ་མ་ཤཱིི་ལས་དག་ཐེར་མཛད། བསྟན་པ་ཕྱི་དར་སྐབས་སངས་རྒྱས་བསྟན་པ་བསླད་པར་བྱས་པ་ལ་ཇོ་བོས་དག་ཐེར་མཛད། ཕྱོགས་འཛིན་གྱི་ཁ་འཁྱེར་སྣ་ཚོགས་པས་བསླད་པར་བྱས་པ་ལ་རྗེ་ཙོང་ཁ་པས་དག་ཐེར་མཛད་པའི་ལག་རྗེས་ལ། བསྟན་བཅོས་ཆེན་མོ་བྱང་ཆུབ་ལམ་རིན་ཆེན་མོ་འདི་འདྲ་བ་ཞིག་མཛད་པར་སྔར་གྱི་དཔལ་ནཱལནྡཱའི་ཕྱག་རྒྱུན་བཞིན། ཡི་དམ་ལྷ་ཡིས་ཞལ་གཟིགས་ཤིང་གསུང་གིས་གནང་བ་ཐོབ་པ། དམ་པ་གོང་མའི་གདམས་ངག་ལ་གུས་པ་ཆེ་བ། དམ་པ་བར་མ་ཆད་ནས་བརྒྱུད་པའི་ཁྲིད་རྒྱུན་དགོས་པ། ཆོས་ཀྱི་ཁུངས་བཙུན་པའི་ཡོན་ཏན་དགོས་པ་བཅས་ཡིན་པས། གོང་ཞུས་བཞིན་རྗེ་ཙོང་ཁ་པར་འདི་དག་མ་ཚང་བའི་ཐུགས་དོགས་གཏན་ནས་མེད། རྟོགས་བརྗོད་མདུན་ལེགས་མ་ལས། 《དེ་ལྟར་འབད་པས་ཀླུ་སྒྲུབ་ཐོགས་མེད་ལས། །རིམ་བཞིན་བརྒྱུད་པའི་བྱང་ཆུབ་ལམ་རིམ་ལ། །ཐུན་མོང་མིན་པའི་ངེས་པ་རྙེད་གྱུར་ནས། །ཟབ་མོའི་གཞུང་མཆོག་ཕར་ཕྱིན་གདམས་པར་ཤར། །》ཞེས་གསུངས། ང་ཚོ་སོ་སྐྱེ་ཐ་མལ་པ་ཞིག་ལ་ཆ་མཚོན་ན་བྱང་ཆུབ་ལམ་རིམ་ཆེན་མོའི་དོན་ཟབ་མོ་བདེ་བླག་ཏུ་རྟོགས་འདོད་ན། དབུ་ཕར་གྱི་གཞུང་ལུགས་རྒྱ་མཚོ་ལྟ་བུ་གཉིས་བརྒལ་ཏེ། སྔོག་འདྲུ་བྱེད་རྒྱུ་མ་གཏོགས་ཐབས་ཤེས་ཀྱིས་དབུལ་བ་ལགས། ཡིན་ཡང་དམ་པའི་གསུང་རབ་ཀློག་འདོན་བྱེད་པའི་ཕན་ཡོན་ནི། རྡོ་རྗེ་གཅོད་པ་ལས། 《ཇི་སྐད་དུ། རབ་འབྱོར། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་དག་འདི་ལྟ་བུའི་མདོ་སྡེའི་ཚིག་འདི་དག་ལེན་པ་དང་། འཛིན་པ་དང་ཀློག་པ་དང་ཀུན་ཆུབ་པར་བྱེད་པ་དེ་དག་མནར་བར་འགྱུར། ཤིན་ཏུ་མནར་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་སེམས་ཅན་དེ་དག་གི་ཚེ་རབས་སྔ་མའི་མི་དགེ་བའི་ངན་སོང་དུ་སྐྱེ་བར་འགྱུར་བ་དང་མཐུན་པར་བྱས་པ་གང་ཡིན་པའི་ཚེ་རབས་སྔ་མའི་མི་དགེ་བའི་ལས་དེ་དག་ཚེ་འདི་ལ་མནར་བས་བྱང་བར་འགྱུར་ཏེ་སངས་རྒྱས་ཀྱི་བྱང་ཆུབ་ཀྱང་འཐོབ་པར་འགྱུར་རོ།།》ཞེས་སོགས་ཧ་ཅང་མང་ཡང་གནད་ཆེ་ས་ནས་ཚུར་བསྡུས་པ་ཙམ་མོ། །རྫུན་སྤངས་པའི་སངས་རྒྱས་ཀྱི་དམ་པའི་གསུང་རབ་ཀློག་པའི་ཕན་ཡོན་འདི་དག་གསུངས་དུས། ད་ནས་བྱང་ཆུབ་ལམ་རིམ་ཆེན་མོའི་དོན་མི་གོ་ཟེར་ནས་ཉལ་ཉིལ་ཐལ་རྡུལ་གྱི་ཁྲོད་དུ་ལྟ་ཀློག་མེད་པར་གཟིམས་སུ་མི་འཇུག་པར། འདི་ལྟ་བུའི་ལེགས་བཤད་རྨད་དུ་བྱུང་བ་དེ་བཙན་པོ་རིམ་བྱུང་ནས་གུ་གེའི་རྒྱལ་རབས། སྙིང་རྗེ་ཆེན་པོའི་རྣམ་སྤྲུལ་འབྲོམ་སྟོན་པ། ལྷོ་བྲག་གྲུབ་ཆེན། རྗེ་བཙུན་རེད་མདའ་བ། ལོ་ཆེན་སྐྱབས་མཆོག་དཔལ་བཟང་ལ་སོགས་པའི་རྒྱུ་རྐྱེན་དུ་མའི་རོགས་དན་གྱི་འབྲས་བུ་ཉག་གཅིག་ལས་བྱུང་བའི་ནོར་བུའི་ནོར་ཉམས་ཆོད་པ་དགོས་སོ།།

 

བཅུ་པ། ན་ཟླ་ཚོ་སོས་དལ་ལས་ལོངས་ཤོག

ཕྱི་རབས་པའི་མིག་ལྟོས་ལ་བྱས་རབས་སེན་མོ་ཙམ་ཡང་འཇོག་མི་ཐུབ་པའི་ཁོ་བོ་དང་འདྲ་བའི་དེང་གི་ན་ཟླ་ཚོ། སྔར་བཙན་པོ་རྣམས་ཀྱི་གསེར་དངུལ་མི་རྟ་ལ་སོགས་པའི་འགྲོ་གྲོན། གུ་གེའི་རྒྱལ་རབས་རྣམས་ཀྱི་གཅེས་པའི་སྐུ་སྲོག རྗེ་ཙོང་ཁ་པའི་ལང་ཚོའི་མེ་ཏོག་དང་དཀའ་སྤྱད་རྡོ་རུས་ལས་བྱུང་བའི་གཞུང་ལུགས་འདི་དང་འདི་འདྲ་བའི་ལེགས་བཤད་དག་ལ་ལྟ་ཀློག་དང་བསམ་གཞིགས་མི་བྱེད་པར། བོད་པའི་ལུས་བླངས་པའི་བོད་པ་ཚོས་རང་གར་བསྐྱུར་ན། བཏང་ཟིན་པའི་གསེར་དངུལ་ལ་སེར་སྣ་མི་སྐྱེ་འམ། ཤོར་ཟིན་པའི་ཚེ་སྲོག་ལ་སྙིང་མི་རྗེ་འམ། སྤྱད་ཟིན་པའི་དཀའ་སྡུག་ལ་ངོ་གནོང་མི་སྐྱེ་འམ། འཚོ་བཞིན་པའི་ལས་དབང་ལ་སེམས་ཁུར་མི་བྱེད་དམ། ང་ཚོ་གནས་སྐབས་རྩམ་པ་ཟས་ནས་མུ་གེས་མ་ཤི་ཙམ་བྱུང་ཡང་། རིག་གནས་འདི་ཡུན་རིང་གསོན་པོར་གནས་དགོས་ན། རབ་རིག་གནས་ཀྱིས་འཚོ་བ། འབྲིང་ལག་ཤེས་ཀྱིས་འཚོ་བ། ཐ་མ་ངལ་རྩོལ་གྱིས་འཚོ་བ་གསུམ་གྱི་བོད་སྤྱོད་པ་དང་ཕན་ཚུན་གཅིག་གྲོགས་གཅིག་ཏུ་བྱས་ཏེ་རིག་གནས་རྩ་ཆེན་འདི་ཀྲུང་ཧྭའི་མི་རིགས་ཆེན་པོའི་བང་མཛོད་ནང་ཡུན་རིང་གནས་ཐབས་ལ་བརྩོན་སེམས་བསྐྱེད་དགོས་པ་ལས། ཆོས་རྒྱུད་མི་འདྲ་བའི་དབང་གིས་གང་སར་ཕྱོགས་འཐེན་དང་། ཁ་འཁྱེར་བྱེད་པས་དེ་འདྲའི་བསམ་སྦྱོར་འདི་སོ་སོའི་སྐེ་ལ་ལྕེབ་ཐག་ཅིག་བསྐོན་པ་དང་འདྲ་བའི་ཡུན་རིང་འཚོ་མི་ཐུབ་པའི་གནས་ལུགས་གལ་ཆེ་དེ། རྟོགས་པའི་ཆེད་ཡར་དཀོན་མཆོག་ལ་གསོལ་འདེབས་དང་། བདག་སོ་སོ་ནས་གཙོས་མར་གྲོགས་པོ་ཚོར་རེ་འདུན་ཞུ་བ་ལགས་སོ། །

རྨོངས་པའི་རལ་པ་བྲག་ལ་ངལ་སྤངས་པའི། །མཁྱེན་པའི་རལ་གྲིའི་རྣོ་ངར་རབ་ཏུ་འབར། །

གཡུལ་ལས་རྣམ་པར་རྒྱལ་བའི་ཡབ་རྗེའི་སྡེ། །ཕ་མེས་དཔལ་རྩོལ་བུ་ཡིས་སྙིང་ལ་གནས། །

འཐོབ་ཤོར་རྩོད་པའི་རེ་དོགས་མི་དགོས་ལ། །དགྲ་གཉེན་རྩོད་པའི་ཕྱོགས་ལྷུང་ཅི་ལ་དགོས། །

ལང་ལོང་འདུ་འཛིས་གཡོ་བའི་ས་ཆེན་ནས། །ཁུ་སིམ་སྙན་ངག་པ་ཡིས་ལམ་དེ་བདམས། །

 

རྩོོམ་པ་པོ། དབྱུག་སྲས།

 

བརྒྱུད་སྐུལ།

མཆན་སྤེལ།