མཆོད་རྟེན་ཆེན་མོ་བྱ་རུང་ཁ་ཤོར་གྱི་བསྟོད་སྨོན།
ལྷར་བཅས་འགྲོ་བའི་མགོན་པོ་བཅོམ་ལྡན་འདས། །
སྲིད་ཞིའི་འཇིག་སྐྱོབ་ལུང་རྟོགས་དམ་པའི་ཆོས། །
ཐར་པའི་ལམ་བཟང་གསལ་མཛད་དགེ་འདུན་ཆེ། །
བསླུ་མེད་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །
འཛམ་གླིང་གདུལ་བྱ་ཀུན་གྱི་མཆོད་པའི་རྟེན། །
ཁྱད་པར་གངས་ཅན་འགྲོ་བའི་དཔུང་གཉེན་ཆེ། །
མཆོད་རྟེན་ཆེན་པོར་བྱ་རུང་ཁ་ཤོར་ལ། །
སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ལོ། །
སྐལ་བཟང་རྣམ་འདྲེན་གསུམ་པ་འོད་སྲུངས་ཀྱི། །
རིང་བསྲེལ་མང་དུ་བཞུགས་པའི་སྙིང་པོ་ཅན། །
ཕྱོགས་བཅུའི་སངས་རྒྱས་ཀུན་གྱིས་བྱིན་རླབས་པ། །
མཆོད་རྟེན་ཆེན་པོར་གུས་པས་ཕྱག་འཚལ་ལོ། །
མཆོད་རྟེན་ཆེན་པོར་གསོལ་བ་བཏབ་པའི་མཐུས། །
བདག་དང་ཕ་མ་འགྲོ་དྲུག་མ་ལུས་པ། །
ལས་དང་ཉོན་མོངས་འཆིང་བ་ཀུན་གྲོལ་ནས། །
མྱུར་དུ་སངས་རྒྱས་གོ་འཕང་ཐོབ་གྱུར་ཅིག །
གནས་སྐབས་སུ་ཡང་ཚེ་རིང་ནད་མེད་ཅིང་། །
ཆོས་ལྡན་བསམས་པ་ཡིད་བཞིན་འགྲུབ་པ་དང་། །
ཡུལ་ཕྱོགས་འདིས་མཚོན་རྒྱལ་ཁམས་ཐམས་ཅད་དུ། །
ཐུབ་བསྟན་དར་ཞིང་རྒྱས་པའི་བཀྲ་ཤིས་ཤོག །
ཅེས་མཆོད་རྟེན་ཆེན་མོ་བྱ་རུང་ཁ་ཤོར་ལ་བསྟོད་ཅིང་སྨོན་ལམ་དུ་བྱ་བའི་ཚིགས་སུ་བཅད་པ་འདི་ནི། དགེ་སློང་༸ཡེ་ཤེས་རྒྱལ་མཚན་གྱིས་མཆོད་རྟེན་ཉིད་ཀྱི་སྐུ་མདུན་དུ་སྦྱར་བའོ།།
