དགེ་བཤེས་པོ་ཏོ་བ་རིན་ཆེན་གསལ་གྱི་རྣམ་ཐར་སྙིང་བསྡུས།

དགེ་བཤེས་པོ་ཏོ་བ་རིན་ཆེན་གསལ་གྱི་རྣམ་ཐར་སྙིང་བསྡུས།

དགེ་བཤེས་པོ་ཏོ་བ་རིན་ཆེན་གསལ་ཕྱོགས་ལས་རྣམ་རྒྱལ།

དགེ་བཤེས་པོ་ཏོ་བ་རིན་ཆེན་གསལ་ཕྱོགས་ལས་རྣམ་རྒྱལ་མཆོག་ནི། ཕྱི་ལོ་ ༡༠༢༧ ཡང་ན་ ༡༠༣༡ ལོར་སྐུ་འཁྲུངས། འཕན་ཡུལ་རྒྱལ་ལྷ་ཁང་དུ་བླ་མ་གླན་ཚུལ་བྱང་གི་དྲུང་ནས་རབ་ཏུ་བྱུང་ཞིང་། འཕན་ཡུལ་བྲག་རྒྱབ་དགོན་གྱི་གཉེར་པ་གནང་། དགུང་ལོ་ཉེར་བརྒྱད་ལ་ཕེབས་པ་ཕྱི་ལོ་ ༡༠༥༨ ལོར་རྭ་སྒྲེང་དགོན་དུ་ཕེབས་ནས་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་ (982-1054) ཐུགས་སྲས་འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ (1005-1064) ཀྱི་སློབ་མ་གཙོ་བོ་གསུམ་གྱི་ཡ་གྱལ་དུ་གྱུར། སློབ་མ་གཞན་གཉིས་ནི་ཕུ་ཆུང་བ་གཞོན་ནུ་རྒྱལ་མཚན་ (1031-1106) དང་། སྤྱན་སྔ་ཚུལ་ཁྲིམས་འབར་ (1038-1103) གཉིས་ཡིན།

ཕྱི་ལོ་ ༡༠༦༤ ལོར་འབྲོམ་སྟོན་པ་སྐུ་གཤེགས་རྗེས། པོ་ཏོ་བ་མཆོག་ལོ་ངོ་བཅོ་ལྔ་ཙམ་གྱི་རིང་ལ་བསྙེན་མཚམས་སུ་སྐུ་བཞུགས་གནང་། དགུང་ལོ་ལྔ་བཅུ་བཞེས་པ་ནས་འཆད་ཉན་གྱི་བྱ་བ་དབུ་བཙུགས་ཤིང་། འཕན་ཡུལ་གྱི་མཁན་གྲགས་དང་། སྒྲོ་ལག །མཐར་ཐོག་བཅས་སུ་བཞུགས་པ་མ་ཟད། ཕྱིས་སུ་སྟག་ལུང་ཐང་པ་བཀྲ་ཤིས་དཔལ་གྱིས་སྟག་ལུང་དགོན་པ་བཏབ་པའི་ས་ཆ་དེར་ཡང་བཞུགས་མྱོང་ཡོད། ཕྱིས་སུ་ཁོང་གིས་འཕན་ཡུལ་དུ་པོ་ཏོ་དགོན་པ་ཕྱག་བཏབ། དགོན་པ་བ་དབང་ཕྱུག་རྒྱལ་མཚན་ (1016-1082) གྱི་རྗེས་སུ་རྭ་སྒྲེང་དགོན་གྱི་གདན་ས་ཡང་བསྐྱངས།

པོ་ཏོ་བ་མཆོག་གིས་བཀའ་གདམས་གཞུང་དྲུག་སྟེ། སྐྱེས་རབས་དང་། ཚོམས། སྤྱོད་འཇུག །བསླབ་བཏུས། ས་སྡེ། རྒྱན་བཅས་དང་། ཇོ་བོ་རྗེའི་བྱང་ཆུབ་ལམ་སྒྲོན་བཅས་འཆད་ཉན་གནང་། དེབ་ཐེར་སྔོན་པོའི་ནང་གསལ་བ་ལྟར་ན། ཁམས་པ་ཞིག་གིས་ཕྲ་མ་བཅུག་པའི་རྐྱེན་གྱིས་པོ་ཏོ་བ་མཆོག་རྭ་སྒྲེང་གི་མཁན་པོའི་གོ་ས་ནས་དགོངས་པ་ཞུས། མཚན་མོ་ཞིག་ལ་ཁོང་གསང་སྟེ་ཕེབས་པའི་རྗེས་སུ་སློབ་མ་ཡེ་ཤེས་འབར་གྱིས་བསྙེགས་ནས། སློབ་དཔོན་གྱི་མཛད་སྤྱོད་འདི་འདྲ་ཅི་ལགས་ཞེས་དྲིས་པར། པོ་ཏོ་བས་སློབ་མས་བླ་མའི་མཛད་པ་ལ་དཔྱད་མི་རུང་ཞེས་གསུངས་ཏེ་མུ་མཐུད་ཕེབས་སོ་ཞེས་འཁོད་དོ།།

(འདི་ནི་ Treasury of Lives ཀྱི་གཙོ་འཛིན་ཨེ་ལེག་ཟེན་ཌར་གྷར་ཌི་ནར་ (Alexander Gardner) གྱིས་བྲིས་པའི་རྣམ་ཐར་གཞིར་བཟུང་བསྒྱུར་བ་ལགས་སོ།།)

བརྒྱུད་སྐུལ།

མཆན་སྤེལ།