བོད་ཀྱི་ལོ་རྒྱུས་སྟེང་བྱུང་བའི་བུད་མེད་གྲགས་ཅན་ ༥༧ གི་མིང་མཛོད།

བོད་ཀྱི་ལོ་རྒྱུས་སྟེང་བྱུང་བའི་བུད་མེད་གྲགས་ཅན་ ༥༧ གི་མིང་མཛོད།

མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། མཁར་ཆེན་བཟའ་མཚོ་རྒྱལ་ཡང་ཞུ་བ་དང་བོད་ལུགས་ནང་བསྟན་གསང་སྔགས་གི་སྐྱེས་བུ་དམ་པ་དང་གུ་རུའི་ཇོ་མོ། དེ་བཞིན་གུ་རུའི་དངོས་སློབ་དང་བུད་མེད་གྲུབ་ཐོབ་ཐོག་མ་དེ་ཡང་ཡིན།

རྗེ་བཙུན་མཁའ་སྤྱོད་དབང་མོ། རྗེ་ཙོང་ཁ་པ་དང་གུང་རུ་རྒྱལ་མཚན་བཟང་པོའི་སློབ་མ་ཡིན། རྗེ་ཡབ་སྲས་ལས་ཆོས་བཀའ་མང་དུ་གསན།

རྗེ་བཙུན་བསྟན་འཛིན་དཔལ་སྒྲོན། སྨིན་གླིང་གདུང་རྒྱུད་དུ་འཁྲུངས། ཆུང་ངུ་ནས་རབ་ཏུ་བྱུང་སྣང༌། སྒྲུབ་བརྒྱུད་ཤིང་རྟ་མཆེད་བརྒྱད་ཀྱི་བྱུང་བརྗོད་དུ་གསལ་བ་ལྟར་ན། སློབ་མ་མང་དུ་བསྐྱངས་པ་ཞིག་ཡིན་འདུག

རྗེ་བཙུན་འཕྲིན་ལས་ཆོས་སྒྲོན། སྨིན་གླིང་གདུང་རྒྱུད་དུ་འཁྲུངས། ཆུང་ངུ་ནས་རབ་ཏུ་བྱུང་སྣང༌། ཐོས་བསམ་སྒོམ་གསུམ་ལ་གནད་དུ་དྲིལ་བས་སྨིན་གླིང་རྗེ་བཙུན་མ་ཞེས་གྲགས་པ་བྱུང༌།

རྗེ་བཙུན་དབྱངས་ཅན་སྒྲོལ་མ། སྡེ་དགེ་ཆོས་རྒྱལ་བསྟན་པ་ཚེ་རིང་གི་སྲས་མོ་ཡིན། ཆུང་ངུ་ནས་རབ་ཏུ་བྱུང༌། གསར་རྙིང་རིས་མེད་ཀྱི་སློབ་དཔོན་མང་དུ་བསྟེན་ནས་མཁས་པར་སྦྱངས། ཐུབ་བསྟན་ནོར་གླིང་དགོན་གསར་འདེབས་དང་ལྕང་རའི་བུམ་སྒྲུབ་ཆེན་མོ་བཙུགས་པ་སོགས་བྱས་པ་ཆེ། སྡེ་དགེ་ཁྲི་ཆེན་ཀུན་དགའ་འཕྲིན་ལས་རྒྱ་མཚོ་གཤེགས་མཇུག་ནས་ས་དབང་བཟང་པོ་སྐུ་ན་མ་སོན་གྱི་བར་དུ་རྒྱལ་པོའི་སྲིད་བསྐྱངས།

རྗེ་བཙུན་མ་ཀུན་དགའ་འཕྲིན་ལས་དབང་མོ། གཙང་སྟོད་ངམ་རིང་དུ་འཁྲུངས། ཀུན་མཁྱེན་ཏཱ་ར་ན་ཐ་ལས་མདོ་སྔགས་ཀྱི་ཆོས་སྤྱི་དང༌། ཇོ་ནང་པའི་ཟབ་ཆོས་མང་དུ་གསན། ཆོས་ཀྱི་འཁོར་ལོ་བསྐོར་ནས་འགྲོ་དོན་མང་དུ་མཛད་གནང་བ་ཞིག་ཡིན།

རྗེ་བཙུན་མ་ཀུན་དགའ་བཟང་མོ། འཁྲུལ་ཞིག་ཌཱ་ཀི་རས་ཆེན་ལས་ཆོས་སྤྱི་དང་ཁྱད་པར་བཀའ་བརྒྱུད་ཀྱི་སྙན་བརྒྱུད་སྐོར་མ་ལུས་པར་གསན། སྙན་གྲགས་ཆེན་པོ་ཡིན་སྟབས། སྟག་ལུང་བ་ངག་དབང་གྲགས་པ་སོགས་ཀྱིས་ཀྱང་བླ་མར་བསྟེན་མྱོང་བ་ཞིག་ཡིན་སྐོར་ལྷོ་བྲག་ཆོས་འབྱུང་ལས་བཤད།

རྗེ་བཙུན་མ་རྡོ་རྗེ་དཀར་མོ། གཏེར་སྟོན་པདྨ་གླིང་པར་གྲུབ་རྟགས་མངོན་སུམ་སྟོན་པའི་སློབ་མ་དྲུག་ཡོད་པའི་ཡ་གྱལ་ཞིག་ཡིན།

ཉ་མ་དཔལ་མོ། མར་པ་ལོ་ཙཱ་བའི་སློབ་མ་ཞིག་ཡིན། མར་བའི་སློབ་མ་ལ་གྲུབ་པ་ཐོབ་པ་བཞི་འདྲེན་པའི་གྲས་འཕན་ཡུལ་གྱི་ཉ་མ་དཔལ་མོ་ཞེས་པ་དེ་ཡིན།

ཉང་པོ་རྗེ་བཙུན་མ། ཀོང་སྟོད་ཉང་པོར་འཁྲུངས། འབྲི་གུང་སྐྱབས་མགོན་དོན་གྲུབ་ཆོས་རྒྱལ་བླ་མར་བསྟེན་ནས་ཆོས་མང་དུ་ཞུས།  ཉང་པོ་སོགས་སུ་སྒྲུབ་པ་ལ་གཞོལ་བས་ཉང་པོ་གྲུབ་ཆེན་མ་ཞེས་གྲགས།

ཉང་བཟའ་མཆོག་གུས་མ། མྱང་སྟོད་སྟག་ཚལ་གྱི་ལྷ་ཁང་ཐོག་མར་བཞེངས་མཁན་ཡིན། འདི་ནས་སྨོན་འགྲོ་ལོ་ཙཱ་བ་སོགས་བྱོན།

ཉེ་བཙུན་མང་མ་རྗེ། ལྡེ་སྤྲིན་བཙུན་གྱི་བཙུན་མོ། རྒྱལ་ཏོ་རེ་ལོང་བཙན་གྱི་ཡུམ།

རྟ་ཤོད་བུ་མོ་པདྨ་འཚོ། ཀོང་པོ་སྟོད་ཀྱི་བྲག་དཀར་ལྷ་ཆུའི་ཉེ་འདབས་སུ་འཁྲུངས། འདི་ནི་མངོན་མཁྱེན་དང་རྫུ་འཕྲུལ་ལ་མངའ་བརྙེས་པ་ཞིག་ཡིན་པ་དང༌། ཀ་ཐོག་ལམ་ཡིག་ནང༌། རྟ་ཤོད་བུ་མོ་པདྨ་འཚོས་ཆབ་སེར་ལས་བཞེངས་པའི་མདོ་སྡུད་པ་དང༌། ཆབ་སེར་གྱིས་བྲིས་པའི་གུར་མགོན་བཀའ་གཉན། རྟ་ཤོད་བུ་མོ་པདྨ་འཚོའི་དབུ་ཐོད་མཁའ་འགྲོ་སྡེ་ལྔ་རང་བྱོན་ཞེས་སོགས་བཀོད་སྣང༌།

བསྟན་འཛིན་ཆོས་ཉིད་དབང་མོ། སྟག་ལུང་པའི་ཆོས་དྲུང་མ་ཡིན་སྐད། སྟག་ལུང་གི་ཆོས་སྒོར་ཞུགས་ནས་ཡོན་ཏན་གྱི་མངའ་བརྙེས་པར་གྲགས། སྟག་ལུང་རི་ཁྲོད་དུ་གཏན་བཞུགས་ཀྱིས་འགྲོ་དོན་མཛད་པས་སྟག་ལུང་མཁའ་འགྲོ་མ་ཞེས་གྲགས་པ་འབར།

སྟོད་མོ་རྡོ་རྗེ་མཚོ། ལ་སྟོད་དུ་འཁྲུངས། འབྲོག་མིའི་སློབ་མ་དོ་བ་སྟོན་ཆུང་གི་སློབ་མ་ཡིན། རྣལ་འབྱོར་མ་ཞིག་ཡིན།

ཐོབ་རྒྱལ་དཔོན་མོ། གཙང་ཐོབ་རྒྱལ་གྱི་བདག་མོ། ལུགས་གཉིས་ཀྱི་མཁྱེན་རྒྱ་ཡངས་པ་ཞིག་ཡིན་པར་བཤད།

དོལ་བ་སྒྲུབ་ཆེན་མ། མངའ་རིས་དོལ་དུ་འཁྲུངས། མཁས་གྲུབ་ཚད་ལྡན་ཞིག་ཡིན་འདུག འདི་ལས་སྐྱིད་གྲོང་བླ་མ་རྡོ་རྗེ་སེང་གེས་གཅོད་ཀྱི་སྐོར་དང་བསམ་གཏན་གླིང་བའི་ཆོས་སྐོར་སོགས་ཞུས་ཞེས་རྙིང་མའི་ཆོས་འབྱུང་ནང་བཀོད་འདུག

གདགས་ཀྱི་ལྷ་མོ། འདར་ཁྲི་བཟན་པོའི་བཙུན་མོ། ཁྲི་སྤེ་བཙན་པོའི་ཡུམ། འདི་ལ་སྨན་ཁྲི་ཕྱུག་མོ་ཞེས་བཀོད་པའང་ཡོད།

བདག་མེད་མ། ལྷོ་བྲག་ཏུ་འཁྲུངས། མར་པ་ལོ་ཙཱ་བའི་ཡུམ་ཡིན། ལྷོ་བྲག་ཆོས་འབྱུང་དང་མི་ལ་རས་པའི་རྣམ་ཐར། མར་པའི་རྣམ་ཐར་སོགས་ན་ངོ་མཚར་བའི་ལོ་རྒྱུས་མང་དུ་སྣང༌།

བདག་མོ་གཡུང་དྲུང་ལྷ་མོ། རྒྱལ་མོ་ཚ་བ་རོང་གི་ཁོངས་ཅོག་ཙེ་སྟག་མོ་རྫོང་གི་དཔོན་མོ་ཡིན། ཅོག་ཙེ་དགེ་དགོན་བསྟན་དར་གླིང་ཕྱག་འདེབས་གནང་མཁན་ཡིན།

བདེ་སྐྱོང་ཡེ་ཤེས་དབང་མོ། མདོ་ཁམས་སུ་འཁྲུངས། འཇམ་མགོན་མི་ཕམ་པའི་སློབ་མ་ཡིན། འདིས་བསྐུལ་ནས་མི་ཕམ་པས་འཇམ་དཔལ་རྫོགས་པ་ཆེན་མོའི་སྨོན་ལམ་བརྩམས།

མདའ་མི་སྨན་བཙུན། གཡུ་ཐོག་ཡོན་ཏན་མགོན་པོར་མཇལ་ནས་རྒྱུད་བཞིའི་སྐོར་ལ་འགལ་སྤོང་མཛད་ཚུལ་གྱི་ལོ་རྒྱུས་སྣང༌།

འདར་ཡེད་ཡེད། སོ་ཁྲི་བཙན་པོའི་བཙུན་མོ། འདར་ཁྲི་བཙན་པོའི་ཡུམ། སེ་བཟང་སྨན་མོ་ཞེས་བཀོད་པའང་འདུག

འདས་ལོག་ཆོས་རྒྱལ་དབང་མོ། འདས་ལོག་ཅིག་ཡིན། བྱ་བྲལ་ཀུན་དགའ་རང་གྲོལ་གྱི་གསུང་འབུམ་ནང་རྣམ་ཐར་རགས་ཙམ་ཡོད།

བརྡ་ལ་བཙན་མོ་གཤིན་རྗེའི་རྒྱལ་མོ། ཡར་འབྲོག་ཏུ་འཁྲུངས།  བརྟན་མ་བཅུ་གཉིས་ཀྱི་གྲས།

ན་རོ་བོན་ལྕམ། ཞང་ཞུང་དུ་འཁྲུངས། ན་རོ་བོན་ཆུང་གི་སྲིང་མོ་ཡིན། མཐུ་དང་རྫུ་འཕྲུལ་ཆེ། མཐར་མི་ལས་གསང་ཡུམ་དུ་བཀུགས་ནས་བཏུལ། འདིའི་ལོ་རྒྱུས་ནི་མི་ལའི་མགུར་རྣམ་ཁག་དང་འབྲུག་ཆོས་འབྱུང་སོགས་ན་ཅུང་གསལ།

སྣ་ནམ་བཟའ། འུ་དུམ་བཙན་གྱི་བཙུན་མོ་ཡིན། མཚན་གཞན་ལ་འཕན་བཟའ་འཕན་རྒྱལ་ཟེར། གཞན་གྱི་ཕྲུ་གུ་རང་གིར་བསྒྲགས་པ་ཡུམ་བརྟན་བདག་པོ་རྒྱག་མཁན་དེ་ཡིན། འདི་ནས་བོད་སིལ་བུར་ཐོར་བ་ཡིན།

སྣ་ནམ་བཟའ་མང་མོ་རྗེ་བཞི་སྟེང༌། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་ཡུམ་ཡིན།

སྣང་ས་འོད་འབུམ། ཉང་སྟོད་དུ་འཁྲུངས། འདས་ལོག་ཕེབས་པས་འདས་ལོག་མ་སྣང་ས་ཆོས་སྒྲོན་ཞེས་ཀྱང་ཞུ། ཕྱིས་སུ་བླ་མ་ཤཱཀྱ་རྒྱལ་མཚན་ལས་ཆོས་ཞུས་ཏེ་ཆོས་སྒོར་ཞུགས་ནས་ཉམས་ལེན་མཐོལ་ཕྱིན་གནང་བས་འཇའ་ལུས་སུ་གཤེགས། འདིའི་ལོ་རྒྱུས་ནི་སྐྱོ་ཉམས་དོད་པོ་ཡོད་པ་དེ་སྒྲུང་དུ་གྱུར་པ་དང་དེ་ནས་འཁྲབ་གཞུང་དུ་གྱུར། སྣང་ས་འོད་འབུམ་གྱི་རྣམ་ཐར་ཞེས་པ་མཇལ་དུ་ཡོད།

སྣེའུ་དཔོན་མོ་ཨ་འཛོམས། འབྲས་སྤུངས་བྱམས་པ་མཐོང་གྲོལ་ནི་འདིའི་དགོངས་རྫོགས་སུ་བཞེངས་པ་ཡིན་སྐད་ལ་བརྟགས་ན། དེ་ནི་མངའ་ཐང་ཆེ་བ་ཞིག་ཡིན་པ་གསལ།

གནམ་མུག་མུག ཉ་ཁྲིའི་བཙུན་མོ། མུ་ཁྲི་བཙན་པོའི་ཡུམ། ལོ་རྒྱུས་ཁག་ཏུ་མུ་ཚོ་བཟའ་ཞེས་ཀྱང་འབྱུང༌།

གནོའ་བཟའ་མང་མོ་རྗེ། ལྷ་ཐོ་ཐོ་རུ་གཉན་བཙན་གྱི་བཙུན་མོ། ཁྲི་གཉན་ཟུང་བཙན་གྱི་ཡུམ།

གནས་མོ་དགའ་ཡག་མོ། དྭགས་པོར་འཁྲུངས། ལོ་གཅིག་རིང་འབྲུག་པ་ཀུན་ལེགས་ཀྱི་ཆུང་མ་མཛད། ཆོས་མང་དུ་ཞུས། ཉམས་སུ་བླངས་པས་ཡོན་ཏན་མང་དུ་ཐོབ། གཞན་ཡང་འབྲུག་པ་ཀུན་ལེགས་དང་འབྲེལ་བའི་བུད་མེད་མང་དུ་བྱུང་སྣང་ཡང་ལོ་རྒྱུས་ཞིབ་པ་མ་ཐོབ་པ་ཕྱི་རབས་པ་དག་གིས་དཔྱད་པ་གལ་ཆེ།

པ་ཚབ་བཟའ། བོད་ཀྱི་རྒྱལ་རབས་རྙིང་གྲས་ཁག་གི་ནང་སྲིད་དོན་གྱི་ཕྱག་ལས་གནང་བ་ཡིན་སྟབས། རྗེ་མོའི་མཚན་གྱིས་འབོད་སྐོར་དང་བཅས་པའི་ལོ་རྒྱུས་བཀོད་འདུག

པདྨ་འཕྲིན་ལས་བདུད་འདུལ་དབང་མོ། ས་སྐྱའི་གདུང་རྒྱུད་དུ་འཁྲུངས། ཆུང་ངུ་ནས་རབ་ཏུ་བྱུང་སྣང༌། གསན་བསམ་མཐིལ་ཕྱིན་གནང༌། སློབ་ཚོགས་མང་དུ་བསྐྱངས། འཇམ་དབྱངས་བློ་གཏེར་དབང་པོ་དང་ངོར་མཁན་ཆེན་སོགས་ཀྱི་དབུ་བླར་བཞུགས་པ་ཞིག་ཡིན།

དཔལ་དར་འབུམ། མི་ལ་རས་པའི་སློབ་མ་ཞིག་ཡིན། མི་ལས་ཆོས་མང་དུ་གནང་བ་ཉམས་སུ་བསྟར་བས་རྣལ་འབྱོར་མར་གྱུར།

དཔོན་མོ་སྐལ་བཟང༌། སྣེའི་རྫོང་གི་དཔོན་མོ་ཡིན། ཕྱི་ལོ་ ༡༤༣༠ ལོར་གྲུབ་ཆེན་ཐང་སྟོང་རྒྱལ་པོས་ལྷ་སའི་གཙང་པོར་ལྕགས་ཟམ་བསྐྲུན་སྐབས་ཕྱི་ནང་མཐུན་རྐྱེན་གྱི་གཞོགས་འདེགས་ཞུ་མཁན་ཡིན།

རྡོ་རྡོ་བདེ་མའམ། མཚན་རྒྱས་པར་དཔལ་ལྡན་རྡོ་རྗེ་བདེ་མ་ཞེས་གྲགས། ཡུམ་དེ་ཉིད་ཐུ་མིའི་གདུང་རབས་བཅུ་གསུམ་པ་རྒྱལ་བ་ཤེས་རབ་ཀྱི་གསུང་ཡུམ་དུ་བཞེས་པ་དང་། ཐོན་མིའི་གདུང་རབས་བཅུ་བཞི་པ་ས་སྐྱ་པའི་གངས་ཅན་མཛེས་པའི་རྒྱན་དགུ་ཡི་ཡ་གྱལ་ཀུན་མཁྱེན་རྫོང་པ་ཆེན་པོ་ཀུན་དགའ་རྣམ་རྒྱལ་གྱི་ཡུམ་ཡིན་ཅིང་། བོད་དུ་ཆེས་གྲགས་ཆེ་བའི་གྲ་ནང་བྱམས་པ་གླིང་གི་མཆོད་རྟེན་ཆེན་པོ་དེའི་སྦྱིན་བདག་ཀྱང་མཛད་ཡོད། དེ་མིན་པཎ་ཆེན་བྱམས་པ་གླིང་པའི་སྦྱིན་བདག་གཙོ་བོ་ཞིག་ཡིན་པས་བྱམས་པ་གླིང་དང་། གྲ་ཐང་དགོན་པ་སོགས་ཀྱི་མཆོད་ཡོན་གཙོ་བོ་ཞིག་ཀྱང་ཡིན་ལ། གཞན་ཡང་ཡར་རྒྱབ་སྡེ་པའི་དཔོན་མོ་ཡིན། ཀརྨ་ཞྭ་དམར་པ་བཞི་པ་དང་ལོ་ཆེན་བསོད་ནམས་རྒྱ་མཚོ་གཉིས་དབུ་བླར་བསྟེན་ནས་བསྙེན་བཀུར་ཞུས། མཚུར་ཕུ་གནས་ནང་གི་བྱམས་སྐུ་སོགས་བསྟན་པ་དར་བར་མཛད་པའི་ལས་སྒོ་ཅི་མང་གནང༌།

དཔོན་མོ་རིན་ཆེན་དཔལ་འཛོམས། མདོ་སྨད་ཁོངས་ཅོ་ནེ་དཔོན་པོ་འཇམ་དབྱངས་ནོར་བུའི་བཙུན་མོ་ཡིན། དཔོན་པོ་གྲོངས་མཇུག་སྲིད་བསྐྱངས་པས་ཅོ་ནེ་དཔོན་མོ་ཞེས་གྲགས། ཅོ་ནེ་བསྟན་འགྱུར་ཞེས་སུ་གྲགས་ཆེ་བ་དེ་དཔར་བཞེངས་གནང་མཁན་ཡིན།

དཔོན་ས་དཔལ་བཟང་སྐྱིད་པ། གཙང་སྤེལ་རྐྱང་པའི་སྲས་མོ། མི་དབང་ཕོ་ལྷ་བ་བསོད་ནམས་སྟོབས་རྒྱལ་གྱི་ཆུང་མ་ཡིན།མི་དབང་རྟོགས་བརྗོད་དུ་གསལ་འཁོད་ལྟར་ན། དཔོན་མོ་འདི་ཉིད་ཀྱིས་མི་དབང་ཕོ་ལྷ་བར་ཆབ་སྲིད་སྐྱོང་བའི་གཞོགས་འདེགས་བླ་ན་མེད་པ་གནང་བ་ཞིག་ཡིན།

དཔོན་ས་བུ་ཁྲིད་དཔལ་འཛོམས། སྣེའུ་པའི་དཔོན་ས་མ་ཡིན། ཆོས་སྲིད་གཉིས་ཐད་ནས་དཔོན་གནས་བསྐྱངས་པ་ཞིག་ཡིན་འདུག སེར་བྱེས་གྲྭ་ཚང་གསར་དེབས་སྐབས་མཐུན་རྐྱེན་སྦྱོར་མཁན་གཙོ་བོའི་གྲས་ཡིན་པར་བཤད།

དཔོན་ས་ཚེ་དབང་ལྷ་མོ། སྒེ་རྗེ་དཔོན་གྱི་སྲས་མོ། ས་སྐྱ་བདག་ཆེན་གྱི་ལུང་གིས་བསྔགས་པ་ཞིག་སྡེ་དགེ་རྒྱལ་པོ་ས་དབང་བཟང་པོའི་དཔོན་མོར་ཕེབས། གསར་རྙིང་གི་བླ་མ་མང་དུ་བསྟེན་ནས་ཆོས་བཀའ་མང་དུ་གསན་བཞེས་དང༌། ཆབ་སྲིད་ཀྱི་མཁྱེན་རྒྱ་ཡངས་པ་ཞིག་ཡིན།

དཔོན་ས་ཚོགས་གཉིས་མ། བྱར་ཡུལ་བཀྲིས་མཐོང་སྨོན་རྩེའི་དཔོན་ས་ཡིན། ལྷོ་བྲག་ཆོས་འབྱུང་མཁས་པའི་དགའ་སྟོན་དཔར་དུ་འདེབས་པ་པོ་ཡིན།

སྤྱན་རས་གཟིགས། རྦ་གསལ་སྣང་གི་སྲས་མོ་ཡིན། ཕྱིས་ཆོས་སྒོར་ཞུགས་སྟབས་སྤྱན་རས་གཟིགས་ཞེས་བཏགས། བསྟན་པའི་བྱ་བ་མང་དུ་མཛད་མཐར་མཆིམས་ཕུར་སྒྲུབ་པ་ཁོ་ན་ལ་གཞོལ་ནས་གཤེགས།

ཕག་མོ་རྒྱ་ཡུལ་མ། བོད་རྒྱའི་ས་མཚམས་ཕག་མོ་སྡེ་ཞེས་པར་འཁྲུངས། མཁའ་འགྲོ་མ་ཞིག་ཡིན་འདུག མདོ་སྨད་ཆོས་འབྱུང་དུ་བུད་མེད་རྣལ་འབྱོར་མ་འདིའི་སྐོར་སྦུད་ཙམ་སྣང༌།

ཕོ་ཡོང་བཟའ་རྒྱལ་མོ་བཙུན། བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་བཙུན་མོ། བུ་ཚལ་གསེར་ཁང་གླིང་བཞེངས།

བེ་ཏ་མགོན་སྐྱིད། རྣལ་འབྱོར་དབང་ཕྱུག་ཆེན་པོ་མི་ལ་རས་པའི་སྲིང་མོ་ཡིན། ཆོས་ལ་ཞུགས་ཏེ་སྒྲུབ་པ་ལ་གཞོལ། མཐར་འཇའ་ལུས་བརྙེས་པར་བཤད།

བོན་མོ་སྟག་བེར་ལེ་ཝེར། བོན་གྱི་མཁས་པ་ཆེན་པོ་དྲན་པ་ནམ་མཁའི་ཇོ་མོ་ཡིན། འདིའི་ལོ་རྒྱུས་ཅུད་ཟད་ནི་ལེགས་བཤད་མཛོད་དུ་གསལ།

འབེ་བཟའ་འ་མོ་སྐྱིད། ཀོར་པོར་འཁྲུངས། ཞང་རྗེ་གསལ་སྣེ་བཙན་འདུལ་མཁན་དེ་ཡིན།

སྦ་བཟའ་དགེ་ལྡེམ་མ། མཆོད་རྒྱུན་ཉམས་གསོ་དང༌། བསམ་ཡས་ལ་བསྟན་པའི་ཞབས་འདེགས་མང་དུ་མཛད་ཚུལ་རྦ་བཞེད་དུ་བཀོད་སྣང༌།

འབྲི་གུང་ཨ་ཕྱི་ཆོས་སྒྲོན། འབྲི་གུང་གཞོ་སྟོད་དུ་ཕྱི་ལོ་ ༡༠༢༠ ཡས་མས་སུ་འཁྲུངས།འབྲི་གུང་སྐྱོབ་པ་འཇིག་རྟེན་མགོན་པོའི་མེས་མོ་ཡིན།

འབྲོ་བཟའ་ཁྲི་རྒྱལ་མོ་བཙུན། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་བཙུན་མོ། བསམ་ཡང་བཙུན་མོ་གླིང་གསུམ་གྱི་ཡ་གྱལ་དགེ་རྒྱས་བྱེ་མ་གླིང་བཞེངས། ཆབ་སྲིད་ལ་མཁས་པས་འབྲོ་བཟའི་ཁྲིམས་བུ་ཆུང་ཞེས་པའི་སྲོལ་བཏོད། བོད་ཀྱི་འདུལ་བའི་མཁན་པོ་ཐོག་མ་རྦ་རན་ན་ལས་རབ་ཏུ་བྱུང་བས་དེ་རྗེས་ནས་ལོ་རྒྱུས་མང་ཆེ་བའི་ནང་བྱང་ཆུབ་རྗེ་ཞེས་བཀོད་པ་མང༌། བོད་དུ་བུད་མེད་རབ་བྱུང་བའི་ཐོག་མ་ཡིན། བསམ་ཡས་དྲིལ་བུ་དང་ཁྲ་འབྲུག་དྲིལ་ཆེན་ཞེས་གྲགས་ཆེ་བ་དེ་གཉིས་བཞེངས་མཁན་ཡིན།

འབྲོ་བཟའ་ཁྲི་མ་ལོད། འདུས་སྲོང་མང་པོ་རྗེའི་ཡུམ། འདུས་སྲོང་མང་རྗེ་འཇང་ནས་གཤེགས་རྗེས་ནས་དབོན་སྲས་འདུས་སྲོང་གིས་རྒྱལ་སྲིད་ཐུབ་རག་བར་དུ་རྒྱལ་སྲིད་བསྐྱངས། འདས་སྲོང་གཤེགས་ནས་ཀྱང་ཆབ་སྲིད་བསྐྱངས་པ་བཅས་མཛད་རྗེས་ཆེ།

འབྲོ་བཟའ་ཏི་པང་མ། སློབ་དཔོན་གྱི་ཕྱག་རྒྱ་མ་གཙོ་གྲས་ཡིན། རྙིང་མ་ཆོས་འབྱུང་དུ་རྣལ་འབྱོར་མ་བཅུ་བདུན་གྱི་གྲས་སུ་བགྲངས་ཡོད་པ་དེ་ཡིན།

འབྲོ་བཟའ་དོང་ཕྱང་བཞེར། ཁྲི་གནའ་ཟུང་བཙན་གྱི་བཙུན་མོ། འབྲོ་གཉན་ལྡེའུའི་ཡུམ།

འབྲོ་བཟའ་ལྷ་རྒྱལ་མང་མོ་རྗེ། བཙན་པོ་ཨུ་དུམ་བཙན་གྱི་ཡུམ་ཡིན། རྡོ་རིང་གི་ཡིག་བཤུས་སོགས་ན་འབྲོ་བཟའ་ཁྲི་མ་ལོད་ཅེས་བྲིས་སྣང༌། བཙུན་མོ་འདི་ནི་རྒྱལ་པོའི་སྲིད་དོན་འདུ་ཚོགས་མང་པོར་ཞུགས་པ་ལོ་རྒྱུས་དག་ཏུ་གསལ།

འབྲོང་རྩེ་དཔོན་མོ། གཙང་འབྲོང་རྩེའི་དཔོན་མོ། འབྲོང་རྩེ་དགོན་སོགས་ལ་བཀུར་གཟོས་ཆེ་བ་ཡིན།

འབྲོའི་བུ་མོ་གམ་བཟང༌། ཕྱུགས་རིགས་ནད་གསོར་མཁས་པ་ཞིག་ཡིན།

མ་གཅིག་ལབ་སྒྲོན། རབ་བྱུང་གཉིས་པའི་ཆུ་ལུག་(༡༡༠༣)ལོར་སྐུ་འཁྲུངས། ཤིང་རྟ་ལོར་དགེ་བཤེས་ཨ་སྟོན་ལས་གསན་སྦྱོང་མཛད། དེ་རྗེས་ཕ་དམ་པ་སངས་རྒྱས་བསྟེན་ནས་ཞི་བྱེད་གཅོད་ཀྱི་གདམས་པའི་བདག་པོར་གྱུར། རབ་བྱུང་གསུམ་པའི་ཤིང་འབྲུག་(༡༡༨༤)ལོའི་ཟླ་གསུམ་པའི་ཚེས་བཅུར་གཡའ་རིའི་རྨོག་ལུང་དུ་གཏེར་སྦས། འདི་ཉིད་ཀྱིས་མཛད་པའི་གཅོད་གཞུང་ནི། 《གཅོད་གཞུང་བཀའ་རྩོམ་ཆེན་མོ》དང་《ཡང་རྩོམ་》《ཉིང་རྩོམ་》《ལེའུ་ལག་》《གནས་ཐེམ་》《ཁོང་རྒོལ་》《གསང་བ་བརྡ་ཆོས་》《ལ་བཟླས་སྐོར་གསུམ་》《གཞི་ལམ་སློང་བ་》《ཁྱད་པར་གྱི་མན་ངག་》དང་བཅས་བཅུ་ཡོད། མཐར་རབ་བྱུང་གསུམ་པའི་ལྕགས་བྱ་(༡༢༠༡) ལོར་འདས་པ་བཅས་སོ།།

བརྒྱུད་སྐུལ།

15 བསམ་ཚུལ། “བོད་ཀྱི་ལོ་རྒྱུས་སྟེང་བྱུང་བའི་བུད་མེད་གྲགས་ཅན་ ༥༧ གི་མིང་མཛོད།

  1. གཞུང་པ་ཚེ་དབང་བསོད་ནམས་ · བཟོ་བཅོས།

    འཁྲུངས་ལོ་དང་འདས་ལོ་འགྲོ་དོན་མཛད་འཕྲིན་སོགས་
    དམ་པ་ཁོང་རྨམས་ཀྱིས་མཛད་རྣམ་ཁུང་ལྡན་ཆ་ཚང་བ་ཞིག་བཀོད་ཐུབ་ན་དགེ་ཕན་ཆེ་བ་མཐོང་།

    ལན།
  2. འཇམ་དཔལ་དགའ་བ། · བཟོ་བཅོས།

    དཔོན་མོ་རྡོ་རྗེ་སྡེར་མོ།
    ཞེས་པ་འདི་ནི་སྡེར་མ་མིན་པར། རྡོ་རྡོ་བདེ་མའམ། མཚན་རྒྱས་པར་དཔལ་ལྡན་རྡོ་རྗེ་བདེ་མ་ཞེས་གྲགས། དཔོན་མོ་འདི་ནི་ས་སྐྱ་པའི་གངས་ཅན་མཛེས་པའི་རྒྱན་དགུ་ཡི་ཡ་གྱལ་ཀུན་མཁྱེན་རྫོང་པ་ཆེན་པོ་ཀུན་དགའ་རྣམ་རྒྱལ་གྱི་ཡུམ་ཡིན་པ་དང་། བོད་དུ་ཆེས་གྲགས་ཆེ་བའི་གྲ་ནང་བྱམས་པ་གླིང་གི་མཆོད་རྟེན་ཆེན་པོ་དེའི་སྦྱིན་བདག་ཀྱང་མཛད་ཡོད། དེ་མིན་པཎ་ཆེན་བྱམས་པ་གླིང་པའི་སྦྱིན་བདག་གཙོ་བོ་ཞིག་ཡིན་པས་བྱམས་པ་གླིང་དང་། གྲ་ཐང་དགོན་པ་སོགས་ཀྱི་མཆོད་ཡོན་གཙོ་བོ་ཞིག་ཀྱང་ཡིན།

    ལན།
  3. འཇམ་དཔལ་དགའ་བ། · བཟོ་བཅོས།

    དཔོན་མོ་རྡོ་རྗེ་སྡེར་མོ།
    ཞེས་པ་འདི་ནི་རྡོ་རྗེ་སྡེར་མ་མིན་པར། རྡོ་རྡོ་བདེ་མའམ། མཚན་རྒྱས་པར་དཔལ་ལྡན་རྡོ་རྗེ་བདེ་མ་ཞེས་གྲགས། ཡུམ་དེ་ཉིད་ཐུ་མིའི་གདུང་རབས་བཅུ་གསུམ་པ་རྒྱལ་བ་ཤེས་རབ་ཀྱི་གསུང་ཡུམ་དུ་བཞེས་པ་དང་། ཐོན་མིའི་གདུང་རབས་བཅུ་བཞི་པ་ས་སྐྱ་པའི་གངས་ཅན་མཛེས་པའི་རྒྱན་དགུ་ཡི་ཡ་གྱལ་ཀུན་མཁྱེན་རྫོང་པ་ཆེན་པོ་ཀུན་དགའ་རྣམ་རྒྱལ་གྱི་ཡུམ་ཡིན་པ་དང་། བོད་དུ་ཆེས་གྲགས་ཆེ་བའི་གྲ་ནང་བྱམས་པ་གླིང་གི་མཆོད་རྟེན་ཆེན་པོ་དེའི་སྦྱིན་བདག་ཀྱང་མཛད་ཡོད། དེ་མིན་པཎ་ཆེན་བྱམས་པ་གླིང་པའི་སྦྱིན་བདག་གཙོ་བོ་ཞིག་ཡིན་པས་བྱམས་པ་གླིང་དང་། གྲ་ཐང་དགོན་པ་སོགས་ཀྱི་མཆོད་ཡོན་གཙོ་བོ་ཞིག་ཀྱང་ཡིན།

    ལན།
  4. ས་སྐྱའི་འཁོན་གདུང་ལས་འཁྲུངས་པའི་རྗེ་བཙུན་མ་རྟ་མགྲིན་དབང་མོ་སོགས་དམ་པའི་ཆོས་ཀྱི་ཉམས་རྟོགས་ཐོན་པོར་ཡོད་པའི་རྗེ་བཙུན་མ་མང་པོ་བྱུང་ཡོད་པས་དེ་ཚོ་ཡང་ཁ་སྐོང་ཞུ་ཐུབ་ན་ཡག་མོ་འགི།

    ལན།

Leave a Reply to གཞུང་པ་ཚེ་དབང་བསོད་ནམས་ Cancel reply