གྱེས་ཕུག་གྲོང་ཚོའི་གུ་རུ་ཕུག་གི་ལོ་རྒྱུས་ངོ་སྤྲོད།
རྒྱལ་ཀུན་ཐུགས་བསྐྱེད་གཅིག་སྡུད་འཕྲིན་ལས་དཔྱིད། །རྒྱལ་དང་རྒྱལ་སྲས་རྣམས་ཀྱི་ཡོངས་བསྡུས་པ། །རྒྱལ་བའི་དབང་པོ་རྒྱལ་བ་ཟས་གཙང་སྲས། །དུང་བའི་རུང་བ་དེ་ཡི་རྟགས་ཏུ་སྐྱོངས། །དེ་ཡང་ཕུག་པ་དེའི་ལོ་རྒྱུས་ནི། ཕྱི་ལོ་ ༦༣༧ གོང་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས། བལ་པོའི་སྲས་མོ་སྦིར་ཀུ་ཊི་རོ་ལྦེ་བལ་བཟའ་ཁྲི་བཙུན་བཙུན་མོར་བཞེས་སྐབས་བོད་ཀྱི་བློན་པོ་གཙོས་པའི་བསུ་མའི་ཕོན་ཞིག་དང་བལ་བཟའི་སྐུ་བཅར་བ་བལ་མོ་ཚོ་གཅིག་ཡོད་པར་གྲགས་པ་རྣམས་དང་སྐྱེལ་མ་མང་པོ་བཅས་པ་བསུ་སྐྱེལ་བ་ཚང་མ་ཕུག་པ་དེའི་ནང་འཛོམས་ནས་སྔོན་འགྲོའི་མཛད་སྒོ་ཁག་ལེགས་བསྒྲུབས་རྗེས་སྐྱེས་མ་ཕལ་ཆེ་བ་རྣམས་འདི་ནས་ཁ་གྱེས་ཏེ་ཕྱིར་ལོག་བྱས་པས་དེ་ནས་བཟུང་ཡུལ་གྱི་མིང་ཡང་གྱེས་ཕུག་ཏུ་གྲགས། ཁ་བྲལ་ཕུག་ཀྱང་ཟེར། ཡིག་སྐད་ལ་ཕབ་པས་གྱེས་ཞེས་བརྗོད།
བཤད་སྲོལ་གཞན་ཞིག་ཏུའང་ཇོ་བོ་གསུམ་གནས་དེ་ནས་ཁ་གྱེས་སྲོལ་འདུག་པས་གནས་དེ་མཇལ་མ་ཐུབ་ན་གོས་ཀྱི་གོང་བ་མེད་པ་དང་མཚུངས་ཞེས་བརྗོད་སྲོལ་ཡང་ཡོད། དེ་ནས་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་དུས་སྐབས་སུ། ཕུག་པ་དེའི་ནང་མཧཱ་གུ་རུའི་སྒྲུབ་པ་མཛད་པས་བྱིན་རླབས་གྱི་ཚན་ཁ་དང་ལྡན་པས་གུ་རུ་ཕུག་ཀྱང་ཟེར། ཕུག་པའི་བྲག་ལྡེབས་སུ་ལྷ་སྒྲུང་སྐུ་རང་བྱོན་གྱི་དང་། བདུད་མ་ཏམ་རུ་ཊ་རང་བྱོན།མཆོད་རྟེན་རང་བྱོན། ཆོས་ཡུམ་པུ་ཏི་བཅུ་དྲུག་རང་བྱོན། ལྷ་ཚངས་པ་བརྒྱ་བྱིན་རང་བྱོན། ལྕགས་ཀྱི་ཕུར་པ་རང་བྱོན། རྡོ་རྗེ་རང་བྱོན། དྲིལ་བུ་རང་བྱོན། ཕྲེང་བ་རང་བྱོན། རྨ་བྱ་རང་བྱོན། བྱ་ཁྱུང་རང་བྱོན། མཁའ་འཁྲོའི་གསང་ལམ། གུ་རུའི་སྒྲུག་ཕུག གུ་རུའི་ཞབས་རྗེས། ཚེ་ཕུག་བླ་མའི་དབུ་རྗེས་རང་བྱོན་སོགས་ཤིན་ཏུ་མདོར་བསྡུས་ནས་བཤད་ན། རྩ་ཆེ་བའི་རང་བྱོན་མཇལ་ཐུབ་ཀྱ་ཡོད། ཤར་ཕྱོགས་སུ་གོམ་པ་ཉིས་བརྒྱ་ལྷག་ཙམ་བསྐྱོད་ན། གུ་རུའི་ཞབས་རྗེས་དང་རྡོ་བརྐོས་མ་ཎི། གསེར་ཉ། དུང་དཀར། རི་སྐྱེས་སྲོག་ཆགས་སྣ་ཚོགས་ཀྱི་བསུ་བ་ཞུ་བའི་རང་བྱོན་མཇལ་ཐུབ་ཀྱི་ཡོད་ལ། ཡང་དེ་ནས་གོམ་པ་བརྒྱ་ལྷག་ཙམ་བསྐྱོད་ན་ར་ཙི་འབུམ་པ་ཞེས་ཞིག་མཇལ་རྒྱུ་ཡོད། དེ་ནི་བལ་བཟའ་ཁྲི་བཙུན་ར་ལ་ཆིབས་ནས་ཕེབས་པར་བཤད་སྲོལ་ཡང་ཡོད། དེ་ནས་གོམ་པ་ཉིས་བརྒྱ་ལྷག་ཙམ་བསྐྱོད་ན། བལ་བཟའ་ཁྲི་བཙུན་སྐུ་ཁྲུས་བསྐྱོན་སའི་འཕུལ་ཆུ་དང་ལྷ་གཞོང་རང་བྱོན། རྡོའི་ཀ་ཏོ་ར་ཤིན་ཏུ་རྩ་ཆེ་བ་མཇལ་རྒྱུ་ཡོད། དེའི་ཉེ་འགྲམ་དུ་སློབ་དཔོན་པདྨ་འབྱུང་གནས་ཀྱི་སྲིན་པོ་མགོ་དགུ་བཏུལ་ནས་རྡོའི་འོག་བཅུག་པའི་རང་བྱོན་རང་མཇལ་རྒྱུ་ཡོད།
རྡོ་བྲག་གི་ཁྲོད་ནས། གེགས་སེལ་རྡོ་རྗེ་དང་། རྡོ་རྗེ་ཕུར་པ། དྲིལ་བུ། ཕྲེང་བ། རྨ་བྱ། བྱ་ཁྱུང་། གསེར་ཉ། དུང་དཀར། ཆོས་དུང་། དམ་རུ་ཆེན་པོ། རྡོ་རྗེ། རྡོ་རྗེ་གཤོག་པ། མཁའ་འགྲོ་སྡེ་ལྔའི་རང་བྱུང་། མ་མོ་དམ་རུ་ཆེའི་རང་བྱུང་། རིན་ཆེན་གཡུ་ཡི་གཤོག་པ་ཅན་གྱི་འབྲུག་མོ་རང་བྱུང་། རང་བྱུང་མཁའ་འགྲོ་ཡང་གསང་། མཁའ་འགྲོ་སྙིང་ཐིག་གི་རང་བྱུང་མཛེས་པ། མཆོད་རྟེན་དང་བྲག་གི་རང་བྱོན་བཅས་མངོན་སུམ་དུ་མཇལ་རྒྱུ་ཡོད། དེ་ལ་ཡང་གོམ་པ་གསུམ་བརྒྱ་ལྷག་ཙམ་བསྐྱོད་ན་བལ་བཟའ་ཁྲི་བཙུན་བོད་ལ་ཕེབས་པའི་ལམ་བར་དུ་བོད་ནས་བསུ་ཆང་བསྐྱལ་བས་ལམ་སྣ་ཞེས་བརྗོད། ད་དུང་གནའ་ལམ་རྙིང་པར་བརྒྱུད་ནས་ཕྱིན་ན་རང་བྱོན་མི་ཉུང་བ་ཞིག་མཇལ་ཐུབ་ཀྱི་ཡོད། དགོན་པའི་ཉེ་འཁོར་དུ་རྡོ་རྗེ་གླིང་དང་། བསམ་གཏན་ཆོས་ཆོས་གླིང་དགོན། ཚེ་ཕུག་དགོན། གྱེས་ཕུག་གྲོང་ཚོའི་ཐོག་མའི་ཆགས་ཚུལ་བཤད་སྲོལ་མི་ཉུང་བ་བཅས་ཡོད་ཀྱང་ད་གྷ་གྱང་རོ་ཙམ་ལས་མཇལ་རྒྱུ་མེད་པ་བཅས་སོ།།

