དགེ་རྒྱས་རྫོང་གི་ཡུལ་སྡེ་དང་། རི། ལ། མཚོ། གཙང་པོ། དགོན་སྡེ་དང་། གྲགས་ཅན་མི་སྣ། གནའ་ཤུལ། དམངས་སྲོལ་སྐོར།

དགེ་རྒྱས་རྫོང་གི་ཡུལ་སྡེ་དང་། རི། ལ། མཚོ། གཙང་པོ། དགོན་སྡེ་དང་། གྲགས་ཅན་མི་སྣ། གནའ་ཤུལ། དམངས་སྲོལ་སྐོར།

 

ལེ་ཚན་གསུམ་པ། ཡུལ་སྡེ་དང་། རི། ལ། མཚོ། གཙང་པོ།

དང་པོ། ཡུལ་སྡེ་ཆེ་ཁག

དགེ་རྒྱས། བར་ཚོ། འབྲོང་པ། འབུར་ཀོང་ལུང་པ། ཀོང་ཆེན། བརྒྱ་ཆུ་རབ། སྐེད་དཀར། ལྷོ་མ། སྣ་ཕུག བྱང་སྟོད། བྱང་སྨད། བྱང་མ། སེ་ལེ་ཕུག གཟན་ཕུག སེང་སྟོད། སེང་སྨད། ཤར་མ། ཞ་དམར་སྟེང་། གྲོག་ཕུ་དཀར་པོ། ཡག་ར། གཤགས་མ་ཁ་སྦྱོར། ཤངས་རྡོ་རིང་། སྒོ་གཏན་མགོ། ཚྭ་མཚོ། ཡོན་ཏན་ལུ་མ། ན་མ་ལུང་། མཚོ་བཀྲ། འབྲོང་། མང་ལ། གཞི་རྩེ་མཁར། འབུར་གུང་། དཀར་དཀར། དཔེ་སྐྱ་སོགས་ཡོད།[1]

 

གཉིས་པ། རི་དང་། ལ། མཚོ། གཙང་པོ།

འབྲོང་རི། གཡང་ལུང་སེ་ལུང་རི་རྒྱུད། སྟེང་ལ་རི་རྒྱུད། ངང་ལུང་གངས་རི། ལ་མོ་ལ་ཟེར། མཚོ་བཀྲ། སྟོབས་ཆེན་ལ། ཟུར་ལྔའི་ལ། འབྲི་ལུང་ལ། སྟག་ར་ལ། ཚྭ་ལམ་ལ། སེང་གེ་གཙང་པོ། ཤངས་ཆུ། ཤ་ཤ་གཙང་པོ། ཕག་མོ་གཙང་པོ། ལ་དབར་གཙང་པོ། ངུར་པ་ཆུ། བསེ་ཁ་སྒྲིག་མཚོ། མཚོ་ནག  ཨར་ཀོག་མཚོ། ཤེ་སེར་མཚོ། ངང་ལ་རིང་མཚོ། སྤྲེ་རོ་རྩེ་མཚོ། ནའུ་མཚོ། ཉེར་མཚོ། དུག་མཚོ། བྲག་མཚམས་ཚྭ་ཁ། གྲོག་ཕུ་དཀར་པོ། རྫ་བཟང་། འབུར་ཀོང་ལུང་། ཤངས་ཆུ་ཚན་སོགས་ཡོད་འདུག

དེ་དག་ལས་ངང་ལུང་གངས་རི་ནི་རྫོང་ཆགས་ཡུལ་གྱི་ནུབ་བྱང་དུ་ཡོད་ཅིང་ལོ་ཧྲིལ་པོར་གངས་དང་འཁྱགས་རོམ་གྱིས་བཀླུབས་ལ། རྒྱ་མཚོའི་ངོས་ནས་མཐོ་ཚད་མི་ཊལ་ ༦༥༩༦ སར་རི་འདབས་སུ་རང་བྱུང་འབྲོག་ས་ཆགས་ཡོད། ཚྭ་ལམ་ལ་ནི་རྫོང་ཆགས་ཡུལ་གྱི་ལྷོ་ཤར་དུ་ཡོད་ཅིང་ལའི་ཞོགས་གཉིས་ལ་རང་བྱུང་གི་འབྲོག་གནས་ཡོད། མཚོ་ནག་ནི་རྫོང་ཆགས་ཡུལ་གྱི་ལྷོ་ཤར་དུ་རྒྱ་མཚོའི་ངོས་ནས་མཐོ་ཚད་མི་ཊལ་ ༥༡༤༥ སར་ཆགས་ཤིང་། མཚོ་དེའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ ༥༠ དང་མཐའ་འཁོར་དུ་རང་བྱུང་འབྲོག་ས་ཆགས་ཡོད། དེ་བཞིན་བསེ་ཁ་སྒྲིག་མཚེའུའི་ཡང་རྫོང་ཆགས་ཡུལ་གྱི་ལྷོ་ཤར་དུ་ཆགས་ཡོད། ཕག་མོ་གཙང་པོ་ནི་རྫོང་ཆགས་ཡུལ་གྱི་ལྷོ་ཤར་དུ་རྒྱུག་ཅིང་། གཙང་པོའི་སྟོད་རྒྱུད་ལྷོ་ནས་བྱང་དང་དེ་རྗེས་ནུབ་ཏུ་ཀྱོག་ཅིང་སྤེ་རོ་རྩེ་མཚོར་འདུ། གཙང་པོ་རྒྱུག་ཁུལ་དུ་རང་བྱུང་འབྲོག་ས་མཆིས། ཤངས་ཆུ་ནི་རྫོང་ཆགས་ཡུལ་གྱི་ལྷོ་ཤར་དུ་རྒྱུག་ཅིང་། ཆུ་རྒྱུན་བྱང་ནས་ལྷོར་བཞུད་མཐར་བསེ་ཁ་སྒྲིག་མཚོ་ལ་འདྲེས་ལ་རྒྱུག་ཁུལ་དུ་རང་བྱུང་འབྲོག་ས་ཡོད། བྲག་མཚམས་ཚྭ་ཁ་ནི་རྫོང་གི་བྱང་ཤར་དུ་གཞུང་ལམ་དང་ཐག་ཉེར་རྒྱ་མཚོའི་ངོས་ནས་མཐོ་ཚད་མི་ཊལ་ ༤༤༠༠ སར་ཆགས་ལ། དེའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ ༦༠ དང་མཚེའུ་ཡི་མཐའ་འཁོར་ལ་རང་བྱུང་འབྲོག་ས་ཡོད།[2] པ་བཅས་སོ།།

 

ལེ་ཚན་བཞི་པ། ཞིང་འབྲོག་ཐོན་ཁུངས།

དགེ་རྒྱས་རྫོང་ཁུལ་ནི་རྩ་བའི་ཆ་ནས་འབྲོག་ལས་རྐྱང་པའི་རྫོང་ཞིག་ཡིན་ལ། རྩྭ་རའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་ཁྲི་ ༤ ལྷག་དང་རྨོ་ཞིང་གི་རྒྱ་ཁྱོན་མུའུ་ ༣༠༠ ལྷག་ལྡན། འབྲོག་པའི་སྒོ་ཕྱུགས་གཙོ་བོ་རྟ་ནོར་ལུག་གསུམ་དང་། ཐོན་རྫས་གཙོ་བོ་མཐོ་སྒང་འབྲོག་ལས་ཀྱི་ཐོན་རྫས་ཤ་མར་ཕྱུར་གསུམ་དང་། ཀ་ར། འོ་མ། མར། ཐུད་སོགས་ཡིན་ལ། དམིགས་བསལ་ཉ་རིགས་སྣ་ཚོགས་ཤིག་ཐོན་གྱི་ཡོད།

 

ལེ་ཚན་ལྔ་པ། སྲོག་ཆགས་དང་། སྐྱེ་དངོས། གཏེར་ཁ།

སྲོག་ཆགས་རིགས་འབྲོང་དང་། གཉན། རྐྱང་། གཡི། ངང་པ། གཙོད། གནའ་བ། གུང་། དགོ་བ། ཝ། འཕྱི་བ། གོང་མོ། རི་བོང་། སྤྱང་ཀི། ཝ་མོ། སྦྲེ་སེ། གཡི། གསའ་རྒན། དྲེད་མོང་སོགས་དང་། བྱ་རིགས་ཁྲུང་ཁྲུང་སྐེ་ནག་དང་། ངང་པ། ངུར་པ། སྐྱ་ག ཨོག་པོ་ཁྲ་སྐྱིལ། སྤུག་སྤུག་ཤེ་ལེ། ཐིང་རིལ། ནེ་ལོ་སོགས་མང་དུ་མཐོང་རྒྱུ་ཡོད། སྨན་རྩྭའི་རིགས་ལ་ཏང་ཀུན་དང་། གངས་ལྷ་མེ་ཏོག བྱ་རྒོད་སྤོས། ཇོ་ཀོན་ཚི་དམར། སྤང་རྩེ་དོ་བ། ཨུཏྤལ་རལ་གྱི། པར་པ་ཏ། བ་ཤ་ཀ། སྲོལ་གོང་སེར་པོ། འདམ་བུ་ཀ་ར། སྔོ་སྤྲིན་སུམ་ཅུ། ཏིག་ཏ། ལྕགས་ཏི་ག ཁུར་མང་། སྲོ་ལོ་སྨུག་པོ། དཀར་པོ་དུམ་བུ་རིལ་རིལ། པུར་དཀར། རྒྱབ་ཤན། སྙ་ལོ། ལ་ཆུ། ས་འབྲས་སྨུག་མོ། ཀལ་གདང། སྐྱི་ཡོ། འབུར་ཙེ། ཁྱི་སུག  མཚེ་སྨུག་སོགས་སྐྱེ། གཏེར་ཁའི་རིགས་ནི་ཁབ་ལེན་རྡོ་དང་། ཤེལ་རྡོ། ལྕགས་རྡོ། མ་ནུ་ཧུ། ར་འདྲ་བ། མཚལ་དམར་བཅས་རྙེད་སོན་ཐུབ།[3]

 

ལེ་ཚན་དྲུག་པ། དགོན་སྡེ་དང་། གྲགས་ཅན་མི་སྣ། གནའ་ཤུལ།

དང་པོ། དགོན་སྡེ།

ཨང་། དགོན་པའི་མིང་། བཞེངས་དུས། བཞེངས་མཁན། ཆོས་བརྒྱུད།
མར་མིག་དགོན། དུས་རབས་ ༡༦། བླ་མ་ཨོ་རྒྱན་ཆོས་འཕེལ། རྙིང་མ།
བྲག་སྐྱ་དགོན།18 དུས་རབས་ ༡༤། ཀརྨ་ཐེག་མཆོག་རྡོ་རྗེ། བཀའ་བརྒྱུད།
ཤང་ཀླུ་ཁང་བདེ་ཆེན་ཆོས་འཁོར་གླིང་དགོན། ཕྱི་ལོ་ ༡༨༥༠། བླ་མ་བཅོ་ལྔ་ཚེ་དབང་། བཀའ་བརྒྱུད།
གཞུང་པའི་སྐྱ་བོ་ལྷ་ཁང་།   བླ་མ་ཀརྨ་སྟོབས་རྒྱལ། བཀའ་བརྒྱུད།
འབྲི་རུ་ཕུག་དགོན། དུས་རབས་ ༡༣། རྒྱལ་བ་རྒོད་ཚང་བ། བཀའ་བརྒྱུད།
བཀྲ་ཤིས་ཆོས་གླིང་དགོན། ཕྱི་ལོ་ ༡༨༩༤། གྲུབ་ཆེན་ཀུན་དགའ་བཀྲ་ཤིས། བཀའ་བརྒྱུད།

གཉིས་པ། གནའ་ཤུལ།

མཁར། བང་སོ། དུར། གནས། ས་གནས། མཆན།
དུར། ཤ་རོ་མོན་དུར། སྤང་དམར་གཞུང་གི་ལ་འགོ། འདི་ནི་སེང་གེ་གཙང་པོ་དང་ཁྲི་ཤོ་གཙང་པོ་གཉིས་ཀྱི་འགྲམ་དུ་གནས་བཅའ་བའི་མོན་རིགས་དང་འབྲེལ་བ་ཆེ་ལ། ནང་ཆོས་མ་དར་གོང་གི་དུར་ཁང་ཞིག་ཡིན།
རྡོ་རིང། ན་མ་ལུང་རྡོ་རིང། ཚ་བ་ཀ་གྲོང་། ཁུལ་དེར་ཉུང་མཐར་རྡོ་བྱང་ལྔ་ཙམ་བཙུགས་ཡོད།
རྡོ་རིང། རྡོ་རིང་དཀར་མོ། གཞུང་པ་གྲོང་། ཁུལ་དེར་མི་ཊལ་དགུ་ཙམ་ཡོད་པའི་རྡོ་རིང་ཆེ་ཆུང་དགུ་སྟར་ཆགས་སུ་ཡོད།
རྡོ་རིང། མེ་འབར་རྡོ་རིང་། གཞུང་པ་གྲོང་། ཤོད་རྒྱུན་དུ་རྡོ་རིང་དེར་སྲིད་པ་ཆགས་པའི་རྡོ་རིང་ཞེས་གྲགས།
རྡོ་རིང། སྨོན་ལམ་རྡོ་རིང་། གཞུང་པ་གྲོང་། རྡོ་རིང་དེ་ནི་ཤངས་ཀླུ་ཁང་དགོན་གྱི་ཁ་སྤྲོད་དུ་ཡོད།
རྡོ་རིང། ཞིང་ལུང་རྡོ་རིང་། གཞུང་པ་གྲོང་། ཁུལ་དེར་རྡོ་རིང་གཉིས་དང་རྡོ་སྤུངས་ལྔ་ཙམ་ཡོད།
རྡོ་རིང། ཁམས་ཆེན་རྡོ་རིང་། འབར་གུང་གྲོང་རྙིང་། ཁུལ་དེར་རྡོ་རིང་གཅིག་དང་ཆག་གྲུམ་དུ་གྱུར་པའི་རྡོ་བྱང་ཁ་ཤས་ཡོད།
མཁར། སྤང་དམར་གཞུང་ཁང་གོག སྨང་དམར་གཞུང་གི་མཐའ། མཁར་ཤུལ་དེ་དག་རི་རྩེར་ཆགས་པའི་བཙན་རྫོང་དང་མི་འདྲ་བར་རྡོ་ཐལ་ལས་བཞེངས་པའི་ཁང་རིགས་ཤིག་ཡིན། ཁུལ་དེའི་ཤོད་རྒྱུན་དུ་མོན་དང་འབྲེལ་བའི་གནས་སུ་འཛིན། ས་དེར་ཤོ་གཟུགས་དང་ལྡན་པའི་གནས་ཁང་དྲུག་ཙམ་ཡོད།
མཁར། འབོང་པ་དཔོན་གྱི་མཁར། འབོང་པ།  

ལེ་ཚན་བདུན་པ། དམངས་སྲོལ།

དང་པོ། དགེ་རྒྱས་ཚོ་པའི་དུས་སྟོན།

དགེ་རྒྱས་ཚོ་པའི་ལོ་འཁོར་གཅིག་གི་དུས་སྟོན་ཆེ་ཤོས་ནི། སྟོན་ཁའི་དུས་སུ་ལུ་མ་དབུ་མྱང་(དེང་སང་ཚྭ་ཁ་ཡོད་ས་དེ་ཡིན་)ཞེས་པར་སྡེབས་བསང་གཏོང་སྲོལ་ཡོད་པའི་དུས་སྟོན་དེ་ཡིན་ཅིང་། དེའི་སྐབས་སུ་དགེ་རྒྱས་ཡུལ་གྱི་ཡུལ་ལྷ་གཙོ་བོ་ནི་ལྷོ་མའི་རི་རྒན་ནམ་ཅོད་པན་གཡག་དཀར་རྩེ་དགུ་ཞེས་པའི་གནས་རི་གསོལ་བ་དང་།[4] ཁྲལ་རིགས་བསྡུ་བ་དང་།[5] ནག་ཉོག[6] རྩིས་བཤེར་བྱེད་པ་དང་། འབྲོག་སྡེ་ནང་ཁུལ་རྟ་རྒྱུག་དང་། མི་རྒྱུག  གཡག་རྒྱུག་སོགས་རྩལ་ལག་འགྲན་སྡུར་གྱི་བྱེད་སྒོ་རིགས་འདྲ་མིན་སྣ་ཚོགས་ཤིག་སྤེལ་སྲོལ་ཡོད་པར་མ་ཟད། དགེ་རྒྱས་མངའ་འོག་གྱི་འབྲོག་སྡེ་ཚོ་པ་ཡོངས་རྫོགས་འདུ་འཛོམས་ཀྱིས་གནའ་བོའི་གཞས་དང་ཞབས་བྲོ་སོགས་ཀྱང་འགྲན་སྡུར་གྱིས་ཉིན་གསུམ་ཙམ་དུས་སྟོན་ལ་རོལ་སྲོལ་མཆིས། གཞན་ཡང་། བོད་ཟླ་ ༨ ཚེས་ ༡༥ ཉིན་འབྲོག་སར་རྩྭ་ཆུ་བཟང་ཞིང་ནོར་ལུག་ཤ་ཤེད་རྒྱས་ལ། དཀར་ཆུ་ལེགས་པའི་ཆེད་རི་སྐོར་དགོན་སྐོར་དུ་སྐྱོད་སྲོལ་ཡོད་ཅིང་། ཉིན་དེར་ཆོས་ཕྱོགས་ཀྱི་བྱེད་སྒོ་གྲུབ་མཚམས་རྟ་རྒྱུག་འགྲན་སྡུར་འཁྲུག་ཆ་དོད་པོར་བྱེད་ལ། དགོང་དྲོ་བྲོ་གཞས་འཁྲབ་ནས་མཚན་གང་སྤྲོ་སྐྱིད་སྟོན་མོར་ཅི་དགར་རོལ་གྱི་ཡོད།[7]

 

གཉིས་པ། འབྲོང་པ་དཔོན་གྱི་དམངས་སྲོལ།

བོད་ཟླ་བཞི་པའི་ནང་ལ་འབོང་པའི་ཡུལ་ལྷ་གསོལ་མཆོད་གྲ་རྒྱས་པོ་ཞིག་བྱེད་སྲོལ་ཡོད་ཅིང་། དེ་ཡང་། འབོང་པ་སེང་སྟོད་དམ་པ་དཔོན་གྱིས་གནས་རི་གྲགས་ཅན་ཨ་མ་རྒྱ་འཇམ་གསོལ་བ་དང་། འབོང་པ་སེང་སྨད་ཀྱི་ལྷ་རི་རྣམ་གསུམ་སྟེ། ནོར་བུ་རྩེ་བརྒྱད། གཟན་པོ་(ཁམས་ཀྱི་ལྷ་ཡིན་)གནས་ཕུག་གམ་སྣ་ཕུག་བཅས་མཆོད་པར་མ་ཟད། ཀོང་ཆེན་གྱིས་དྲིལ་བུ་ཞེས་པའི་ཡུལ་ལྷའང་གསོལ་མཆོད་བྱེད། རྒྱུན་ལྡན་གནས་རི་དེ་དག་གི་ཁྲོད་རི་དྭགས་བརྒྱབ་མི་ཆོག་པའི་ཁྲིམས་སྒྲིག་བཅས་ཡོད།[8] དེ་མིན་ལོ་ལྟར་བོད་ཟླ་ལྔ་པའི་འབྲོང་པ་ཚོ་དགུའི་ཁྲལ་བསྡུའི་རྩིས་རྒྱག་ཆེན་མོ་འབྲོང་པ་ད་རོག་འཛགས་རྩེ་ཞེས་པའི་ས་ཆར་འདུ་འཛོམས་ཀྱིས། ལྷ་གསོལ་དང་རྟ་རྒྱུག་སོགས་ཤིན་ཏུ་འདུ་འཛོམས་རྒྱ་ཆེར་བྱེད་སྲོལ་མཆིས། དེ་བཞིན་བོད་ཟླ་དགུ་པའི་ནང་ཀྲུ་ཀྲུ་རྫོང་དུ་མར་ཁྲལ་བསྡུ་ལེན་སྐབས་སུའང་ཚོ་པའི་བར་རྟ་རྒྱུག་འགྲན་སྡུར་གྱི་དུས་སྟོན་ལྟ་བུར་སྲུང་བརྩི་བྱེད་སྲོལ་མཆིས་པ་བཅས་སོ།།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

 

[1].  (1)武振华. 西藏地名. 中国藏学出版社 1995年.

(2) བོད་ཀྱི་ས་མིང་དཔྱད་གཞིའི་ཡིག་རིགས་བསྡུས་བསྒྲིགས། བོད་རང་སྐྱོང་ལྗོངས་གསར་བརྗེ་ཨུ་ཡོན་ལྷན་ཁང་གི་ཐིག་རིས་ཅུས། ཕྱི་ལོ་ ༡༩༧༩། ཤོག ༢༧༡།

[2]. 武振华. 西藏地名. 中国藏学出版社 1995年.

[3].  གུ་གེ་ཚེ་རིང་རྒྱལ་པོ། མངའ་རིས་ཆོས་འབྱུང་གངས་ལྗོངས་མཛེས་རྒྱན། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༠༦། ཤོག ༣༥༧།

[4].  དགེ་རྒྱས་ཡུལ་གྱི་ཡུལ་ལྷས་ཅོན་པན་བཞེས་ཤིང་། ཁ་རྒྱུན་དུ་ཅོན་པན་གཡའ་དཀར་རྩེ་རྒུ་ཟེར། དགེ་རྒྱས་ཡུལ་གྱི་རྒྱབ་ཕྱོགས་སུ་ཡོད་པའི་རི་གཙོ་ཆེ་ཤོས་དེའོ།། གནས་རི་དེར་སྨན་རྩྭ་ཕུན་སུམ་ཚོགས་ཤིང་། རི་དྭགས་སྣ་ཚོགས་རྒྱུ་ཞིང་གནས་སྡོད་བྱེད། དེ་ཉིན་གངས་རིན་པོ་ཆེའི་བྱང་སྒོ་ཕྱི་མ་དེའང་ཡིན་པར་གྲགས། གནས་རི་དེའི་རི་རྒྱུད་ཀྱི་གྲས་སུ་གནམ་ར་ལ་དང་མན་གྱམ། དཀར་སྨུག་བཅས་ཡོད། སྡེབ་བསང་སྐབས་གནས་རི་གསོལ་བའི་ཚེ་ཐོག་མ་དགོན་པས་བསང་གསོལ་གཏོང་བ་དང་། དེ་ནས་ཡུལ་གྱི་སྐྱེས་པ་ཚང་མས་གཟབ་མཆོར་སྤྲས་ཤིང་བོད་མདའ་རུ་རིང་དར་ལྕོག་བརྒྱན་པ་འཁྱེར་བར་མ་ཟད། རྟ་ཆས་ལེགས་པར་བསྒྲོན་པའི་རྟ་བོར་བཅིབས་ཏེ་རྔམ་རྔམ་བརྗིད་བརྗིད་ཀྱིས་གནས་རིར་སྐོར་བ་རྒྱག་གི་ཡོད་དོ།།

[5].  དགེ་རྒྱས་ཚོ་པ་ནི་ཁམས་སྡེ་ཡིན་གཤིས་ལོ་མང་རྒྱུན་རིང་ནང་སུ་ལའང་ཁྲལ་རྒྱག་མི་དགོས་ཀྱང་ཕྱིས་སུ་སྟོད་མངའ་རིས་སྒར་དཔོན་ལ་ཁྲལ་ཅུང་རྒྱག་དགོས་པ་ནི་དཀར་ལུག་དྲུག་ཅུ་ཞེས་པ་དེའོ།། དགེ་རྒྱས་བྱང་སྨད་ལ་ཁྲོག་པ་ཆེན་པོ་ཞིག་ཡོད་པས་ཁོ་ཚོས་གསེར་ཁྲལ་ཐད་ཀར་སྡེ་པ་གཞུང་ལ་རྒྱག་དགོས། ཚོ་པའི་མི་སེར་གྱིས་སྤྱི་ཁྱབ་ལ་ལེབ་རྩིས་རྒྱག་དགོས་ཏེ་ལུག་ལྔ་དང་ར་དྲུག་གཡག་རེ་ལ་ལེབ་རི་རྩི་ཡི་ཡོད་པ་བཅས་སོ།།

[6].  ལོ་གཅིག་ནང་རྟ་གཡག་གཏོང་བ་དང་། དོ་པོ་སྐྱེལ་བ།མི་ཧྲེང་སེ་ཁྲིད་གཏོང་བ། བོད་ཇ་སྤུས་སྒྱུར་གཏོང་བ། དཔོན་དང་བཀའ་བློན་འགོ་པ་སོགས་ལ་རྐང་འགྲོ་ལག་འདོན་གྱི་ཁྲལ་རིགས་རྒྱུག་པ་བཅས་ཀྱི་གཏོང་སྒོ་དང་ཡོང་འབབ་སྟེ། མདོར་ན་ཡར་ག་ཚོད་འབུལ་དགོས་མིན་དང་མར་ཡོང་འབབ་ག་ཚོད་ལེན་རྒྱུ་ཡོད་མིན་གྱིས་རྩིས་རྒྱག་བྱེད་པ་དེར་ཟེར། དེ་ཡང་ཁ་སྐད་ལ་ནག་ཉོག་བརྗོད་ཀྱང་དོན་དུ་ནང་སྙོམས་ཏེ་གཏོང་སྒོ་དང་ཡོང་འབབ་རྩིས་བརྒྱབ་ནས་སྙོམས་པའི་དོན་ཡིན།

[7].  དགེ་ལེགས། འབྲི་གཡག་གི་རིག་གནས། ཀྲུང་གོའི་བོད་ལྗོངས། ཕྱི་ལོ་ ༢༠༠༤། ༦ ཤོག ༢༩།

[8].  གུ་གེ་ཚེ་རིང་རྒྱལ་པོ། མངའ་རིས་ཆོས་འབྱུང་ཐུབ་བསྟན་མཛེས་རྒྱན། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༠༦། ཤོག ༣༦

 

དབུས་གཙང་ལོ་རྒྱུས་ཆེན་མོ་ལས་བཏུས་པའོ།།

བརྒྱུད་སྐུལ།

མཆན་སྤེལ།